Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

5 occurrences of འབེན་
[Clear Hits]


  
  
 
  
ཐེག་པའི་ལམ་གྱི་འཇུག་སྒོ་་་་་
  
  
  
  
  
  
  
  
  
  
  
  
  


5 occurrences of འབེན་
[Clear Hits]

 
previousཐེག་པའི་ལམ་གྱི་འཇུག་སྒོ་་་་་next

ཐེག་པའི་ལམ་གྱི་འཇུག་སྒོ་་་་་

༄༅། །ཤོག་གྲངས་གཅིག་མེད། ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་དབང་བསྐུར་བའི་རིམ་པ་གསན་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་གསན་པ་ནི་གལ་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། །སེམས་ཅན་ཁམས་ནི་ཚད་མེད་ལ། ཕན་འདོད་དེ་ནི་དེ་དང་འདྲ། །ཞེས་གསུངས་པའི་ཕྱིར་སེམས་ཅན་གྱི་ཁམས་ཚད་མེད་པ་བཞིན་དུ་དེ་ལ་ཕན་འདོད་ཀྱི་ལྷག་བསམ་ལན་གཅིག་ཙམ་སྐྱེས་པའང་ཚད་མེད་དེ། །བཟང་པོ་སྤྱོད་པས་སྨོན་ལམ་ལས། །ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཅི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་པ་བཞིན། །སེམས་ཅན་ཐམས་ཅད་ཐུགས་ལ་བཅགས་ཏེ་གསན་པར་མཛོད། །དེ་ཡང་ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་ཡང་། སྐྱེས་རབས་ལས། རབ་ཏུ་དམའ་བའི་གདན་ལ་འདུག །དུལ་བའི་དཔལ་ནི་རབ་བསྐྱེད་དེ། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་བསྒྲིམས་ཏེ་ཆོས་ཉོན་ཅིག །ཅེས་དང་ཨོ་རྒྱན་ཆེན་པོས། །རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངེས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། དུས་གསུམ་རྒྱལ་བ་རྣམས་ཀྱིས་བྱིན་མི་རློབ། །ཞེས་གསུངས་པའི་ཕྱིར། །སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །མི་འཛིན་པ་ལྔ་དང་བཅས་པ་རྣམས་སྤང་དགོས་པར་གསུངས་པ་ལས། །རྣ་བ་མི་གཏོད་ཁ་སྦུབས་ལྟ་བུའི་སྐྱོན། །ཡིད་ལ་མི་བཞག་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །ཞེས་སྐྱོན་གསུམ་དང་། གཉིས་པ་ནི། །སློབ་དཔོན་དབྱིག་གཉེན་གྱིས། །ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་དྲི་མ་དྲུག་དང་། གསུམ་པ་ནི། ཚིག་འཛིན་ལ་དོན་མི་འཛིན་པ་དང་། །དོན་འཛིན་ལ་ཚིག་མི་འཛིན་པ་དང་། །མ་ཚང་བར་འཛིན་པ་དང་། །བརྡ་མ་འཕྲོད་པར་འཛིན་པ་དང་། །ལོག་པར་འཛིན་པ་སྟེ་མི་འཛིན་པ་ལྔའོ། །དེ་ལྟ་བུའི་སྐྱོན་རྣམས་སྤངས་ཏེ། །ཅི་ལྟར་ཉན་པའི་ཚུལ་ནི། །མདོ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཆོས་ཉན་པའི་དུས་སུ་བདག་ཉིད་ལ་ནད་པའི་འདུ་ཤེས། །ཆོས་ལ་སྨན་གྱི་འདུ་ཤེས། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་དེ་ཉན་པར་བྱའོ། །ཞེས་གསུངས་པ་དང་། དེའི་སྟེང་དུ་ཕ་རོལ་ཕྱིན་པ་དྲུག་ཚང་དགོས་པར་གདམས་པ་ཡང་ཆོས་སྤྱོད་ཐམས་ཅད་ཀྱི་མངོན་པར་རྟོགས་པའི་རྒྱུད་ལས། །མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་ངག་ཉན། །རྟོག་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །སྒྲོན་མ་ཡན་ལག་དྲུག་དང་ལྡན། །ཞེས་སོ། །སྤྱིར་དམ་པའི་ཆོས་ཀྱི་ཚིག་གཅིག་ཙམ་དུད་འགྲོའི་རྣ་ལམ་དུ་ཐོས་ནའང་ངན་སོང་ལས་གྲོལ་བའི་ནུས་པ་ཅན་ཡིན་པ་མདོ་རྒྱུད་རྒྱ་མཚོ་ན་གསལ་ཞིང་ཁྱད་པར་རྒྱལ་བའི་དབང་པོ་ཀློང་ཆེན་ཞབས་ཀྱིས། །ཆོས་རྔ་སྒྲོག་པའི་སྒྲ་ཐོས་སེམས་ཅན་རྣམས། །ངན་སོང་རྣམ་གྲོལ་ཉན་རྣམས་སྨོས་ཅི་དགོས། །ཞེས་གསུངས་པའི་ཕྱིར། རང་ཅག་རྣམས་ཆོས་ཕྱིར་འཇུག་པ་ལ་ཕྱོགས་ཐམས་ཅད་ནས་ཕུན་སུམ་ཚོགས་པ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་བསྒྲུབ་པའི་སྐལ་བ་ཅན་འདི་ལྟ་བུ་ཐོབ་ཚེ། གཏན་གྱི་འདུན་མ་བསྒྲུབ་པའི་རྟེན་འབྲེལ་དུས་ལ་བབ་པ་ཡིན་ཏེ། སློབ་དཔོན་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་འགྲུབ་ཐོབ་པར་འགྱུར་བ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། ཕྱིས་ནས་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་པའི་ཕྱིར། ད་ལྟ་དལ་འབྱོར་གྱི་ལུས་རྟེན་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པ་འདི་ཉིད་རྙེད་ཚེ་དམ་པའི་ཆོས་ཀྱི་བདུད་རྩི་ཟབ་མོ་ལེགས་པར་བཏུང་སྟེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་ཐབས་དང་བརྩོན་པ་ལྷུར་ལེན་དགོས། དེ་ལེན་པ་ལ་དུས་གསུམ་གྱི་སངས་རྒྱས་རྣམས་ཐབས་མཁས་ཤིང་ཐུགས་རྗེ་ཆེ་བས་གདུལ་བྱའི་སེམས་ཅན་རྣམས་ཀྱི་འདུ་ཤེས་མ་ཟད་བར་དུ་འདུལ་བྱེད་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱང་དེ་སྙེད་ཅིག་བྱུང་བ་ཡིན་ནའང་མདོར་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ཡིན་མོད་དེ་ཡང་ནང་གསེས་ཀྱི་དབང་དུ་ན། ལང་ཀར་གཤེགས་པ་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང་། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་མཐའ་དག་ངས་བཤད་དོ། །ཞེས་སོ། །དེ་ཡང་མངོན་མཐོའི་ཐེག་པ་གཉིས་དང་། །ངེས་ལེགས་ཀྱི་ཐེག་པ་གསུམ་དུ་གྲགས་ནའང་བགྲོད་བྱའི་དབང་གི་རྣམ་པར་གྲོལ་བའི་ཐེག་པ་ལ་རྡོ་རྗེ་ཐེག་པ་སྔ་འགྱུར་གྱི་དབང་དུ་ན། ཀུན་བྱེད་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་སྔགས་ཀྱི་ཐེག་པའོ། །ཞེས་གསུངས་པའི་ཕྱིར། བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་དང་། །བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང་། །ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་དང་གསུམ་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། །རྒྱུད་སྡེ་བཞིའམ་དྲུག་གི་ངེས་འབྱེད་ལ་གསང་སྔགས་རྡོ་རྗེ་ཐེག་པ་ཞེས་སུ་གྲགས་པ་ཡིན་ལ། །དེ་གཉིས་ལས་རྡོ་རྗེ་ཐེག་པ་ཁྱད་པར་དུ་མའི་སྒོ་ནས་འཕགས་པ་ཡིན་ཏེ། །ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ཏེ། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། ཞེས་དང་། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས་ཀྱང་། །འཇམ་དཔལ་གྱིས་སྟོན་པ་ལ་གསོལ་པ། །འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་པའི་ལན་དུ་སྟོན་པས། རྒྱུ་ལ་མོས་པ་རྒྱུའི་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ཏེ། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་སྟོན་པར་འགྱུར། །ཞེས་གསུངས་པའི་ཕྱིར་སྔགས་ནི་འབྲས་བུ་ལམ་དུ་བྱེད་པ་སངས་རྒྱས་རང་ལ་ཡོད་པ་ངེས་དོན་མཐར་ཐུག་གི་ཐེག་པ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་གསང་སྔགས་རྡོ་རྗེ་ཐེག་པ་ལའང་རྙིང་མ་པ་དང་། གསར་མ་པ་གཉིས་སུ་ཡོད་པ་ལས། རྙིང་མ་ནི་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་གཙོ་བོར་གྱུར་པའི་ཀ་ཅོག་རྨ་གཉགས་སོགས་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱིས་མཁན་སློབ་ཆོས་གསུམ་གྱི་ཐུགས་རྗེས་བོད་ཁམས་སྐྱོང་བའི་སྐབས་སུ་བསྒྱུར་བའི་ཆོས་རྣམས་ཀྱི་བསྐྱེད་རིམ་དང་ཆོ་ག་བཟླས་བརྗོད་རྣམ་བཞི་ཕྲིན་ལས་ཀྱི་ཆར་གཏོགས་པའི་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པའི་བྱེ་བྲག་དཔག་ཏུ་མེད་པ་ཞིག་བྱུང་བ་ལ། རིམ་པ་དང་པོ་དང་། མཆོག་དབང་གོང་མ་གསུམ་གྱི་གདམས་པ་ཉམས་ལེན་གྱི་སྐོར་དཔག་ཏུ་མེད་པ་ཇི་སྙེད་ཅིག་བྱུང་བ་རྣམས་ལ་རིམ་པ་གཉིས་པ་དང་། །དེའི་གཉིས་ཀའི་དོན་ཆོས་ཉིད་ཇི་ལྟ་བའི་ཡེ་ཤེས་གཏན་ལ་འབེབས་པའི་ཐབས་ལ་རྫོགས་པ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་ཡིན་ལ། ད་ལམ་དེ་གསུམ་ཀའི་ཆར་གཏོགས་པའི་པདྨ་དབང་ཆེན་ཁམས་གསུམ་ཟིལ་གནོན་གྱི་དབང་སྐུར་བའི་སྐབས་སུ་བབ་པ་ལ། །འདི་ཉིད་ཁོ་ནའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན་ཆོས་རྗེ་མཁྱེན་བརྩེས། །སྔགས་ནི་ལས་ཅན་སྤྲུལ་པའི་ངོར། །རང་བཞིན་ཉིད་དུ་འབྱུང་བའི་ཕྱིར། །ཞེས་གསུངས་པ་དང་ཚུལ་མཐུན་པར། །རྒྱལ་བའི་དབང་པོ་ཀློང་ཆེན་པས། །སྤྲུལ་སྐུ་དེ་ཡང་སྔོན་བྱུང་གིས་ད་ལྟ་མེད་དོ་ཞེས་ལོག་པར་མི་ལྟ་སྟེ། །བྱིན་གྱིས་བརླབས་པ་དག་འབྱུང་སྲིད་པའི་ཕྱིར་རོ་ཞེས་དང་། །སངས་རྒྱས་ནི་རྟག་པར་བཞུགས་ནས་འགྲོ་བའི་དོན་མཛད་པ་ཡིན་ལ། བྱིན་གྱིས་བརླབས་པའི་བཀའ་ནི། རི་དང་ཤིང་དང་པདྨ་དང་སྐྱེས་པ་དང་བུད་མེད་ཁྱེའུ་དང་བུ་མོ། བྱ་དང་རི་དྭགས་ལ་སོགས་པ་ལས་ཆོས་ཀྱི་རྣམ་གྲངས་ཀྱི་སྒྲ་བྱུང་བ་ཡང་བྱིན་རླབས་ཀྱི་བཀར་བཞག་པ་ཡོད་ན། གང་ལ་ཡིད་ཆེས་པ་དེ་ཉིད་ཡི་དམ་དུ་བཟུང་བ་འཐད་ཀྱི་གཞན་ལ་སྐུར་པ་ནམ་ཡང་གདབ་པར་མི་བྱའོ། །ཞེས་གསུངས་པ་བཞིན། སྙིགས་མའི་དུས་འདིར་བསྟན་པ་དང་འགྲོ་བ་རྣམས་ཀྱི་ངོར་གང་ལ་གང་འདུལ་གྱི་ཚུལ་དུ་བྱུང་བའི་ཆོས་རྣམས་སངས་རྒྱས་ཀྱི་བྱིན་རླབས་ལས་བྱུང་བ་ཡིན་པས་དད་པ་ཐོབ་ན་བྱིན་རླབས་ཀྱང་དེ་རྗེས་སུ་འབྲང་བར་གདོན་མི་ཟ་བས་ཡིད་ཆེས་བསྐྱེད་པ་གལ་ཤིན་ཏུ་ཆེ། དེ་ཡང་རྟ་མགྲིན་ཁམས་གསུམ་ཟིལ་གནོན་འདི་ཉིད་ཕྱོགས་གང་དུ་གཏོགས་ན། ཨོ་རྒྱན་ཆེན་པོའི་ཐུགས་སྲས་ཀྱི་གཙོ་བོ་ལོ་ཆེན་བཻ་རོ་ཙ་ན་དང་སློབ་དཔོན་ཆེན་པོའི་གསང་གསུམ་དབྱེར་མེད་ངང་ནས་རྟ་མགྲིན་པདྨ་སྐ་གཅིག་གི་ནང་ནས་ཟབ་པ་རྟ་མགྲིན་ཡང་གསང་གི་ཆོས་རྣམས་མན་ངག་བཅུད་དུ་དྲིལ་ཏེ་ཡེར་པ་སེ་བ་གདོང་དུ་གཏེར་དུ་སྦ་བར་མཛད་པ་ས་རྟགས་དུས་རྟགས་རྣམས་ཚུལ་བཞིན་དུ་འགྲིགས་པའི་སྐབས་སུ་སྤྲུལ་པའི་གཏེར་སྟོན། སུམ་པ་དབང་ཚུལ། འབྲེ་ཤེས་རབ་བླ་མ། རྐྱང་པོ་གྲགས་པ་དབང་ཕྱུག་གསུམ་གྱིས་གཏེར་ནས་བཏོན་པའི་རྟ་མགྲིན་པདྨ་དབང་ཆེན་ཡང་གསང་ཁྲོས་པ་ལྷ་དགུར་གྲགས་པའི་གཞུང་ཉིད་རྩ་བར་བཟུང་ནས་རང་གི་དག་པའི་སྣང་བར་ཇི་ལྟར་ཤར་བ་བཞིན་གཏན་ལ་ཕབ་པ་ཡིན་ལ་འདི་ཉིད་ཀྱི་སྒོ་ནས་སློབ་མ་ལ་དབང་བསྐུར་བ་ལ་ཡང་བདག་ཉིད་ཀྱིས་བགྱི་བར་འོས་པ་དང་ཁྱེད་རང་གིས་བགྱི་འོས་གཉིས་སུ་ཡོད་པ་ལས། །བདག་ཉིད་ཀྱིས་བགྱི་འོས་བདག་མདུན་བུམ་པའི་ལྷ་ཚོགས་སོ་སོ་མ་ཡིན་ཐ་མི་དད་དུ་རིག་པའི་ངོ་བོ་གཅིག་གི་གསལ་མདངས་སུ། །མེ་ལོང་གཅིག་ལ་གཟུགས་བརྙན་སྣ་ཚོགས་ཤར་བ་བཞིན་བསྒྲུབས་ནས་བསྙེན་སྒྲུབ་ལས་སྦྱོར་གྱི་གཞུང་བཞིན་བསྒྲུབས་པའི་མཐར། །ཁྱེད་རང་གི་ངོ་སྐལ་དུ་གྱུར་པའི་ལུས་དང་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་དཔལ་ཡོན་དུ་དམིགས་ནས་མཎྜལ་འབུལ་བར་མཛོད། ཞེས་བརྡ་སྦྱར་ནས་མཎྜལ་འབུལ་དུ་གཞུག་གོ། །ཞུས་སོ།།


previousཐེག་པའི་ལམ་གྱི་འཇུག་སྒོ་་་་་next