Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

5 occurrences of འབེན་
[Clear Hits]


  
  
 
  
  
རྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་དབང་ཆོག་སྐུ་བཞིའི་མྱུ་གུ།
  
  
  
  
  
  
  
  
  
  
  
  


5 occurrences of འབེན་
[Clear Hits]

 
previousརྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་དབང་ཆོག་སྐུ་བཞིའི་མྱུ་གུ།next

རྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་དབང་ཆོག་སྐུ་བཞིའི་མྱུ་གུ།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལམཿ རྟ་མགྲིན་ཁམས་གསུམ་༼ཟིལ་གནོན༽གྱི་དབང་ཆོག་སྐུ་བཞིའི་མྱུ་གུ་བཞུགསཿ

ན་མོ་ཧྱ་གྷྲྀ་ཝ་ཡེཿ སྦྱང་གཞི་བདེ་གཤེགས་སྙིང་པོའི་ཁམསཿ སྦྱང་བྱ་ཕུང་ཁམས་སྐྱེ་མཆེད་དྲིཿ སྦྱོང་བྱེད་དབང་བཞིས་ཡོངས་བཀྲུས་ནསཿ སྐུ་བཞིར་དཀྲི་མཛད་བླ་མར་འདུདཿ མཁྱེན་བརྩེ་ནུས་ལྡན་སློབ་དཔོན་གྱིསཿ པདྨ་དབང་ཆེན་དཀྱིལ་འཁོར་དུཿ སློབ་མ་གཞུག་ཅིང་རྗེས་བཟུང་ཕྱིརཿ དབང་བཞིའི་རིམ་པ་འདིར་གསལ་བྱཿ དེ་ཡང་སློབ་དཔོན་སློབ་མ་གཉིསཿ སྐྱོན་བྲལ་ཡོན་ཏན་མང་ལྡན་ཞིང་ཿ དུས་ཚེས་གཟའ་སྐར་ཕུན་ཚོགས་ཉིནཿ རྫས་དང་ཡོ་བྱད་དབང་གཞུང་གིཿ འདོན་ཚིག་ཇི་བཞིན་ཀུན་འཛོམས་ཚེཿ ས་ཆོག་བརྔན་སྦྱིན་ཆ་གསུམ་སོགསཿ སྔོན་དུ་འགྲོ་དགོས་རྣམས་བཏང་ནསཿ དལ་སྟེགས་འདུ་བྱས་རྡུལ་ཚོན་ནམཿ རས་བྲིས་ལྷ་གྲངས་ཚོམ་བུ་བཅསཿ སྤྲོས་པ་ཆེ་ཆུང་དང་བསྟུན་ཏེཿ བཞུགས་གནས་རྟེན་དང་བརྟེན་པ་ལྷཿ མཚོན་བྱེད་རྫས་ཀྱི་དལ་ཡིན་ཀྱང་ཿ མཚོན་བྱ་རང་བྱུང་ཡེ་ཤེས་ཀྱིཿ ངོ་བོ་རང་བཞིན་ཐུགས་རྗེ་གསུམཿ གདུལ་བྱའི་བློ་ངོར་སྣང་མོད་ཀྱང་ཿ དོན་ལ་སྐྱེ་འགག་གནས་གསུམ་བྲལཿ དེ་ཕྱིར་ཀུན་རྫོབ་མཚན་བཅས་ཆོསཿ སྟོང་དང་མི་སྟོང་དམིགས་བྲལ་ངང་ཿ དད་ལྡན་སློབ་མ་མདུན་ཚོགས་པརཿ ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམསཿ མཎྜལ་འབུལ་བཅུག་ལོ་རྒྱུས་བཤདཿ སྐས་ཐེམ་ཇི་བཞིན་མས་ཡར་བགྲོདཿ དེ་ཡང་དང་པོ་སྐྱབས་འགྲོ་ནིཿ ཐུན་མོང་ཐེག་པ་ཇི་བཞིན་དུཿ སྐྱབས་འགྲོ་འདི་བཞིན་རྗེས་ཟློས་བྱཿ སངས་རྒྱས་ཆོས་དང་ཚོགས་མཆོག་གིཿ ངོ་བོ་དཔལ་མགོན་བླ་མ་ལཿ བྱང་ཆུབ་སྙིང་པོ་མ་ཐོབ་བརཿ སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངསཿ གསུམ་བརྗོད་དམན་ལམ་ལས་ལྡོག་ཕྱིརཿ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོནཿ རྒྱུན་བཤགས་ཡན་ལག་བདུན་པ་ནིཿ མཆོག་གསུམ་རྩ་གསུམ་ངོ་བོ་ཉིདཿ བླ་མ་པདྨ་དབང་ཆེན་ལཿ སྐྱབས་མཆི་མཆོད་འབུལ་ཉེས་ཚོགས་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་སྐོརཿ བཞུགས་གསོལ་འདེབས་སོ་དགེ་བའི་ཚོགསཿ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོཿ རྗེས་སུ་ཟློ་བ་ལན་གསུམ་བྱཿ སེམས་བསྐྱེད་དངོས་འདི་རྗེས་ཟློས་གསུམཿ བྱེད་བཅུག་དང་པོའི་སྨོན་པ་དང་ཿ གཉིས་པས་འཇུག་པ་གསུམ་བརྗོད་ཚེཿ གཉིས་ཀ་བརྟན་པའི་དོན་དྲན་བཞིནཿ བྱང་ཆུབ་སྙིང་པོ་མཆིས་ཀྱི་བརཿ སངས་རྒྱས་རྣམས་ལ་སྐྱབས་སུ་མཆིཿ ཆོས་དང་བྱང་ཆུབ་སེམས་དཔའ་ཡིཿ ཚོགས་ལའང་དེ་བཞིན་སྐྱབས་སུ་མཆིཿ ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིསཿ བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་ཿ བྱང་ཆུབ་སེམས་དཔའི་བསླབ་པ་ལཿ དེ་དག་རིམ་བཞིན་གནས་པ་ལྟརཿ བདག་ཀྱང་འགྲོ་ལ་ཕན་དོན་དུཿ བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་ཿ དེ་བཞིན་དུ་ནི་བསླབ་པའང་ཿ རིམ་པ་བཞིན་དུ་བསླབ་པར་བགྱིཿ གསུམ་མཐར་སེམས་གཟེངས་བསྟོད་པ་ནིཿ དེང་དུས་བདག་ཚེ་འབྲས་བུ་ཡོདཿ མི་ཡི་སྲིད་པ་ལེགས་པར་ཐོབཿ དེ་རིང་སངས་རྒྱས་རིགས་སུ་སྐྱེསཿ སངས་རྒྱས་སྲས་སུ་ད་གྱུར་ཏོཿ བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱིཿ སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནིཿ བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིསཿ ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིསཿ ཞེས་བརྗོད་དེ་ལས་འཕགས་པའི་ཆོསཿ རིགས་ལྔའི་སྡོམ་པ་གཟུང་ཆེད་དུཿ འདི་ཡི་རྗེས་ཟློས་ལན་གསུམ་མཛོདཿ བཅོམ་ལྡན་པདྨ་དབང་ཆེན་གྱིཿ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལཿ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའིཿ དུས་འདི་ནས་བཟུང་བྱང་ཆུབ་བརཿ སོ་སོར་ཐར་དང་བྱང་ཆུབ་སེམསཿ རིག་འཛིན་སྔགས་ཀྱི་དམ་ཚིག་སྤྱིཿ ཁྱད་པར་རིགས་ལྔའི་དམ་ཚིག་རྣམསཿ ཚུལ་བཞིན་ཡོངས་སུ་བཟུང་བར་བགྱིཿ མ་བསྒྲལ་སྒྲོལ་དང་མ་གྲོལ་དགྲོལཿ དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་ཿ སེམས་ཅན་མྱ་ངན་འདས་ལ་འགོདཿ ཞེས་དང་ཕྱི་ལྟར་འཇུག་པའི་དོནཿ ཐལ་སྦྱར་མེ་ཏོག་དང་བཅས་ཏེཿ གསོལ་བ་འདི་བཞིན་གདབ་པར་བྱཿ པདྨ་དབང་ཆེན་ཞབས་ལ་འདུདཿ ཐར་ལམ་མཆོག་འདོད་བདག་ཉིད་ལཿ རྟ་མགྲིན་དབང་དང་དངོས་གྲུབ་རྣམསཿ མགོན་པོ་གང་ལ་སྐྱབས་གསོལ་ཞིང་ཿ ཐེག་ཆེན་དལ་དུ་གཞུག་པ་དང་ཿ མཁྱེན་རབ་ཡེ་ཤེས་མྱུར་དུ་སྩོལཿ གསུམ་བརྗོད་གདོང་གཡོགས་མེ་ཏོག་སྦྱིནཿ དྲག་སྔགས་སོ་ལྔས་བགེགས་ཚོགས་བསྐྲདཿ དེ་ནས་དྲི་བ་འདི་བཞིན་བྱཿ བུ་ཁྱོད་སུ་ཡིན་ཅི་ལ་དགའཿ ལན་དུ་འདི་ཡི་རྗེས་ཟློས་བྱཿ བདག་ནི་སྐལ་བཟང་བདེ་མཆོག་སྟེཿ བདེ་བ་ཆེ་ལ་བདག་དགའོཿ དེ་ཡི་ལན་དུ་འདི་བརྗོད་དོཿ དེ་ཡི་ཁྱོད་ལ་ཅི་ཞིག་བྱཿ ཡང་ལན་འདི་ཉིད་རྗེས་ཟློས་བྱཿ སངས་རྒྱས་མཆོག་གི་རྣལ་འབྱོར་རོཿ ཞེས་བརྗོད་དེ་མཐར་འདི་ལྟ་སྟེཿ སློབ་དཔོན་ལྷར་གསལ་ཐུགས་ཀ་ནསཿ སྤྲུལ་པའི་ལྷ་ཡིས་སློབ་མ་རྣམསཿ དལ་གྱི་ནང་དུ་ཁྲིད་པར་མོསཿ ལག་གཡས་རྡོ་རྗེར་འཇུར་བཅུག་སྟེཿ བུ་ཁྱོད་འདིར་ཤོག་ཅི་བདེ་བརཿ ལས་སྤྱོད་རིམ་པར་འགྲོ་བ་དང་ཿ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུངས ཿ རྫོགས་པའི་བདེན་པ་ཡེ་ཤེས་ལཿ དམིགས་པ་མེད་པ་གནས་ཕྱིར་དུཿ སེར་སྣ་མེད་པའི་ངང་ཉིད་ཀྱིསཿ སྟོང་ཞིང་རང་སེམས་བརྟན་པོར་ཟུངསཿ པདྨ་རིགས་ཀྱི་དབང་སོགས་སྦྱིནཿ ཞེས་པས་དལ་གྱི་ནང་བཙུད་དེཿ བུ་ཞེས་ཉེ་ཚིག་གིས་བོས་ནསཿ སོ་ཐར་བྱང་སེམས་སྔགས་སྡོམ་སོགསཿ བསྲུང་བྱ་སྤྱི་དང་བྱེ་བྲག་རྣམསཿ ཤེས་པར་གྱིས་ལ་བསྲུང་བར་མཛོདཿ ཅེས་གདམས་དེ་རྗེས་ནང་འཇུག་ནིཿ རབ་ཏུ་ཕངས་ཤིང་གཅེས་པ་ཡིཿ རང་ལུས་དུས་གསུམ་ཚོགས་ཞིང་ལཿ ཞེན་མེད་སེམས་ཀྱིས་འབུལ་བ་ནིཿ བདེ་གཤེགས་དབང་ཕྱུག་སེམས་ཅན་ལཿ དགོས་པ་གསུམ་ཕྱིར་ལུས་འབུལ་ལོཿ ༀ་སརྦ་ཏཱ་ཐ་ག་ཏ་བྷུདྡྷ་ནཾཿགུ་རུ་བཛྲ་ཨ་ཙཪྱ་ཨ་ཀ་ལ་སཏྭ་པུ་ཛ་ཨུཥྛ་ན་ཡ་ཨརྨ་ནཾ་ནིཪྻ་ཏ་ཡ་མིཿ ཞེས་བརྗོད་དེ་ནས་ཡེ་ཤེས་ལྷཿ སློབ་མར་དབབ་པའི་དབང་འདི་བཞིནཿ སློབ་དཔོན་ལྷར་གསལ་གནས་གསུམ་ལསཿ འོད་འཕྲོས་སློབ་མར་ཐིམ་པ་ཡིསཿ སྒོ་གསུམ་དྲི་མའི་ཚོགས་སྦྱངས་ནསཿ བཞུ་བླུགས་གསེར་གྱི་ཞུན་ཐིགས་བཞིནཿ ཧྲཱིཿ ལས་སློབ་མ་རྟ་མགྲིན་དམརཿ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲདཿ ཕྱག་གཡས་ཙན་དན་བེ་ཅོན་དང་ཿ གཡོན་པས་ཐུགས་ཀར་སྡིགས་མཛུབ་མཛདཿ མཆེ་བ་བཞི་གཙིགས་སྨིན་མ་དང་ཿ སྨ་ར་ཨག་ཚོམ་མེ་ལྟར་འབརཿ དམར་སེར་རལ་པ་གྱེན་བརྫེས་གཙུགཿ རྟ་མགོ་ལྗང་ཞུར་རྔོག་མ་དམརཿ ཕུམ་ཕུམ་གསེར་མདོག་རྟ་སྐད་སྒྲཿ ཕྱོགས་བཅུར་འཚེར་ཞིང་གཡས་ཞབས་བསྐུམཿ གཡོན་བརྐྱང་དུར་ཁྲོད་ཆས་བརྒྱད་དང་ཿ རཏྣ་སྦྲུལ་ཆུན་ལ་སོགས་པསཿ སྐུ་ལ་བརྒྱན་ནས་མེ་ཀློང་བཞུགསཿ དེ་ལྟར་གསལ་བའི་གནས་གསུམ་དུཿ ཟླ་བ་པདྨ་ཉི་གདན་གསལཿ སྤྱི་བོར་ཧཾ་ལྗང་རང་འོད་འཕྲོསཿ དེ་ཉིད་འོད་ཞུ་རང་ལུས་ལཿ ཐིམ་པས་རྡོ་རྗེའི་ཞུན་ཁྲབ་ཀྱིསཿ གཟུགས་ཕུང་ཡོངས་སུ་གཡོགས་པར་གྱུརཿ ཧྲཱིཿཀཱ་ཝ་ཙི་བཛྲ་རཀྵཿ རྡོ་རྗེ་མགོར་བཞག་བསྲུང་བར་བྱཿ དེ་ནས་གསང་གསུམ་དབང་ཞུ་དོནཿ གསོལ་འདེབས་འདི་བཞིན་རྗེས་ཟློས་བྱེདཿ དཔལ་ལྡན་རྡོ་རྗེའི་སྐུ་གསུང་ཐུགསཿ རྡོ་རྗེ་མི་ཕྱེད་གསང་གསུམ་ལྡནཿ དེང་བདག་དཀྱིལ་འཁོར་གསུམ་འཛིན་པསཿ རྡོ་རྗེ་གསུམ་དུ་མཛད་དུ་གསོལཿ ལན་གསུམ་ལྡབ་རྗེས་འདོན་བསྒོམ་སྦྲགསཿ བླ་མའི་གནས་གསུམ་འབྲུ་གསུམ་ལསཿ སྐུ་གསུང་ཐུགས་ཀྱི་ལྷ་གསུམ་པོཿ དུར་ཁྲོད་ཆས་རྫོགས་གཡས་རྣམས་ཀྱིསཿ འཁོར་ལོ་པདྨ་རྡོ་རྗེ་དང་ཿ གཡོན་རྣམས་དྲིལ་འཛིན་སྒྱུ་འཕྲུལ་གརཿ འོད་ཀྱི་སྣམ་བུ་ལ་ཞོན་ནསཿ སློབ་མའི་གནས་གསུམ་གདན་གསུམ་སྟེང་ཿ དབྱེར་མེད་ངང་དུ་བཞུགས་པར་གྱུརཿ ཀཱ་ཡ་སིདྡྷི་ༀཿ ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུཾཿ དེ་ཡིས་པདྨ་དབང་ཆེན་གྱིཿ སྐུ་གསུང་ཐུགས་དང་དབྱེར་མེད་དབང་ཿ ཐོབ་པར་མཆོད་ཚོགས་ཀུན་འབུལ་བཿ ༀ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨརྒྷཾ་ནས་ཤཔྟ་ཨཱཿཧཱུཾཿ ཚང་བར་བརྗོད་ནས་དམ་བསྒྲག་པཿ འདི་ནི་དམ་ཚིག་རྡོ་རྗེའི་ཆུཿ ཁྱོད་ཀྱིས་འཐུང་ཞིང་དམ་སྲུངས་དང་ཿ འབྲས་བུ་མཆོག་འགྲུབ་སོམ་ཉི་བྲལཿ གལ་ཏེ་ཉམས་ན་ན་རཀ་རྒྱུཿ དེ་བས་བླང་དོར་མ་ནོར་ཞིགཿ ༀ་བཛྲ་ཨུ་ཏ་ཀ་ཧཱུཾཿ ཞེས་བརྗོད་ལས་བུམ་ཆུ་སྦྱིན་མཐརཿ བཀའ་བསྒོ་བསླབ་བྱ་འདི་བཞིན་བྱཿ སངས་རྒྱས་ཀུན་གྱི་གསང་བ་འདིཿ དམ་ལྡན་མ་གཏོགས་སུ་ལ་ཡང་ཿ སྨྲས་ན་ཉམས་པའི་རྒྱུར་འགྲོ་བསཿ མ་སྨྲ་གསང་བ་དམ་པར་གྱིསཿ ༀ་བཛྲ་སཏྭ་ཧཱུཾཿ སྙིང་ཁར་རྡོ་རྗེ་བཞག་ནས་སླརཿ ཐེག་ཆེན་སྟོན་བྱེད་བདག་ལ་ནིཿ བརྙས་དང་སྨོད་སྐུར་མི་འདེབས་ཤིང་ཿ གསང་གསུམ་དམ་ཚིག་རྟག་གནས་བཞིནཿ མཐའ་ཡས་འགྲོ་བའི་དོན་བྱོས་ཤིགཿ ཞེས་བརྗོད་རྡོ་རྗེ་སྤྱི་བོར་བཞགཿ དེ་ནས་ཡང་ཅིག་ཡེ་ཤེས་པཿ དབབ་ཕྱིར་གསོལ་བ་འདི་བཞིན་གདབཿ ཕྱོགས་བཅུ་རྒྱལ་བ་ཐམས་ཅད་ཀྱིཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིཿ མངའ་བདག་པདྨ་དབང་ཆེན་ལྷཿ མྱུར་དུ་བདག་ལ་དབབ་པར་མཛོདཿ གསུམ་ལྡབ་སློབ་མའི་ཚོགས་ལངས་ནསཿ སྤྱི་བོར་ཐལ་སྦྱར་གཡང་ལུགས་བཤུཿ རྟིང་པ་བཏེགས་ཏེ་གོང་གསལ་བཞིནཿ རང་ཉིད་པདྨ་དབང་ཆེན་དུཿ གསལ་བའི་གནས་གསུམ་འབྲུ་གསུམ་ལསཿ འོད་འཕྲོས་སྐུ་གསུམ་ཞིང་ཁམས་ཀྱིཿ རྒྱལ་དང་དེ་སྲས་སེམས་དཔའི་ཚོགསཿ པདྨ་དབང་ཆེན་སྐུར་བསྒྱུར་ཏེཿ ཆེ་བ་རི་རབ་ཙམ་དང་ནིཿ ཆུང་བ་ཡུངས་འབྲུ་ལྟ་བུ་ཡིསཿ ནམ་མཁའ་བར་སྣང་ས་གཞིའི་ཁམསཿ ཡོངས་གཏམས་སྟེང་ནས་ཁ་ཆར་བཞིནཿ འོག་ནས་ན་བུན་རླུང་བསྐྱོད་དཔེསཿ རྒྱ་མཚོ་ཆེན་པོར་ཆར་བབས་ལྟརཿ དབྱེར་མེད་ཐིམ་པའི་མོས་པ་མཛོདཿ ཅེས་བརྗོད་གུ་གུལ་བདུག་པ་དང་ཿ རོལ་མོའི་སྒྲ་ཆེན་སྦིར་བཞིན་དུཿ ༀ་ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་ཏྲི་ཤྱ་ཧོཿ ས་མ་ཡ་ཛཿ ས་མ་ཡ་སྟྭཾཿ ཛཿཧཱུཾ་བཾ་ཧོཿ བཛྲ་ཛྙཱ་ན་ཨ་ཝེ་ཤ་ཡ་ཨཱཿ ཞེས་དང་ཡང་བསྐྱར་ཚུལ་གྱིས་ནིཿ རབ་འབྱམས་ཁྲོ་བོའི་ཞིང་ཁམས་ཀྱིཿ ཁྲོ་ཚོགས་སྤྱི་དང་ཁྱད་པར་དུཿ དབང་ཆེན་རྟ་མགྲིན་དཀྱིལ་འཁོར་ལྷཿ མ་ལུས་ལུས་པ་མེད་པའི་ཚོགསཿ འཐོར་རླུང་གིས་བསྐྱོད་སྐྱིན་ཐང་བཞིནཿ ཧཱུཾ་ཕཊཿའབྲུག་སྟོང་ལྡིར་འདྲ་བའིཿ སྐུ་དང་སྔགས་ཕྲེང་ཕྱག་མཚན་གྱིཿ ཆར་ཆེན་དྲག་ཏུ་བབས་ནས་སུཿ དབྱེར་མེད་རོ་གཅིག་འདྲེས་པར་མོསཿ རྩ་སྔགས་གཤམ་བཅས་དྲག་ཏུ་བཟླཿ སྤྱན་དྲངས་ཡེ་ཤེས་བརྟན་བཞུགས་བྱཿ སུ་པྲ་ཏིཥྛ་བཛྲ་ཡེཿ བརྗོད་ཅིང་རྡོ་རྗེ་རྒྱ་གྲམ་ཚུལཿ སྤྱི་བོར་བཞག་ནས་བརྟན་པར་བྱཿ དེ་ནས་སྔ་མའི་མེ་ཏོག་དེཿ ལྷ་དང་བླ་མར་འབུལ་བ་ནིཿ རིན་ཆེན་ཕྲེང་བརྒྱུས་པུཥྤ་ཀཿ ཡེ་ཤེས་སྔོན་བརྙེས་ལྷར་འབུལ་ནཿ བྱམས་བརྩེའི་ཐུགས་ཀྱིས་དགོངས་ནས་ཀྱང་ཿ གང་ཡིན་དེ་ལ་དབབ་ཏུ་གསོལཿ པུཥྤེ་པྲ་ཏིཙྪ་བཛྲ་ཧོཿ ཞེས་པས་མེ་ཏོག་ཕུལ་ནས་སླརཿ སློབ་མའི་སྤྱི་བོར་བཞག་ནས་སུཿ ཨི་མཾ་ས་ཏྭ་མ་ཧཱ་བ་ལཿ ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ༴ བརྗོདཿ ༀ་ཕྱོགས་བཅུ་དུས་གསུམ་རྒྱལ་རྣམས་ཀྱིསཿ ཁྱོད་མིག་འབྱེད་ལ་དགོངས་པར་གྱུརཿ མ་རིག་ལིང་ཏོག་བསལ་བྱས་ནསཿ པདྨ་སྤྱན་བཟང་དྲི་མེད་ཐོབཿ ༀ་པདྨ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ྄ཿ ཅེས་པས་གདོང་གཡོགས་ཕྱེས་ནས་སུཿ མེ་ཏོག་གང་བབས་ལྷ་མིང་བཏགསཿ དེ་ཡང་ཕོ་མོའི་ཁྱད་པར་གྱིསཿ པདྨ་རྒྱལ་པོ་རྩལ་དང་ནིཿ པདྨ་དབྱིངས་ཕྱུག་རྩལ་གྱིས་འགྲེསཿ བླ་མས་དབྱུག་ཏོས་ལྷ་ངོ་བསྟནཿ དད་པས་ལྟོས་ཤིག་བློ་གྲོས་ཆེཿ སྔོན་བྱོན་རྒྱལ་བ་ཐམས་ཅད་ཀྱིཿ གསང་སྔགས་དཀྱིལ་འཁོར་འདིར་ཞུགས་ཏེཿ བསྒྲུབས་ནས་མེ་ཏོག་གང་ཕོག་ལྷཿ རིགས་ཀྱི་བདག་པོ་མཆོག་ཏུ་ཟུངས ཿ རྣམ་དག་བཤད་ཅིང་དོན་ངོ་སྤྲདཿ ལྷ་དང་རྣལ་འབྱོར་ཟུང་འཇུག་ཏུཿ རྟོགས་ན་འགྲུབ་འགྱུར་ཐེ་ཚོམ་མེདཿ ལྷ་མེད་དགེ་སྒྲུབ་ཐ་མལ་རང་ཿ དད་པ་མེད་རྣམས་ཕུང་བའི་རྒྱུཿ ཞེས་དང་། ལྷ་བསྒོམ་སྔགས་བཟླས་རྗེས་གནང་ནིཿ རང་ཉིད་དབང་ཆེན་ལྷར་གསལ་བའིཿ ཐུགས་ལས་སྔགས་ཀྱི་ཕྲེང་བ་ཐོནཿ སློབ་མ་ལྷར་གསལ་ཁར་ཞུགས་ཏེཿ སྙིང་ཁར་སྔགས་ཕྲེང་འཁོར་བར་མོསཿ ཞེས་བརྗོད་སྙིང་པོ་ལན་གསུམ་དུཿ རྗེས་ཟློས་བྱེད་བཅུག་དེ་རྗེས་སུཿ གསང་འོས་གདམས་ཤིང་རྗེས་གནང་ནིཿ གསང་སྔགས་སྐྱོན་ཡོད་མ་ཡིན་ཀྱང་ཿ ཉན་རང་དང་ནི་བློ་ཆུང་ལཿ མ་གསང་དངོས་གྲུབ་ཞུད་འགྱུར་གསུངསཿ སྐལ་ལྡན་སྨན་ཡང་སྐལ་མེད་དུགཿ དེ་ཕྱིར་སྔགས་སྤྱོད་སྐལ་ལྡན་རྣམསཿ ཟུང་འཇུག་དོན་ལ་གོམས་བགྱིས་ནཿ འདོད་ཡོན་ལྔ་སྤྱོད་སྤང་བླང་སྙོམསཿ རང་སེམས་ཐེག་པར་ངེས་གྱུར་ནཿ ཉོན་མོངས་འདོད་པ་ཀུན་སྤྱད་ཀྱང་ཿ པདྨ་འདམ་གྱིས་མ་གོས་བཞིནཿ སྡོམ་གསུམ་དཔལ་ཡོན་ཕུན་ཚོགས་ལྡནཿ དེ་ཡང་ནང་ལྟར་འཇུག་པའོཿ དེ་ནས་དངོས་གཞིའི་དབང་ཞུ་དོནཿ མཎྜལ་ཕུལ་ཞིང་གསོལ་བ་བཏབཿ བཅོམ་ལྡན་རྡོ་རྗེ་འཆང་ཆེན་གྱིསཿ མཆོད་ཅིང་ཇི་ལྟར་བསྩལ་བ་ལྟརཿ བདག་ཀྱང་དྲངས་པའི་དོན་གྱི་ཕྱིརཿ འཆི་མེད་རྡོ་རྗེ་དེང་བདག་སྩོལཿ ལན་གསུམ་ལྡབ་ཅིང་དབང་བསྐུར་བཿ སློབ་མའི་སྤྱི་བོ་དཔྲལ་བ་དང་ཿ རྣ་ལྟག་གཡས་དང་ལྟག་པ་དང་ཿ རྣ་ལྟག་གཡོན་སོགས་བུམ་པས་རེགཿ ཕྱོགས་བཅུ་དུས་གསུམ་རྒྱལ་རྣམས་ཀྱིཿ སྐུ་གསུང་ཐུགས་ལས་བྱུང་བ་ཡིཿ རྡོ་རྗེ་འཁོར་ལོ་རིན་པོ་ཆེཿ པདྨ་རྒྱ་གྲམ་རིགས་ལྔའི་དབང་ཿ དེང་འདིར་ཁྱོད་ལ་སྦྱིན་པར་བྱཿ ༀ་བཛྲ་བྷུདྡྷ་རརྣ་པདྨ་ཀརྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་མཾཿ དེ་ལྟར་བུམ་ཆུ་གནས་སོ་སོརཿ བླུགས་པས་དུག་ལྔའི་དྲི་སྦྱངས་ནསཿ ཕུང་ལྔ་གནས་འགྱུར་བུམ་པའི་ཆུསཿ ལུས་གང་ཆུ་ལྷག་ཡར་ལུད་པསཿ ཡེ་ཤེས་ལྔ་ཡི་ངོ་བོ་ཉིདཿ ཁྲག་འཐུང་རིགས་ལྔས་དབུ་བརྒྱན་གྱུརཿ དེ་ནས་དཀྱིལ་འཁོར་ལྷ་རྣམས་ཀྱིཿ སྐུ་ལས་མཆེད་པའི་སྒྱུ་འཕྲུལ་གཟུགསཿ བྱུང་ནས་སློབ་མ་རྟ་མགྲིན་དུཿ གསལ་བའི་ལུས་གནས་སོ་སོ་རུཿ ཐིམ་པས་དབང་ཆེན་སྐུ་ཡི་དབང་ཿ ཡོངས་སུ་རྫོགས་པ་ཐོབ་པར་མོསཿ ཐོག་མར་བླ་མའི་དབང་བསྐུར་བཿ ཧྲཱིཿ ཕྱོགས་བཅུ་དུས་གསུམ་རྒྱལ་ཀུན་གྱིཿ གསང་གསུམ་ངོ་བོ་རྡོ་རྗེ་འཛིནཿ མཆོག་གསུམ་དངོས་གྲུབ་སྩོལ་མཛད་པཿ པདྨ་ཀཱ་རའི་དབང་བསྐུར་རོཿ ༀ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾཿ ཨ་བྷི་ཥིཉྩ་མཾཿ ཧྲཱིཿཧཱུཾཿ དམར་ནག་གྲུ་གསུམ་དཀྱིལ་འཁོར་ནསཿ རྟ་མགྲིན་པདྨ་ཧེ་རུ་ཀཿ ཡུམ་ཆེན་པདྨ་གར་དབང་མཿ ཡབ་ཡུམ་ཟུང་འཇུག་དབང་བསྐུར་རོཿ ༀ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊཿ ༀ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུཾཿ ཨ་བྷི་ཥིཉྩ་མཾཿ བླ་མ་དང་ཡི་དམ་དབང་ཆེན་ཡབ་ཡུམ་ཀྱི་དབང་བསྐུར་བས་ཐབས་ཤེས་གཉིས་སུ་མེད་པའི་དོན་ལ་དབང་འབྱོར་བར་གྱུར་ཅིགཿ ཧྲཱིཿཧཱུཾཿ ཕྱོགས་བཞི་འཁོར་ལོའི་རྩིབས་སྟེང་ནཿ རིགས་བཞིའི་དབང་ཆེན་ཕྱོགས་ཀྱི་མདོགཿ ཞལ་གཅིག་ཕྱག་གཉིས་དཔལ་ཆས་རྫོགསཿ ཞེ་སྡང་ང་རྒྱལ་འདོད་ཆགས་དང་ཿ ཕྲག་དོག་འདུལ་ཕྱིར་ཡེ་ཤེས་བཞིའིཿ དབང་མཆོག་དམ་པ་ཁྱོད་ལ་སྦྱིནཿ ༀ་བཛྲ་རརྣ་པདྨ་ཀརྨ་ཤྭ་ར་ཀྲོ་དྷ་ཧཱུཾཿ ཨ་བྷི་ཥིཉྩ་མཾཿ ཁྲག་འཐུང་དབང་ཆེན་རིགས་བཞིའི་དབང་བསྐུར་བས་ཉོན་མོངས་པ་བཞི་རྣམ་པར་དགཿ ཡེ་ཤེས་བཞི་མངོན་དུ་གྱུར་ནས་རྒྱལ་བ་རིགས་བཞིའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིགཿ ཧྲཱིཿཧཱུཾཿ གཞལ་ཡས་ཕྱོགས་བཞིའི་སྒོ་བཞི་ནསཿ སྒོ་སྐྱོང་ཁྲོ་མོ་རྣམ་པ་བཞིཿ རང་རྟགས་ཕྱག་རྒྱ་བཞི་བསྣམས་པའིཿ ཚད་མེད་རྣམ་བཞིའི་དབང་བསྐུར་བསཿ ལས་བཞི་ཕྲིན་ལས་མྱུར་འགྲུབ་ཤོགཿ ༀ་བཛྲ་ཨཾ་ཀུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾཿ ༀ་བཛྲ་སྥོ་ཊ་བཾཿ ༀ་བཛྲ་གྷནྡྷེ་ཧོཿ ཨ་བྷི་ཥིཉྩ་མཾཿ སྒོ་མ་བཞིའི་དབང་བསྐུར་བས་རྟག་ཆད་མུ་བཞི་གནས་སུ་དག་ཚད་མེད་རྣམ་བཞི་རྒྱུད་ལ། སྐྱེས་ནས་ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར་ཅིགཿ བྱུག་པའི་རྫས་གསུམ་གྱི་དབང་བསྐུར་བཿ ཆོས་སྐུ་ཐལ་ཆེན་ཚོམ་བུའི་དབང་ཿ ལོངས་སྐུ་རཀྟའི་ཐིག་ལེའི་དབང་ཿ སྤྲུལ་སྐུ་ཞག་གི་ཟོ་རིས་དབང་ཿ མཚན་མ་གསུམ་གྱི་དབང་ཐོབ་ཤོགཿ འདོགས་པའི་རྒྱན་གྱི་དབང་བསྐུར་བཿ སྐམ་རྙིད་རློན་པའི་ཐོད་པ་ཡིཿ དབུ་རྒྱན་དོ་ཤལ་སྐུ་གསུམ་མཚོནཿ དཀར་སེར་དམར་ནག་སྦྲུལ་ཆུན་བཅསཿ དེང་འདིར་ཁྱོད་ལ་དབང་བསྐུར་བསཿ སྣ་ཚོགས་འགྲོ་འདུལ་དབང་ཐོབ་ཤོགཿ བགོ་བའི་གོས་གསུམ་དབང་བསྐུར་བཿ ཞིང་ཆེན་པགས་པས་སྐེད་དཀྲིས་དང་ཿ གླང་ཆེན་གོ་རློན་སྟོད་གཡོགས་བརྗིདཿ སྟག་ལྤགས་རློན་པའི་སྨད་དཀྲིས་བཅསཿ ཉོན་མོངས་གསུམ་འཇོམས་དབང་ཐོབ་ཤོགཿ དུར་ཁྲོད་ཆས་བརྒྱད་ཀྱི་དབང་བསྐུར་བས་འཇིག་རྟེན་ཆོས་བརྒྱད་དང་མཚན་བཅས་ཀྱི་རྟོག་ཚོགས་ཐམས་ཅད་རྟོག་བྲལ་ཆོས་སྐུའི་ཀློང་དུ་སྒྲོལ་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིགཿ རྣམ་མང་རྒྱན་ཆའི་དབང་བསྐུར་བཿ ཐབས་ཤེས་རྡོ་རྗེའི་གཤོག་པ་དང་ཿ ཁམ་ནག་རལ་པ་མི་འགྱུར་རྟགསཿ ཡེ་ཤེས་ལྔ་ཡི་མེ་དཔུང་འབརཿ གཟུངས་དང་ཏིང་འཛིན་རིན་ཆེན་ཕྲེང་ཿ རྒྱུ་དྲུག་རྩད་གཅོད་ཕྱག་མཚན་དྲུགཿ ཁྲག་འཐུང་དཔལ་ཆས་ཡོངས་རྫོགས་ཀྱིཿ སྐལ་ལྡན་རྣམས་ལ་དབང་བསྐུར་བསཿ སྲིད་ཞིའི་དཔལ་ཡོན་ཕུན་ཚོགས་ཤོགཿ རྟ་མགྲིན་པདྨ་ཧེ་རུ་ཀའི་དཔའ་ཆས་ཡོངས་རྫོགས་ཀྱི་དབང་བསྐུར་བས་ཀུན་རྫོབ་འཁྲུལ་སྣང་གི་ཆོས་རྣམས་དོན་དམ་ཆོས་ཉིད་བདེན་པའི་རྒྱས་ཐེབས་ནས་ལྷུན་གྲུབ་འོད་གསལ་གྱི་དབྱིངས་སུ་སོར་ཆུད་པར་གྱུར་ཅིགཿ མཐུ་རྩལ་སྐྱེད་བྱེད་གཏོར་དབང་ནིཿ ལྷ་དང་བླ་མ་དབྱེར་མེད་ལཿ གསོལ་བ་འདི་ལྟར་གདབ་པར་བྱཿ པདྨ་དབང་ཆེན་རྟ་མཆོག་དཔལཿ གང་གི་གསང་གསུམ་དཔལ་ཡོན་མཛོདཿ མཆོག་ཐུན་དངོས་གྲུབ་ཡིད་བཞིན་ནོརཿ དུས་འདིར་བདག་ལ་སྩལ་དུ་གསོལཿ རྗེས་ཟློས་ལན་གསུམ་བྱས་ནས་སུཿ གཏོར་སྣོད་གཞལ་ཡས་ཁང་གི་དབུསཿ གཙོ་འཁོར་སོ་སོའི་གདན་གྱི་སྟེང་ཿ ༀ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊཿ ༀ་མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊཿ ༀ་བཛྲ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊཿ ༀ་རརྣ་ཤྭ་ར༴ ༀ་པདྨ་ཤྭ་ར༴ ༀ་ཀརྨ་ཤྭ་ར་ཀྲོ་དྷ་ཧཱུཾ་ཕཊཿ ༀ་བཛྲ་ཨཾ་ཀུ་ཤ་ཛཿ པཱ་ཤ༴ སྥོ་ཊ༴ གྷནྷེ་ཧོཿ ལྷ་ཚོགས་ཡོངས་རྫོགས་གསལ་བཏབ་ནསཿ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབསཿ ཡེ་ཤེས་ལྔ་ཡི་དབང་བསྐུར་བསམཿ ཛཿཧཱུཾ་བཾ་ཧོས་ཡེ་ཤེས་པཿ སྤྱན་དྲངས་ཐིམ་ཞིང་མཆོད་པ་ནིཿ ༀ་མ་ཧཱ་པདྨ་ཤྭ་ར་ཀྲོ་དྷ་ས་པཱ་རི་ཝ་ར་ཨརྒྷཾ་ནས་ཤཔྟ་ཨཱཿཧཱུཾཿདང་། སརྦ་པཉྩ་རཀྟ་བཱ་ལིངྟ་མ་ཧཱ་པུ་ཁ་སྡུ་ཙ་ཧོཿ བདག་ཉིད་ལྷར་གསལ་ཐུགས་སྲོག་ཧྲཱིཿ དེ་ལས་འོད་འཕྲོས་འོག་མིན་གྱིཿ རིགས་ལྔ་སྟངས་དཔྱལ་ཟུང་འཇུག་གིཿ སྦྱོར་མཚམས་གནས་ནས་ཡེ་ཤེས་ཀྱིཿ བདུད་རྩི་སྤྱན་དྲངས་གཏོར་མ་ལཿ བསྟིམས་པས་དངོས་གྲུབ་རྒྱ་མཚོར་མོསཿ ༀ་པདྨ་ཏ་ཀྲིཏ་པདྨ་ཤྭ་རི་བཛྲ་རརྣ་པདྨ་ཀརྨ་ཧྱ་གྷྲྀ་ཝ་ཛ་ཧཱུཾ་བཾ་ཧོཿས་པཱ་རི་ཝ་ར་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ གཏོར་མ་སྤྱི་བོར་བཞག་བྱས་ནསཿ ཧྲཱིཿཧཱུཾཿ དམ་ཚིག་ཐུགས་དམ་དུས་ལ་བབཿ རང་སྣང་དོན་གྱི་འོག་མིན་ནསཿ བཅོམ་ལྡན་ཆོས་སྐུ་འོད་མི་འགྱུརཿ ཆོས་སྐུ་ཞི་ལས་མ་གཡོས་ཀྱང་ཿ གདུལ་བྱའི་དོན་དུ་ཁྲོ་བོའི་སྐུརཿ ཡོངས་བཞེངས་པདྨ་དབང་གི་ལྷཿ གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་བཅསཿ འདིར་བྱོན་སློབ་མའི་ཚོགས་རྣམས་ཀྱིཿ ལུས་ལ་སྐུ་ཡིས་བྱིན་གྱིས་རློབསཿ ངག་ལ་གསུང་གིས་བྱིན༴ ཡིད་ལ་ཐུགས་ཀྱིས༴ དབང་ཆེན་ཁྲོ་བོས་བྱིན༴ ཁྲོ་མོ་ཡུམ་གྱིས༴ རྟ་མགྲིན་རིགས་བཞིས༴ སྒོ་སྐྱོང་མ་བཞིས༴ སྤྲུལ་འཁོར་སྲུང་མས༴ ནད་གདོན་ཞི་བར་བྱིན༴ ཚེ་བསོད་རྒྱས་པར༴ ཅི་བསམ་འགྲུབ་པར༴ གྲུབ་གཉིས་ཐོབ་པར༴ མངོན་སངས་རྒྱ་བར་བྱིན་གྱིས་རློབསཿ ༀ་བཛྲ་ཀྲོ་ཏ་ཧྱ་གྷྲྀ་ཝ་ས་པཱ་རི་ཝ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ༀཿ ཞེས་མོས་རྟ་མགྲིན་གཙོ་འཁོར་རྣམསཿ སློབ་མར་བསྟིམས་འཕྲལ་འོད་ཕུང་གིཿ རྣམ་པས་ཐུགས་ཀའི་ཡེ་ཤེས་པརཿ ཐིམ་པས་བསྐལ་པའི་མེ་ཆུས་ཀྱང་ཿ གཞོམ་གཞིག་བྲལ་བའི་ནུས་ལྡན་བསམཿ དེ་ལྟར་གཏོར་མའི་དབང་བསྐུར་བསཿ ལུས་སྒྲིབ་ཀུན་དག་བསྐྱེད་རིམ་ལམཿ སྒོམ་པར་དབང་ཞིང་སའི་ཁྱད་པརཿ ཀུན་ཏུ་འོད་དང་སྟུག་པོ་བཀོདཿ བདེ་བ་དགའ་བ་སྣང་སྟོང་རྟོགསཿ འབྲས་བུ་སྤྲུལ་སྐུའི་རྟེན་འབྲེལ་འགྲིགཿ གསང་དབང་བསྐུར་དོན་མཎྜལ་རྗེསཿ རྡོ་རྗེ་འཆང་དབང་རྒྱལ་བ་ཡིསཿ འབྲས་བུའི་འཕགས་ཚོགས་སྨིན་མཛད་ལྟརཿ བདག་ཅག་གསང་བའི་དབང་མཆོག་གིསཿ སྨིན་ཅིང་གྲོལ་བར་མཛད་དུ་གསོལཿ རྗེས་ཟློས་ལན་གསུམ་བྱེད་བཅུག་ལཿ སློབ་དཔོན་དབང་ཆེན་ཡབ་ཡུམ་དུཿ གསལ་ཞིང་སྦྱོར་བ་མཛད་པ་ཡིསཿ བྱང་སེམས་ཐིག་ལེ་དངུལ་ཆུ་བཞིནཿ སློབ་མའི་ལྕེ་ལ་དབབ་པ་ཡིསཿ བདེ་ཆེན་འགྱུར་མེད་དབང་ཐོབ་ཤོགཿ པདྨ་སུ་ཁ་བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾཿ དབང་ཆེན་གསང་བའི་དབང་ཐོབ་ནསཿ ངག་སྒྲིབ་དག་ཅིང་གཏུམ་མོའི་ལམཿ སྒོམ་པར་དབང་ཐོབ་མཆོག་དགའ་སྐྱེསཿ པདྨ་ཅན་ནོན་རིག་སྟོང་རྟོགསཿ འབྲས་བུ་ལོངས་སྐུའི་རྟེན་འབྲེལ་འགྲིགཿ ཤེར་དབང་དོན་དུ་མཎྜལ་ཕུལཿ རྡོ་རྗེ་འཆང་དབང་༴ སོགས་གསོལ་གསུམ་གདབཿ མཚན་ལྡན་རིག་མ་གཏད་ནས་སུཿ གཟུགས་མཛེས་ལང་ཚོ་དར་བབ་པའིཿ རིག་མ་བརྟེན་ཚུལ་རྒྱལ་བས་གསུངསཿ དེ་ཕྱིར་མ་དག་ཕུང་ཁམས་སོགསཿ ཡོངས་དག་པདྨ་གར་དབང་དུཿ མོས་བློས་མཁའ་གསང་བྱིན་རླབས་ནསཿ རང་བཞིན་ཟུང་འཇུག་བསྒུལ་བསྐྱོད་མེསཿ ཀུནྡྷ་བྱང་སེམས་ཞུ་བའི་རྒྱུནཿ བབས་པས་དགའ་བཞི་མངོན་གྱུར་བསམཿ དེ་ལྟར་གསུམ་པའི་དབང་ཐོབ་ནསཿ ཡིད་སྒྲིབ་དག་ཅིང་ཕོ་ཉའི་ལམཿ སྒོམ་པར་དབང་ཐོབ་ཁྱད་པར་དགའཿ ཡེ་ཤེས་འཁོར་ལོའི་ས་ནོན་ཅིང་ཿ བདེ་སྟོང་དོན་རྟོགས་ཆོས་སྐུ་ཡིཿ གོ་འཕང་ཐོབ་པའི་རྟེན་འབྲེལ་འགྲིགཿ བཞི་པའི་དབང་དོན་མཎྜལ་དང་ཿ གསོལ་བ་གསུམ་བཏབ་ཨ་དཪྴཿ གཏད་ཅིང་བརྡ་དོན་འདི་བཞིན་བཤདཿ མེ་ལོང་ཀ་དག་སྤྲོས་བྲལ་མཚོནཿ སྣང་ཡུལ་མ་འགག་ལྷུན་གྲུབ་རྟགསཿ སྣ་ཚོགས་འཆར་བ་ཐུགས་རྗེའི་རྩལཿ ཤར་ཡང་རང་བཞིན་མ་གྲུབ་པཿ སྟོང་པ་ལས་གཞན་རྫས་དངོས་དབེནཿ ཆུ་ཟླ་ནམ་མཁའི་འཇའ་ཚོན་བཞིནཿ སྣང་བའི་ཕྱིར་ན་མེད་པ་མིནཿ བཙལ་ཡང་རྟེན་ཅིང་འབྲེལ་འབྱུང་ཙམཿ སྣང་སྟོང་འཛིན་བྲལ་རྫོགས་པ་ཆེཿ སྒོམ་མེད་ཡེངས་མེད་ཚུལ་དུ་ཞོགཿ དེ་ལྟར་དབང་བཞི་ཐོབ་པ་ཡིསཿ སྒོ་གསུམ་ཆ་སྙོམས་སྒྲིབ་དག་ནསཿ རྫོགས་པ་ཆེན་པོ་སྒོམ་པར་དབང་ཿ ལྷན་སྐྱེས་དགའ་མྱོང་མཐའ་བྲལ་རྟོགསཿ བཅུ་དྲུག་ས་ནོན་སྐུ་བཞི་ཡིཿ རྟེན་འབྲེལ་འགྲིག་པས་སྐལ་ལྡན་གྱུརཿ དེ་ལྟར་དབང་ཆེན་རྟ་མགྲིན་གྱིཿ སྨིན་བྱེད་ཡོངས་རྫོགས་ཐོབ་པ་ཡིཿ དམ་ཚིག་ཚུལ་བཞིན་བསྲུང་སྙམ་པསཿ འདི་ཡི་རྗེས་ཟློས་ལན་གསུམ་མཛོདཿ གཙོ་བོས་ཇི་ལྟར་ལན་གསུམ་དང་ཿ དེང་ནས་བརྩམས་ཏེ་བདག་བྲན་དུཿ ཁྱེད་ལ་བདག་ནི་འབུལ་བར་བགྱིཿ ཁྱོད་ཀྱིས་སློབ་མར་བཟུང་བ་དང་ཿ ཆ་ཤིས་ཀྱང་ནི་སྤྱད་དུ་གསོལཿ རྗེས་སུ་ཡོན་འབུལ་བསྔོ་སྨོན་དང་ཿ བཀྲ་ཤིས་དགའ་སྟོན་ཚོགས་འཁོར་བསྐོརཿ དཔོན་སློབ་མཆེད་ལྕམ་དམ་མཐུན་བྱཿ དེ་ཡིས་དབང་ཆེན་དངོས་གྲུབ་འགྲུབཿ དེ་ལྟར་དབང་ཆེན་རྟ་མགྲིན་གྱིཿ དབང་ཆོག་སྐུ་བཞིའི་མྱུ་གུ་འདིཿ མ་ཧཱ་གུ་རུ་པདྨ་རྒྱལཿ ཆོས་ལོངས་སྤྲུལ་སྐུའི་ཚུལ་སྣང་ཡང་ཿ རང་སེམས་ངོ་བོ་རང་བཞིན་དང་ཿ རྩལ་སྣང་གསུམ་ལས་གཞན་དབེན་བཞིནཿ གཞོན་ནུ་བུམ་པའི་གཏེར་སྒྲོམ་ནསཿ རང་བཞིན་ལྷུན་གྲུབ་སྨིན་གྲོལ་ཆོསཿ རང་རྩལ་ཐུགས་རྗེའི་གཏེར་སྟོན་གྱིསཿ དུས་རྟགས་བསྟན་འགྲོར་ཕན་ངེས་སེམསཿ ཡང་ཡང་གསལ་བཞིན་བཏང་སྙོམས་བློཿ སྤངས་ནས་སྙིང་རྗེས་གཞན་དབང་དང་ཿ ཁྱད་པར་ཌཱཀྐི་དཔལ་འཛིན་མསཿ རྟེན་འབྲེལ་ཟབ་མོས་མཚམས་སྦྱོར་གྱིསཿ ཁོ་བོ་འཆི་བ་ལས་བཤོལ་ནསཿ ལོ་ཤས་འཚོ་བའི་རྟགས་མངོན་ཚེཿ རྒྱུད་ལུང་མན་ངག་རྒྱ་མཚོའི་བཅུདཿ སྙིང་པོར་དྲིལ་བའི་ཡིད་བཞིན་ནོརཿ སྙིགས་དུས་འགྲོ་བའི་དཔལ་དུ་གྱུརཿ དེང་དུས་ལུགས་ཟུང་ཕལ་མོ་ཆེཿ གོ་ལོག་ཁོ་ནར་སྤྱོད་པའི་ཚེཿ དབང་ཆེན་རོལ་པའི་མཐུ་སྟོབས་ཀྱིསཿ འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་འགྲུབཿ དེ་ཕྱིར་འདི་ཉིད་གཅེས་པར་ཟུངས ཿ ས་མ་ཡཿ འཇིགས་མེད་ཕྲིན་ལས་འོད་ཟེར་བརྒྱསཿ རྒྱལ་བསྟན་པད་ཚལ་རྒྱས་གྱུར་སྨོནཿ དྷརྨ་བྷ་དྲས་ཡི་གེར་བྲིསཿ དགེ་བས་བསྟན་འགྲོར་ཕན་པར་ཤོགཿ དགེའོ། དགེའོ། དགེའོ། དགེའོ།། །།


previousརྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་དབང་ཆོག་སྐུ་བཞིའི་མྱུ་གུ།next