Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

5 occurrences of འབེན་
[Clear Hits]


  
  
 
  
  
  
རྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་སྦྱིན་སྲེག་དགོས་འདོད་ཀུན་འབྱུང་ནོར་བུའི་ཕྲེང་བ།
  
  
  
  
  
  
  
  
  
  
  


5 occurrences of འབེན་
[Clear Hits]

 
previousརྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་སྦྱིན་སྲེག་དགོས་འདོད་ཀུན་འབྱུང་ནོར་བུའི་ཕྲེང་བ།next

རྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་སྦྱིན་སྲེག་དགོས་འདོད་ཀུན་འབྱུང་ནོར་བུའི་ཕྲེང་བ།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ རྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་སྦྱིན་སྲེག་དགོས་འདོད་ཀུན་འབྱུང་ནོར་བུའི་ཕྲེང་བ་བཞུགས། །

ན་མོ་གུ་རུ་པདྨ་ཀྲོ་དྷ་ཧྱ་གྷྲྀ་ཝ་བྷེ། སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེའི་རྩལ། །སྲིད་གསུམ་དྲེགས་པའི་དཔུང་ཚོགས་འདུལ་བྱེད་གཉེན། །ཕྱོགས་བཅུ་དུས་གསུམ་ཁྲོ་ཚོགས་ཡོངས་ཀྱི་རྗེ། །པད་འབྱུང་དབང་ཆེན་དབྱེར་མེད་ཞབས་ལ་འདུད། །མ༷ཁྱེན་པའི་ཡེ་ཤེས་གཏིང་མཐའ་དཔག་དཀའ་ཞིང་། །བྱམས་བརྩེ༷འི་རླབས་ཕྲེང་དུས་ལ༷ས་ཡོལ་མེད་གཡོ༑ ཕྲིན་ལས་འོ༷ད་ཟེ༷ར་ནམ་ཡང་ནུབ་མེད་གཟིས། །གདུལ་བྱའི་ཆུ་སྐྱེས་སྐྱོང་མཛད་བླ་མ་དྲན། །པཎ་ཆེན་བཻ་རོའི་དགོངས་ཀློང་ལྷ་ལམ་དུ། །ཐུགས་རྗེའི་ཆུ་འཛིན་འཁྲིགས་ལས་ལེགས་ཐོན་པའི། པདྨ་དབང་ཆེན་ཡང་གསང་ཁྲོས་པའི་ཆར། །སྐལ་བཟང་གདུལ་བྱའི་ཞིང་སར་བབས་འབྲས་རྨད། །ཁྱད་པར་རྣམ་འདྲེན་དམ་པ་ཉི་ཤུ་ཡི། །སྨིན་གྲོལ་བདུད་རྩིའི་བཅུད་ཆེན་མྱོང་བའི་མཐུས། །པདྨ་དབང་ཆེན་ཁམས་གསུམ་ཟིལ་གནོན་གྱི། །སྦྱོར་དངོས་རྗེས་ཀྱི་རིམ་པ་སྤེལ་ལ་དབང་། །དེ་ཕྱིར་གང་དེའི་ལས་བཞིའི་སྦྱིན་སྲེག་གཞུང་། །དགོངས་འདོད་ཀུན་འབྱུང་ནོར་བུའི་ཕྲེང་བ་འདི། །དམ་ལྡན་རྗེས་འཇུག་ཚོགས་ཀྱི་མགུལ་རྒྱན་དུ། །སྦྱིན་འདི་རྣམ་གསུམ་དད་པས་བླང་བར་བྱོས། །དེ་ལ་དེང་འདིར་པདྨ་དབང་ཆེན་གཞུང་། །ཁམས་གསུམ་ཟིལ་གནོན་ལས་བཞིའི་སྦྱིན་སྲེག་ལ། །སྦྱོར་བ་དངོས་གཞི་རྗེས་དང་གསུམ་དབྱེ་བས། །དང་པོ་གཞུང་འདིའི་དབང་ལུང་ལེགས་ཐོབ་ཅིང་། །དམ་སྲུང་བསྙེན་སྒྲུབ་ཐེམས་པའི་རྣལ་འབྱོར་པས། །གཞུང་འདིའི་ཆོ་ག་དཀྱུས་བཞིན་འཛབ་བཟླས་བསྟོད། །བཀའ་གཏེར་སྲུང་མའི་གསོལ་མཆོད་བསྐང་ཚོགས་བཅས། །གྲུབ་རྗེས་སྦྱིན་སྲེག་ལས་ལ་འཇུག་པར་བྱ། །དེ་ལས་དང་པོ་ཐབ་དང་རྫས་བཤམས་པ། །གཉིས་ལས་ཐབ་སྟེགས་དབུས་མཐོ་མཐའ་གཞོལ་བའི། སྟེང་དུ་རྩིགས་ཐབ་བྲིས་ཐབ་བྲུས་ཐབ་གསུམ། །གང་ཡང་རུང་སྟེ་བྲིས་ཐབ་མ་ཡིན་ན། །རྒྱ་ན་གྲུ་གང་དཔངས་སུ་མཐོ་གང་ལ། །ཞི་རྒྱས་དབང་དྲག་རང་རང་ཐབ་དབྱིབས་བྱ། །མདོག་ཀྱང་དཀར་སེར་དམར་པོ་ལྗང་གུར་བསྒྱུར། །དེ་ཡང་ཁ་ཁྱེར་སྟེང་དུ་ལས་བཞི་པོར། །རིམ་བཞིན་རྡོ་རྗེ་རིན་ཆེན་པདྨ་དང་། །རལ་གྲི་དང་བཅས་མུ་རན་མེ་རི་སོགས། །མཐོང་བརྒྱུད་ཇི་བཞིན་བྲི་ཞིང་ཚོན་གྱིས་བསྒྱུར། །བྲིས་ཐབ་ཡིན་ན་ལས་བཞི་གང་འོས་ཀྱི། །ཤིང་གིས་ཐབ་དབྱིབས་བརྩིག་གམ་ལྕི་བ་ཡང་། །སྲོག་ཆགས་མེད་པའི་རླན་བྲལ་གྱིས་ཀྱང་རུང་། །དེ་ཡང་རྒྱ་དཔངས་ལ་སོགས་སྤྱི་དང་མཚུངས། །གཉིས་པ་མཆོད་རྫས་དང་ནི་བསྲེག་རྫས་ཟུང་། །བཤམས་ལུགས་སྒྲུབ་པོའི་གཡས་སུ་བསྲེག་རྫས་དང་། །གཡོན་དུ་མཆོད་རྫས་མདུན་དུ་དགང་བླུགས་གཉིས། །ཁ་སྦྱར་བྱས་ཤིང་འབྲལ་མེད་སྟེགས་ལ་བཞག །གཞན་ཡང་རྡོར་དྲིལ་རླུང་གཡབ་ཉེར་མཁོའི་རྫས། །མ་ཚང་མེད་པ་མཐོང་བརྒྱུད་ཇི་བཞིན་བཤམས། དེ་ཡང་ལས་བཞི་སོ་སོར་འོས་པ་ཡི། །ཡམ་ཤིང་སྐྱོན་བྲལ་རླན་དང་ལྡན་པ་ཡང་། །ཚད་དབྱིབས་མཚན་ཉིད་མཐོང་བརྒྱུད་རྣམ་དག་བཞིན། །ཞི་རྒྱས་དབང་གསུམ་མངར་གསུམ་མར་ཁུ་དང་། །དྲག་པོར་དེ་ཡི་རྫས་ཀྱིས་བྱུག་པར་བཤད། །བསྲེག་པའི་རྫས་ནི། སྦས་པ་མིག་འབྱེད་ལས། །ཏིལ་དང་མེ་ཏོག་ཨ་མྲྀ་ཏ། །བྱི་ཐང་འབྲས་བུ་ཁུ་བྱུག་ཙ། །རུ་ཏྲ་ཤུ་དག་རྒྱ་སྤོས་དང་། །སྲི་ཡང་ཀུ་དང་ལན་ཚྭ་དང་། །པདྨ་གེ་སར་ནཱ་ག་པུཥ། །ཞིབ་བཏགས་དཀར་མངར་དྲུག་གིས་སྦྲུས། །ཙམ་བསྲེག་པའི་རིལ་བུ་བྱ། །ཞེས་གསུངས་ཇི་བཞིན་རྫས་རྣམས་ཡང་གསང་གི། །དགོས་ཆོས་ཡིན་ཕྱིར་ཞིབ་བཏགས་དཀར་གསུམ་དང་། །མངར་གསུམ་གྱིས་སྦྲུས་རིལ་བུ་སྲན་མ་ཙམ། །ལས་བཞི་སོ་སོའི་མདོག་བཞིན་ཁ་དོག་བསྒྱུར། །ཞི་བར་ཏིལ་དང་རིལ་བུ་ཆབས་ཅིག་འབུལ། །དེ་བཞིན་རྒྱས་པར་ཞོ་ཟན་དབང་ལ་ནི། །ལུག་རུ་དམར་པོ་ཁུག་ཆོས་ནས་འབྲས་ཡང་། །དམར་པོར་བསྒྱུར་ཏེ་རིལ་བུ་དང་བཅས་འབུལ། །དྲག་པོར་ཡུངས་དཀར་དུག་རྫས་ཤ་ཁྲག་དང་། །ཚོགས་བསྒྲལ་ལིང་རོ་རིལ་བུ་དང་བཅས་འབུལ། །དེ་ཡང་བྱེ་བྲག་ཡང་གསང་ཁོ་ན་ཡི། །སྤྱི་བསྡོམས་ཐབ་རྫས་བཤམས་ཚུལ་འབུལ་ལུགས་སོགས། །གཤམ་དུ་གསལ་བར་བྱས་ལ་བལྟ་བར་མཛོད། །དེ་ལ་མཆོད་རྫས་སྟེགས་བུ་ཁེབ་ལྡན་སྟེང་། །ཕྱི་མཆོད་སྣ་ལྔ་ནང་མཆོད་སྨན་རཀ་གཏོར། །དེ་དག་མཐོང་བརྒྱུད་ཇི་བཞིན་ཚང་བར་བཤམས། །གཉིས་པ་དངོས་གཞི་ལ་ཡང་རྣམ་པ་གཉིས། །འཇིག་འདས་ལྷ་གཉིས་རིམ་བཞིན་མཆོད་པ་ལ། །མཆོད་བསྲེག་རྫས་རྣམས་རཾ་ཡཾ་ཁཾ་དང་ནི། ༀ་ཨཱཿཧཱུཾ་གིས་ལན་གསུམ་བྱིན་བརླབས་ནས། ལས་ཆུས་བྲན་བཞིན་ཨ་མྲྀ་ཏས་བསངས་ནས། སྟོང་པའི་ངང་ལས་ཉི་ཟླའི་གཞོང་པ་རུ། །བསྲེག་རྫས་རོ་བརྒྱ་ལྡན་པའི་ཡེ་ཤེས་ཀྱི། ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཞེས་བསམ་འབྲུ་གསུམ་ལན་གསུམ་བརྗོད་པས་བརླབས། །དེ་ནས་ཐབ་ལ་ནང་མཆོད་གཏོར་བཞིན་དུ། ༀ་རཾ་ཀྲོ་དྷ་རཀྵ་བཛྲ་ཛྭ་ལ་རཾ། ཏིགྣ་བི་ཤྭ་ཛྭ་ལ་རཾ། ཕཊ་རཾ་རཾ། ཞེས་པས་སྔགས་ཀྱིས་བགེགས་བསྐྲད་ཐབ་སྦྱང་བ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཆུ་སྐྱེས་ཚ་ཟེར་སྟེང་ཿ བྷྲུཾཿཡིག་ཡོངས་གྱུར་དབང་དྲག་ཐབ་ཁུང་དམརཿ རྒྱ་དང་མཚན་ཉིད་ཕུན་སུམ་ཚོགས་པ་ཡི། །ཁ་ཁྱེར་ལ་ནི་པདྨ་བྷནྡྷ་དང་ཿ ལྕགས་ཀྱུའི་ཕྲེང་བ་མུ་རན་རྡོར་ཕྲེང་ལྡནཿ ཕྱི་ཡི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚནཿ དྭངས་ཤིང་གསལ་ལ་འོད་དམར་འཕྲོ་བར་བསམ། །དེ་དབུས་ཉི་སྟེང་ར་སྐྱེས་ཁམ་པའི་གདན། །དེ་སྟེང་བདག་ཉིད་ཐུགས་ལས་རམ་དམར་པོ། །འཕྲོ་འདུས་དང་ནི་ཡོངས་སུ་གྱུར་པ་ལས། །དྲང་སྲོང་མེ་ལྷའི་རྒྱལ་པོ་མེ་མདོག་ལྡན། །ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་མངོན་རྟོགས་ངོམ། །གཡས་པ་མེ་དར་གཡོན་ན་ལྕགས་ཀྱུ་བསྣམས། །རལ་བ་ཐོར་ཚུགས་ཨག་ཚོམ་རབ་མཛེས་ཤིང་། །རི་དྭགས་པགས་པའི་སྟོད་གཡོགས་ཚངས་སྐུད་ལྡན། །དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་དང་། །རང་གི་ཐུགས་ཀའི་ས་བོན་ཧྲཱིཿཡིག་ལས། །འོད་འཕྲོས་འཇིག་རྟེན་ཤར་ལྷོའི་མཚམས་གནས་པའི། །མེ་ལྷའི་ཐུགས་ཀར་ཕོག་པས་ཐུགས་ཀྱི་རྒྱུད། །བསྐུལ་བས་དེ་མ་ཐག་ཏུ་འབྱོན་དགོངས་གྱུར། །ཞེས་བསམ་ལྕེ་ལྡེ་སྦར་བ་ཐབ་ཁུང་ལ། ལན་གསུམ་བསྐོར་ཞིང་སྔགས་འདིས་མེ་སྦར་ཞིང་། །ༀ་ཨགྣེ་ཡེ་སྭཱ་ཧཱ། ༀ་བཛྲ་ཛྭ་ལ་རཾ་ཧོ། ཞེས་དང་། ཧོ། མེ་ལྷའི་རྒྱལ་པོ་དྲང་སྲོང་ཆེན་པོ་ཁྱོད། །སྔོན་ཚེ་སུམ་རྩེན་གནས་སུ་སྦྱིན་སྲེག་གི། །ཆོ་གས་ལྷ་རྣམས་དགའ་བར་མཛད་པ་ལྟར། །ད་ལྟར་བདག་གིས་མཆོག་དང་ཐུན་མོང་གི། །དངོས་གྲུབ་བསྒྲུབ་ཕྱིར་མེ་ལྷ་སྤྱན་འདྲེན་ན། །འདིར་སྤྱོན་མཆོད་པའི་ཚོགས་ཀུན་བཞེས་མཛོད་ལ། །བདག་གི་ལས་བཞིའི་ཕྲིན་ལས་ཡོངས་འགྲུབ་མཛོད། །ༀ་བཛྲ་ས་མཱ་ཛཿ དེ་ནས་མེ་དར་གཡབ་ཅིང་། ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེའི་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་མཛོད། །ཨགྣེ་ཡེ་དེ་ཝ་རི་ཥི་ཛ་ཛཿ ཞེས་པས་མེ་ལྷ་འཁོར་བཅས་ཤར་ལྷོ་ནས། བྱོན་ནས་དམ་ཚིག་པ་དང་དབྱེར་མེད་དུ་གྱུར། ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད། སླར་ཡང་རང་གི་ཐུགས་ཀའི་ས་བོན་ལས། འོད་འཕྲོས་དབང་ལྷ་རིགས་ལྷ་སྤྱན་དྲངས་གྱུར། །ༀ་བཛྲ་ས་མཱ་ཛཿ ཞེས་དང་མདུན་མཁར་བཞུགས་པའི་ལྷ་རྣམས་ལ། །དེ་བཞིན་གཤེགས་ཀུན་འདི་ལ་དབང་བསྐུར་སྩོལ། །ཞེས་གསོལ་མོད་ལ་དབང་བསྐུར་བདུད་རྩི་ཆུས། །སྐུ་གང་དྲི་དག་ཆུ་ལྷག་ཡར་འཕྱུར་བས། རིགས་བདག་འོད་དཔག་མེད་ཀྱིས་དབུ་བརྒྱན་གྱུར། །དེ་ནས་ཀུ་ཤ་བསངས་ཤིང་སྦྱངས་བྱས་ནས། ཧཱུཾ་ལས་བྱུང་བའི་ཀུ་ཤ་སྔོ་ལྗང་ནི། །རྩ་ཡི་རྩེ་མོ་མ་ཉམས་མཚན་ཉིད་ལྡན། །ལས་བཞིའི་ཕྲིན་ལས་སྒྲུབ་པའི་ནུས་ལྡན་གྱུར། །ཞེས་བརྗོད་ཀུ་ཤ་དགྲམ་པ་འདི་ལྟར་རོ། །ཀུ་ཤ་འདི་ནི་གཙང་ཞིང་དགེ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །དཀོན་མཆོག་གསུམ་གྱི་དག་བྱེད་དེ། །ཚངས་པ་ཡི་ཡང་དག་བྱེད་ཡིན། །འདིས་ནི་བདག་ལ་གེགས་མེད་ཅིང་། །ཞི་དང་བདེ་ལེགས་མཛད་དུ་གསོལ། །བཛྲ་ས་ཏྭ་ཨཿ ཞེས་བརྗོད་ཐབ་ཀྱི་ཕྱོགས་མཚམས་བརྒྱད་པོ་རུ། །སྔོན་མའི་རྩེ་མོ་རྗེས་མའི་རྩ་བ་ཡིས། །ནོན་བཞིན་གཡས་བསྐོར་ཚུལ་དུ་དགྲམ་པར་བྱ། །དེ་ནས་བྱོན་ཟན་མར་ཁུ་དགང་བླུགས་གསུམཿ གཡས་བསྐོར་བྱ་བཞིན་སྔགས་འདིས་ལན་གསུམ་འབུལཿ དེ་ཚེ་དམིགས་པ་འདི་བཞིན་བྱེད་དགོས་ཏེ། མེ་ལྷའི་ལྗགས་ཉིད་རྡོ་རྗེ་ཧཱུཾ་མཚན་རྩེར། །རཾ་ཡིག་དང་ནི་དགང་བླུགས་རྩེ་ཡོར་ཡང་། །རཾ་གསལ་མར་ཁུའི་རྒྱུན་དྲངས་མེ་ལྷ་ཡི། །ཞལ་དུ་སོང་བས་ཐུགས་རྒྱུད་མཉེས་པར་གྱུར། །ཞེས་བསམ། ༀ་ཨགྣེ་ཡེ་སྭཱ་ཧཱ། ལན་བདུན་བརྗོད་བཞིན་མར་ཁུས་དགང་གཟར་བཀང་། །དགང་བླུགས་ཁ་སྦྱར་གཡས་བསྐོར་བྱས་ལ་དབུལ། ༀ་ཨགྣེ་ཡེ་དེ་བྱ་དེ་བྱ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧ་ན་ཡ་སྭཱ་ཧཱ། ཞེས་པས་དེ་འདྲ་ལན་གཉིས་ཕུལ་བའི་མཐར། ༀ་ཨགྣ་ཡེ་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ༴ དྷུ་པེ༴ ཨ་ལོ་ཀེ༴ གྷནྡྷེ༴ ནཻ་ཝི་དྱ༴ ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། དེས་ཕྱི་མཆོད་ལྔ་པོ་ལན་བདུན་འབུལ། ༀ་ཨགྣེ་ཡེ་དེ་ཝ་རི་ཥི་མ་ཧཱ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བཱ་ལིང་ཏ་ཁ་རཾ་ཁཱ་ཧི། ཞེས་སྨན་རཀ་གཏོར་གསུམ་གོང་བཞིན་འབུལ། དེ་ནས་བསྲེག་རྫས་འབུལ་བའི་རིམ་པ་ནི། མེ་ལྷ་དྲང་སྲོང་ཆེན་པོ་འཁོར་བཅས་ལ། །དངོས་བཤམས་ཡིད་སྤྲུལ་ཞལ་ཟས་བདུད་རྩི་འདི། །དག་ཅིང་གཙང་མར་སྦྱར་ཏེ་འབུལ་ལགས་ཀྱིས། །ཡེ་ཤེས་ཐུགས་རྗེས་དགོངས་ལ་བཞེས་སུ་གསོལ། །ༀ་ཨགྣེ་ཡེ་དེ་ཝ་རི་ཥི་ཧ་བྱ་ཀ་བྱ་བ་ཧཱ་ན་ཡ་ཏི་བེ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་དང་། །ཁྱད་པར་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ། དེ་ནས་རིལ་བུ། མེ་ཏོག །ཡམ་ཤིང་རྣམས་སོ་སོར་བདུན་རེ་སྔགས་སྤེལ་ཚིག་དེ་ཉིད་ཀྱིས་ཕུལ། །འདི་ནི་ལས་བཞི་ཐུན་མོང་ལྟར་དབང་གི་ཕྲིན་ལས་ལ་རྫོགས་པར་བྱས་ཏེ་འབུལ་བའི་ལུགས་ཡིན་ལ་གཞན་ལས་བཞི་སོ་སོའི་ལུགས་སུ་འབུལ་ཚུལ་ནི་འདི་ཉིད་ཀྱི་གཤམ་དུ་གསལ་བ་ལ་བལྟ་བར་བྱའོ། །དེ་ནས་རོལ་མོར་བཅས་ཏེ་འདི་ལྟར་བསྟོད། ཧཱུཾ། སངས་རྒྱས་རིགས་ཀྱི་སྤྲུལ་པའི་མཆོག་གྱུར་པ། །མེ་ཡི་ལྷ་ནི་བདེ་ཆེན་སྣང་མཐའ་ཡས། །རྣམ་ཀུན་མཆོག་ལྡན་ལྷ་མོ་གོས་དཀར་མོ། །རྒྱལ་ཀུན་སོར་རྟོགས་ཡེ་ཤེས་ངོ་བོ་ཉིད། །འབྱུང་བ་མེ་ཁམས་རྣམ་དག་འགག་མེད་གསུང་། །འཁོར་བའི་སྡུག་བསྔལ་བསྲེག་པའི་དམ་བཅའི་དོན། །ནམ་ཡང་མི་འདོར་ཐུགས་དམ་གཡོ་བ་མེད། །ཉོན་མོངས་སྲེག་བྱེད་ཡེ་ཤེས་མེ་ཡི་ལྷར། །མཆོད་ཅིང་བསྟོད་དེ་ཕྱག་འཚལ་དངོས་གྲུབ་སྩོལ། །ཞེས་པ་བརྗོད་ཅིང་ཕྲིན་ལས་བཅོལ་བ་ནི། ཧོཿ མེ་ལྷའི་རྒྱལ་པོ་དྲང་སྲོང་ཁྱོད་ཉིད་ལ། །མཆོད་ཅིང་བསྟོད་ནས་ཕྲིན་ལས་བཅོལ་བའི་མདོ། །སྔོན་གྱི་ཐུགས་དམ་ཞལ་བཞེས་ཇི་བཞིན་དུ། །སྲེག་བྱེད་མེ་དཔུང་འབར་བ་འདི་ཉིད་དང་། །དབྱེར་མེད་བཞུགས་ལ་བསྲེག་རྫས་སྣ་ཚོགས་ཀུན། །པདྨ་དབང་ཆེན་ཁམས་གསུམ་ཟིལ་གནོན་གྱི། །ལྷ་ཚོགས་འཁོར་བཅས་ཞལ་དུ་སྟོབ་པར་མཛོད། །ཅེས་བརྗོད་ཐབ་ཏུ་མར་ཁུ་བླུགས་གཟར་གང་ཕུལ་ཞིང་། བཛྲ་ཛྭ་ལ་རཾ་བརྗོད་པས། མེ་ལྷ་འབར་བའི་རྣམ་པར་གྱུར་ཞེས་བསམ། ༈ གཉིས་པ་འཇིག་རྟེན་ལས་འདས་ཡེ་ཤེས་པ། པདྨ་དབང་ཆེན་ལྷ་ཚོགས་མཆོད་ཚུལ་ནི། ཐབ་ལ་ནང་མཆོད་གཏོར་བཞིན་བགེགས་བསྐྲད་སྔགས། བརྗོད་མཐར་སྭ་བྷཱ་ཝས་སྦྱངས་དམིགས་མེད་གྱུར། སླར་ཡང་སྣ་ཚོགས་ཆོས་རྣམས་མཐའ་བཞི་ཡི། །དྲི་མ་ལས་འདས་འོད་གསལ་བ་ཡི་ངང་། །ཞེས་བརྗོད་བར་འདིར་ཆོ་ག་འགྲོ་དགོས་པར། །སྤྲོ་ན་ལས་བྱང་གཞུང་བཞིན་བཏང་དགོས་ཕྱིར། ཧྲཱིཿཧཱུཾཿ ཆོས་ཉིད་སྤྲོས་བྲལ་མཁའ་དབྱིངས་ལསཿ སོགས་ནས། ཞིང་རྡུལ་མཉམ་པས་ཕྱག་འཚལ་ལོཿ ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ ཞེས་པ་ཡན་ཚང་བར་བྱའོ། ༈ བསྡུ་ན། བྷྲུཾ་བྷི་ཤ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜལ་བྷྲུཾ། ཧྲཱིཿབཛྲ་ཀྲོ་ཏ་ཧྱ༴ ༀ་མ་ཧཱ་ཀྲོ་དྷ༴ སོགས། ༀ་བཛྲ་གྷནྚེ་ཧོ། ༀ་ཨཱཿཧཱུཾ། བནྡྷ་ཀ་པཱ་ལ་བྷྲུཾ་བྷྲུཾ་བྷྲུཾ་བྷྲུཾ། ཧཱུཾ་བཛྲ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུཾ། ༀ་བུདྡྷ་ཧེ་རུ་ཀ༴ ས་རརྣ་ཧེ༴ ༀ་པདྨ་ཧེ་རུ༴ ཧ་ཀརྨ་ཧེ༴ ༀ་ཨེ་ཧྱ་ཧི་བྷ་ག་ཝན་མ་ཧཱ་ཀཱ་རུ་ཎི་ཀ་ཏྲི་ཤྱ་ཧོ། ས་མ་ཡ་ཛཿ ས་མ་ཡ་སྟྭཾ། ༀ་བཛྲ་ཨཾ་ཀུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾ། ༀ་བཛྲ་སྥོ་ཊ་བཾ། ༀ་བཛྲ་གཎྜེ་ཧོ། ཞེས་རང་རང་གི་ཕྱག་རྒྱ་དང་བཅས་པས་དགུག་གཞུག་བཅིངས་དབང་དུ་བྱའོ། དམ་ཚིག་དབང་གི་དཀྱིལ་འཁོར་འདིར། །ཡེ་ཤེས་དབང་ཆེན་དཀྱིལ་འཁོར་མཆོག །ཕོ་བྲང་དམ་ཚིག་དཀྱིལ་འཁོར་འདིར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཀཱ་ཡ་ཝཱཀྐ་ཙིརྟ་ཏིཥྛ་བཛྲ། ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། དམ་ཚིག་གི་དཀྱིལ་འཁོར་གཉིས་སུ་མེད་པར་གྱུར་བར་བསམ། དེ་ལྟར་རྒྱས་བསྡུས་གང་རུང་མཐར། །སྦྱིན་སྲེག་མཆོད་འབུལ་འདི་ལྟར་བྱ། ཧཱུཾ། བདུག་སྤོས་སྣང་གསལ་ཞུགས་ཏོག་སྒྲ། །ཞལ་ཟས་དྲི་ཆབ་འདི་རྣམས་ཀྱང་། །པདྨ་དབང་ཆེན་དཀྱིལ་འཁོར་ལ། །མཆོད་པར་འབུལ་ལོ་བཞེས་སུ་གསོལ། །ཐུགས་རྗེས་དགོངས་ལ་དངོས་གྲུབ་སྩོལ། །ཧྲཱིཿབཛྲ་ཀྲོ་དྷ་ཧྱ༴ ཕཊཿ ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ། པུཥྤེ༴ དྷུ་པེ༴ ཨ་ལོ་ཀེ༴ གྷནྡྷེ༴ ནཻ་ཝི་དྱ༴ ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ཞེས་ཕྱག་རྒྱ་བཅས་པས་ཉེར་གཅིག་དབུལ། དེ་བཞིན་དུ་གོང་གི་སྔགས་ཀྱི་མཇུག་ཏུ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི་མ་ཧཱ་བཱ་ལིངྟ༴ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་ཉེར་གཅིག་གིས་དབུལ། དེ་ནས་བསྲེག་རྫས་འབུལ་བའི་ཐོག་མར་བྱོན་སྐྱེམས་འབུལ་བ་ནི། དབང་ཆེན་ཞལ་གདངས་རྡོ་རྗེ་རྩེ་གསུམ་ལྗགསཿ རྩེ་མོར་ཧཱུཾ་རཾ་གྱིས་མཚན་གསལ་བ་དང་། །དགང་བླུགས་རྩེ་ཡང་རམ་མཚན་མར་ཁུའི་རྒྱུནཿ དབང་ཆེན་ལྗགས་ཉིད་འོད་ཀྱི་སྦུ་གུ་ཡིས། །དྲངས་ཤིང་གསོལ་བས་མཉེས་ཚིམ་དགྱེས་སྐོང་གྱུར། །ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊཿ ཅེས་ལན་བདུན་བརྗོད་ཅིང་བླུགས་གཟར་གྱིས་དགང་གཟར་དུ་མར་ཁུ་བླུགས་ནས་དགང་བླུགས་ཁ་སྦྱར་ཏེ། ཐབ་ལ་གཡས་བསྐོར་བྱས་ནས་ཕུལ་ཞིང་། ཨུ་ཏ་ཀྲོ་ཏ་ཡ། ར་ག་ར་ག པདྨ་བྷནྡྷ་ཡ་ར་ག་ར་ག། ཛྭ་ལ་རཾ་ཁ་རཾ་ཁཱ་ཧི། བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་ལྷ་མིའི་དཔལ་འབྱོར་སྐྱེ་འགྲོ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཝཱ་ཤཾ་ཀུ་རུ་ཧོ། ཞེས་བརྗོད་ལ། སླར་ཡང་དེ་ལྟ་བུ་ཚར་གཉིས་ཕུལ་ལ། དེ་ལ་རྫས་དངོས་གཞི་ནི། རྫས་རེ་སྔགས་རེས་འབུལ་དགོས་ཤིང་འགོ་འདྲེན་ཨུ་ཏ་ཀྲོ་ཏ་སོགས་ལ་ལན་གཅིག་བརྗོད་མཐར་རྩ་སྔགས་ཁོ་ནས་ཉེར་གཅིག་རེ་ཕུལ་མཐར། བདག་དང་མཐའ་ཡས་པའི་སེམས་ཅན༴ སོགས། ཧོཿ མེ་ཏོག། ཡམ་ཤིང་། མར་ཁུ་རྣམས་སོ་སོར་རྩ་སྔགས་བདུན་རེ་ཙམ་གྱིས་ཕུལ་མཐར་འདོད་གསོལ་སྦྱར་རྗེས་ཡང་རྩ་སྔགས་རེ་དང་རིལ་བུ་རེ་སྦྲགས་ཏེ་ཕུལ་བས་གྲངས་ཚད་འཛིན་པས་ཐུན་རེ་ལ་ཅི་ཙམ་འགྲོ་བ་དབུལ་བའི་བར་སྐབས་སུ་ཡམ་ཤིང་དང་མར་ཁུ་ནི་མེའི་ཚོད་དང་སྦྱར་ཏེ་དབུལ་བ་ལས་ངེས་པ་མི་དགོས་ཤིང་། །དེ་བཞིན་དུ་ཡུམ་ལ་འབུལ་ཚུལ་ཡང་། །ཨུ་ཏ་ཀྲོ་ཏས་འགོ་དྲངས་པའི། ༀ་མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ་ཕཊཿ ཨརྒྷཾ་སོགས། ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། སརྦ་པཉྩ་རཀྟ་བྷ་ལིང་ཏ་ཁཱ་ཧིཿ བཅུ་རེ་དང་། རིལ་བུ། མེ་ཏོག ཡམ་ཤིང་དང་། མར་ཁུ་རྣམས་ཨུ་ཏ་ཀྲོའི་སྔགས་ཚར་གཅིག་གི་མཐར་ཡུམ་སྔགས་ཁོ་ནས་རྫས་ཕུལ་མཐར། །འཁོར་རྟ་མགྲིན་རིགས་བཞི་ལ་སྦྱིན་སྲེག་འབུལ་བ་ནི། གོང་ལྟར་ཨུ་ཏ་ཀྲོ་ཏས་འགོ་དྲངས་ཤིང་། ༀ་བཛྲ་ཤྭ་ར་ཀྲོ་ཏ་ཧཱུཾ་ཕཊཿ ༀ་རརྣ་ཤྭ་ར་ཀྲོ་དྷཱ་ཧཱུཾ་ཕཊཿ ༀ་པདྨ་ཤྭ་ར་ཀྲོ་དྷཱ་ཧཱུཾ་ཕཊཿ ༀ་ཀརྨ་ཤྭ་ར་ཀྲོ་དྷཱ་ཧཱུཾ་ཕཊཿ ཨརྒྷཾ་པ་དྱཾམ། སོགས། སརྦ་པཉྩ་རཀྟ་བྷ་ལིང་ཏ་ཁ་རཾ་ཁཱ་ཧིཿ བདུན་རེ་དང་། དེ་བཞིན་དུ། རིལ་བུ། ཡམ་ཤིང་། མར་ཁུ་རྣམས་ཨུ་ཏ་ཀྲ་ཏའི་སྔགས་ཚར་གཅིག་གིས་འགོ་དྲངས་པའི་རིགས་བཞིའི་སྔགས་ཀྱི་བཅུ་ཆའི་གྲངས་འབུལ། །དེ་བཞིན་དུ་སྒོ་མ་བཞི་ལ་སྦྱིན་སྲེག་འབུལ་བ་ནི། ཨུ་ཏ་ཀྲོ་ཏའི་མཇུག་ཏུ། ༀ་བཛྲ་ཨཾ་ཀུ་ཤ་ཛཿ ༀ་བཛྲ་པཱ་ཤ་ཧཱུཾཿ ༀ་བཛྲ་སྥོ་ཊ་བཾཿ ༀ་བཛྲ་གཎྜེ་ཧོཿ ཨརྒྷཾ༴ སོགས། ཁ་རཾ་ཁཱ་ཧིའི་བར་ལན་བཞི་རེ་དང་། དེ་ནས། རིལ་བུ། མེ་ཏོག །ཡམ་ཤིང་། མར་ཁུ་རྣམས་ཨུ་ཏ་ཀྲོ་ཏས་འགོ་དྲངས་པའི་སྒོ་མ་བཞིའི་སྔགས་ཀྱིས་ལན་བཞི་རེ་དང་རྫས་ཀྱང་རིགས་འགྲེས་ཕུལ། །ལྷ་ཚོགས་རྣམས་ལ་སྨོན་ལམ་གསོལ་བ་ནི། ན་མོ། དམར་ནག་གྲུ་གསུམ་འབར་བའི་གཞལ་ཡས་སུ། །པདྨ་དབང་ཆེན་ཁམས་གསུམ་ཟིལ་གནོན་རྗེ། །ཡབ་ཡུམ་འཁོར་དང་བཅས་པ་ཐམས་ཅད་ལ། །དངོས་བཤམས་ཡིད་སྤྲུལ་སྲེག་བླུགས་ཕུལ་བའི་མཐུས། །སྐུ་གསུང་ཐུགས་རྒྱུད་མཉེས་ཤིང་ཚིམ་པའི་ཕྱིར། །དགྱེས་པར་བཞེས་ལ་བདག་སོགས་དགྲོ་ཀུན་གྱི། །དུག་གསུམ་དུག་ལྔ་ལ་སོགས་ཉོན་མོངས་པ། །བརྒྱད་ཁྲི་བཞི་སྟོང་སྒོ་ནས་བསགས་པ་ཡི། །ལས་དང་ཉོན་མོངས་བག་ཆགས་སྒྲིབ་པ་རྣམས། །བྱང་ཞིང་དག་ནས་ཚོགས་གཉིས་ཡོངས་རྫོགས་ཏེ། །པདྨ་དབང་ཆེན་ཞལ་མཇལ་གསུང་ཐོས་ཤིང་། །གནས་སྐབས་སུ་ཡང་སྡེ་བཞི་དགེ་བཅུ་ཡི། །དཔལ་དང་ཡོན་ཏན་མངོན་དུ་གྱུར་ནས་ཀྱང་། །འགྲོ་རྣམས་དགེ་ལ་འཁོད་ནུས་སྟོབས་ལྡན་མཛོད། །བསྟོད་པ་ནི། ཧྲཱིཿཧཱུཾཿ ཀ་དག་ཆོས་སྐུའི་དབྱིངས་ལས་མ་གཡོས་ཀྱང་། །དབང་ཆེན་ཁམས་གསུམ་ཟིལ་གནོན་ཡབ་ཡུམ་དང་། །རིགས་བཞིའི་ཁྲོ་བོ་སྒོ་སྲུང་ཁྲོ་མོ་བཅས། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་སླར་ཡང་དགང་བླུགས་བདུན་གསུམ་དྲངས། །གཙོ་བོའི་སྔགས་ཀྱིས་འབུལ་བར་བྱས་རྗེས་སུ། །ཕྱི་ལྔ་ནང་གསུམ་མཆོད་པ་ལན་གསུམ་འབུལ། །དེ་ནས་བཤགས་པ་སྒོ་གསུམ་གནོང་འགྱོད་ཀྱིས། ཧོ། པདྨ་དབང་ཆེན་ལྷ་ཚོགས་དགོངས་སུ་གསོལ། །བདག་ཅག་མ་རིག་རྨོངས་པའི་སྒོ་གསུམ་གྱིས། །ཁྱེད་རྣམས་ཐུགས་དང་འགལ་བའི་བག་མེད་ལས། །མཐོལ་ལོ་བཤགས་སོ་ཚངས་པར་སྩལ་དུ་གསོལ། །ༀ་པདྨ་ཧེ་རུ་ཀ༴ སོགས། གསུམ་བརྗོད་གཤེགས་གསོལ་ཉེར་བསྡུ་ལྷར་ལྡང་ནི། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཡེ་ཤེས་པ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྟིམས། ཛཿཧཱུཾ་བཾ་ཧོཿས་རང་དང་དབྱེར་མེད་གྱུར། རྗེས་སུ་མར་ཁུ་བླུགས་གཟར་གང་ཐབ་ཏུ་བླུགས་པས་མེ་གསོས་ཤིང་འབར་བར་བྱས་ནས། །སླར་ཡང་མེ་ལྷ་འབར་བའི་རྣམ་པ་དེ། །སྔོན་བཞིན་མེ་ལྷའི་སྐུ་རུ་གསལ་བ་ལ། །ཕྱི་ལྔ་ནང་གསུམ་བསྲེག་རྫས་བཞི་པོ་རྣམས། །ལན་བདུན་འབུལ་བའི་རྗེས་སུ་བསྟོད་པ་ནི། མེ་སྟེ་བསྲེག་བྱའི་དངོས་པོ་ཟ་བའི་ལྷ། །དྲང་སྲོང་ཨགྣེ་རཱ་ཛ་གདོན་གྱི་མཆོག །ཤར་ལྷོ་མེ་ལྷའི་འཁོར་ཚོགས་ཐམས་ཅད་ལ། །མཆོད་ཚོགས་ཀུན་འབུལ་བསྟོད་ཅིང་བསྔགས་པར་བགྱི། །ཞེས་བརྗོད་དགང་བླུགས་བདུན་གྱིས་གཤེགས་སྐྱེམས་ཕུལ། །དེ་ནས་བཤགས་པ་བཟོད་གསོལ་འདི་ལྟར་བྱ། །མཆོད་ཚོགས་མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་ཅག་རྨོངས་པའི་བློ་ཡིས་ནི། །ཉེས་ཚོགས་བགྱིས་དང་བགྱིད་དུ་རྩལ་བ་གང་། །དེ་ཀུན་བཟོད་པར་མཛད་ཅིང་ཚངས་པར་སྩོལ། །ཡིག་བརྒྱ་ལན་གསུམ་བརྗོད། ཨགྣ་ཡེ་བཛྲ་མུཿ མེ་ལྷ་ཡེ་ཤེས་རང་བཞིན་གནས་སུ་གཤེགས། དམ་ཚིག་པ་ཛཿཧཱུཾ་བཾ་ཧོས་རང་གི་སྙིང་གར་ཐིམ་པར་བསམ་མོ། གསུམ་པ་རྗེས་ཀྱི་ཆོ་གའི་རིམ་པ་ནིཿ དེ་ལ་ཡང་དངོས་སུ་བསྟན་པའི་སྦྱིན་སྲེག་གི་གཞུང་འདི་ནི་ལས་བཞི་སྤྱི་དྲིལ་ལྟར་ལ་དབང་གི་སྦྱིན་སྲེག་གཙོ་བར་སྟོན་པ་ལགས་མོད། འོན་ཀྱང་ལས་བཞི་སོ་སོར་བྱེད་ན་གང་གཙོ་ཆེ་བ་དེའི་ཐབ་ཀྱི་མདོག་དང་དབྱིབས། མེ་ལྷའི་སྐུ་མདོག་སོགས་བསྒྱུར་ཤེས་པར་བྱ་དགོས་པ་དང་། །དེ་བཞིན་དུ་སྲེག་ལྷ་ལ་ཡང་ལས་བཞི་གང་ཡིན་གྱི་རྫས་གང་གཙོ་དེ་ཉིད་མང་བར་བྱེད་ཅིང་ལྷའི་སྐུ་མདོག་བསྒྱུར་མི་དགོས་ཤིང་འོད་ཟེར་བསྒྱུར་བ་གཞུང་རྣམ་དག་ནས་བཤད་པ་ལྟར་རོ། །དེ་ལྟར་རགས་རིམ་ཙམ་བཤད་པ་ལས་ཞིབ་ཆ་ནི་ལས་བཞིའི་གཞུང་མཐོང་བརྒྱུད་རྣམ་དག་ལྟར་བྱ་བ་ཁོ་ནའོ། །སྔགས་ཀྱི་གཤམ་འདོགས་དང་འདོད་གསོལ་ཡང་སྤྱི་ལྟར་བྱས་པས་འཐུས་ལ། མདོར་ན་སྔ་འགྱུར་གཏེར་མའི་སྦྱིན་སྲེག་གི་གཞུང་ལྟར་བྱ་བ་ལས་གཞན་མི་དགོས་སོ། །དེ་ནས་སྦྱིན་སྲེག་གི་མེ་རང་ཞིར་གཏོང་བའམ། །ཡང་ན་དྲི་བཟང་ཆུ་དང་འོ་མ་ཡིས། །གཞིལ་ཞིང་དངོས་གྲུབ་བླང་བའི་སྔགས་འདི་ཉིད། །བརྗོད་བཞིན་ཐལ་བ་རང་གི་གནས་གསུམ་བྱུགས། ༀ་པདྨ་ཀྲོ་དྷ་ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཨ་ལ་ལ་ཧོཿ ཞེས་བརྗོད་ལས་བཞིའི་དངོས་གྲུབ་ཐོབ་པར་བསམ། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་རྣམས། །པདྨ་དབང་ཆེན་གོ་འཕང་མྱུར་ཐོབ་ནས། །མཐའ་ཡས་འགྲོ་བ་གཅིག་ཀྱང་མ་ལུས་པ། །རྣམ་མཁྱེན་སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །ཞེས་སོགས་བསྔོ་སྨོན་བཀྲ་ཤིས་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །ཞེས་པདྨ་དབང་ཆེན་ཁམས་གསུམ་ཟིལ་གནོན་གྱི་སྦྱིན་སྲེག་དགོས་འདོད་ཀུན་འབྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་རང་སློབ་དྷརྨ་ཀིཏྟིས་བསྐུལ་ངོར། འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་སྨྲས་པའི་ཡི་གེ་པ་ནི་ཀུན་བཟང་འཆི་མེད་ཀྱིས་བགྱིས་པའི་དགེ་བས་འགྲོ་རྣམས་པདྨ་དབང་ཆེན་གྱི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ། དགེའོ། དགེའོ།། །།


previousརྟ་མགྲིན་ཁམས་གསུམ་ཟིལ་གནོན་གྱི་སྦྱིན་སྲེག་དགོས་འདོད་ཀུན་འབྱུང་ནོར་བུའི་ཕྲེང་བ།next