Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

5 occurrences of འབེན་
[Clear Hits]


  
  
 
  
  
  
  
རཏྣའི་གཏེར་བྱོན་གུ་རུ་དྲག་པོ་སོགས་གཏེར་ཆོས་སྤྱི་ལ་སྦྱར་རུང་བའི་དྲག་པོའི་སྦྱིན་སྲེག་ཡེ་ཤེས་བསྐལ་མེ་རབ་འབར།
  
  
  
  
  
  
  
  
  
  


5 occurrences of འབེན་
[Clear Hits]

 
previousརཏྣའི་གཏེར་བྱོན་གུ་རུ་དྲག་པོ་སོགས་གཏེར་ཆོས་སྤྱི་ལ་སྦྱར་རུང་བའི་དྲག་པོའི་སྦྱིན་སྲེག་ཡེ་ཤེས་བསྐལ་མེ་རབ་འབར།next

རཏྣའི་གཏེར་བྱོན་གུ་རུ་དྲག་པོ་སོགས་གཏེར་ཆོས་སྤྱི་ལ་སྦྱར་རུང་བའི་དྲག་པོའི་སྦྱིན་སྲེག་ཡེ་ཤེས་བསྐལ་མེ་རབ་འབར།

༄༅། །རཏྣའི་གཏེར་བྱོན་གུ་རུ་དྲག་པོ་སོགས་གཏེར་ཆོས་སྤྱི་ལ་སྦྱར་རུང་བའི་དྲག་པོའི་སྦྱིན་སྲེག་ཡེ་ཤེས་བསྐལ་མེ་རབ་འབར་ཞེས་བྱ་བ་བཞུགས། །

ན་མོ་གུ་རུ་མ་ཧཱ་ཀྲོ་ཏ་ཡེ། །རྒྱལ་ཀུན་གསང་གསུམ་རང་གཟུགས་ཁྲོ་བོའི་སྐུར། །ཡོངས་བཞེངས་སྒྲུབ་སྡེ་བརྒྱད་ཀྱི་དཀྱིལ་འཁོར་ལ། །རྣམ་བཞིའི་རིག་འཛིན་མཐར་ཕྱིན་དེ་སྲིད་དུ། །འདུད་དོ་དྲག་པོའི་ཕྲིན་ལས་མྱུར་འགྲུབ་མཛོད། །གང་ཞིག་ཞིང་བཅུ་ཚང་དང་ཉམས་པ་བདུན། །གནོད་བྱེད་གདོན་བགེགས་ལོག་འདྲེན་འབྱུང་པོའི་རིགས། །བྱ་སྒྲོ་མེས་བསྲེགས་ཇི་བཞིན་ལྷག་མེད་དུ། །གཞོམ་ཕྱིར་ཡེ་ཤེས་བསྐལ་མེ་རབ་འབར་སྤྲོ། །དེ་ལ་འདིར་དྲག་པོའི་སྦྱིན་སྲེག་ཡེ་ཤེས་བསྐལ་མེ་རབ་འབར་འབྲི་བ་ལ་དོན་གསུམ་སྟེ། སྔོན་འགྲོ་དངོས་གཞི་རྗེས་སོ། དང་པོ་ནི་ས་མ་དུལ་བ་ལ་ས་ཆོག་བྱ། །ས་དུལ་བ་ཡིན་ན་སྡེ་བརྒྱད་གསེར་སྐྱེམས་སོགས་བཏང་། །དེ་ནས་སྟེགས་བུ་གྲུ་བཞི་དུག་ཁྲག་གིས་གཞིལ་བ་ལ་ཆོས་འབྱུང་སུམ་རིམ་བྲིས་པའི་ལྟེ་བར་རཾ་དང་། ལྷ་གནས་རྣམས་ཀྱི་འབྲུ་ཚོམ་གཙོ་འཁོར་གྱི་གྲལ་རིམ་ལྟར་བཀོད། ཁ་ཁྱེར་ལ་རལ་གྲི། མུ་རན་ལ་མེ་རི་བྲི། དྲག་པོ་ལ་འོས་པའི་བུད་ཤིང་གིས་ཁ་ཁྱེར་སྟེང་དུ་གྲུ་གསུམ་དུ་བརྩིགས། རོ་རས་ཞུན་གྱིས་སྦར་བའི་ཏིང་ལོ་དབུས་སུ་འཇོག་དགོས་ནའང་། སྣུམ་ནག་གི་མར་མེ་དེ་ལྷར་མོས་པ་དང་། །གཡོན་དང་གཡས་སུ་གདན་ལྗང་ངམ་ནག་པོའི་སྟེགས་ལ་གཡོན་དུ་ཚེར་མ་ཅན་གྱི་ཡམ་ཤིང་ཟུར་གསུམ་པ་སོར་བཅུ་གཉིས་པར་དུག་ཁྲག་གིས་གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊཿ ཅེས་པ་གང་མང་བྲིས་ཤིང་ཚིལ་ཞུན་ནམ་མར་ནག་གིས་ཉུགས་པ། ད་རྩ་བའི་རྫས་དགྲ་བགེགས་ཀྱི་ལིངྒ་མིང་རུས་ཅན། དྲག་པོའི་རྫས་ཤ་སྣ་བག་ཕྱེ་དང་བསྲེས་པའི་རིལ་བུ་དམིགས་བྱའི་ས་བོན་བཅུག་པ། གནད་ཀྱི་རྫས་ཤ་སྣ་དུག་སྣ་ཁྲག་སྣས་སྦོལ་བ། །གཟིར་བའི་རྫས་ཡུངས་དཀར་ནག་ཟངས་ལྕགས་རྡོ་ཕྱི་མར་ནག་གིས་སྦོལ་བ། ལྕགས་སམ་ཐོད་སྣོད་དུ་གྲལ་རིམ་གྱིས་བཤམས། གཡས་སུ་འཇིག་འདས་ཀྱི་དྲག་གཏོར་སྨན་རཀ་བཅས་པའི་མདུན་དུ་ཕྱི་ནང་གི་ཉེར་སྤྱོད་སྦྲགས་མར་བཤམས། །མདུན་དུ་ལས་བུམ་རྡོར་དྲིལ་དགང་བླུགས་སོགས་ཉེར་མཁོ་རྣམས་འཚོགས་པར་བྱའོ། གཉིས་པ་ནི། བདག་བསྐྱེད་བཟླས་པ་མཆོད་བསྟོད་ཉེར་བསྡུ་ལྷར་ལྡང་བཅས་སྔོན་དུ་གྲུབ་ནས་གཞུང་གང་ཡིན་གྱི་གཙོ་བོའི་ང་རྒྱལ་གྱིས་དྲག་པོར་འོས་པའི་ཆས། གདན་ལྟ་ཕྱོགས་སོགས་མ་ནོར་བའི་ངང་ནས། ལས་བུམ་བསྐྱེད་བཟླས་མཆོད་བསྟོད་བཅས་སྔོན་དུ་འགྲོ་བའི་མཆོད་བསྲེག་གི་རྫས་རྣམས་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱཿཡིག་ལས། །བྱུང་བའི་ཡེ་ཤེས་ཀཱ་པ་ལར། །ནྲྀ་དང་ཏྲི་ལས་དགྲ་བགེགས་ཀྱི། །ཕུང་ཁམས་སྐྱེ་མཆེད་ཤ་ཁྲག་རུས། །ཟག་མེད་བདུད་རྩིའི་ངོ་བོ་ལ། །མཆོད་རྫས་བསྲེག་རྫས་སོ་སོ་ཡི། །མཚན་ཉིད་ཡོངས་རྫོགས་རྣམ་པ་ཅན། །ནམ་མཁའི་ཁམས་ཀུན་ཁྱབ་པར་གྱུར། །ༀ་བཛྲ་ཨརྒྷཾ་ནས་ཤབྟའི་བར་མཆོད་རྫས་དང་གང་ཡིན་གྱི་རྩ་སྔགས་ལ། ནྲྀ་ཏྲི་སརྦ་མཱ་ར་ཡ་ཛ་ཛཿ བཏགས་པ་ལན་གསུམ་གྱིས་བསྲེག་རྫས་བརླབས་ནས། གདོལ་བ་ཤན་པ་དམེ་ཡུགས་ཀྱི་མེས་ཏིང་ལོ་སྦར་ཞིང་། ༀ་ཨགྣེ་ཡེ་གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཛྭ་ལ་རཾ། ཞེས་རླུང་གཡབ་བཅས་མེ་སྦར་ལ། །བླུགས་གཟར་གྱིས་སྣུམ་ནག་གི་མེ་གསོས་ལ། སྔར་བཞིན་བསངས་ཤིང་སྦྱངས་ནས། སྟོང་པའི་ངང་ལས་རང་མདུན་དུ། །ཨེ་ལས་དྲག་པོའི་ཐབ་ཁུང་ནི། །དམར་ནག་ཟུར་གསུམ་མེ་འབར་ཀློང་། །སྣ་ཚོགས་མཚོན་ཆའི་ཚ་ཚ་འཕྲོ། །དེ་དབུས་པད་ཉི་ཟླ་གདན་ལ། །རཾཿཡིག་དམར་པོའི་འཕྲོ་འདུ་ལས། །མེ་ལྷ་དམར་ནག་འཕྲོ་ཚུལ་ཅན། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་པ། །མཆེ་བ་བཞི་གཙིགས་ཁྲོ་གཉེར་ལྡན། །ར་སྐྱེས་ཁམ་ནག་ཆིབས་པའོ། །ཕྱག་བཞིའི་གཡས་གཉིས་མེ་ཐབ་སྟེ། །འོག་མའི་བགྲང་ཕྲང་གཡོན་གཉིས་ཀྱི། །དང་པོའི་ལྕགས་ཀྱུ་འོག་གྷནྡྷེ། །ལྟོ་རྒྱས་ཤ་འཕྱང་ཐུགས་ལ་སྒེག །རལ་པ་ཐོར་ཚུགས་སྨ་ར་ལྗང་། །མེ་ལྷའི་འཁོར་ཚོགས་དང་བཅས་པ། །མེ་དཔུང་ཀློང་ན་བཞུགས་པར་གསལ། །བདག་ཉིད་ལྷར་གསལ་ཐུགས་ཀ་ནས། །ཕྱག་རྒྱ་བཞི་འཕྲོས་འོད་ཟེར་གྱིས། །མེ་ལྷ་འཁོར་བཅས་སྤྱན་དྲངས་གྱུར། །ཧཱུཾ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་དྲང་སྲོང་མེ་ཡི་ལྷ། །རང་གི་དམ་ཚིག་ཇི་བཞིན་དུ། །མེ་འབར་གནས་འདིར་གཤེགས་སུ་གསོལ། །ཨེ་ཧྱ་ཧི་བྷ་ག་ཝན་ཛཿཧཱུཾ་བཾ་ཧོཿ ཨགྣེ་ཛྙཱ་ན་ས་མ་ཡེ་མ་ཧཱ་ཀཱ་རུ་ཎི་ཀ་ཏིཥྛ་ཧོ། །དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། །གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་བསྒྲུབས་ཤིང་། །ཐུགས་རྗེས་སེམས་ཅན་དོན་མཛད་པ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ༀ་ཨགྣེ་ཡེ་ས་མ་ཡ་ཏིཥྛནྟུ། ཞེས་གདན་ཕུལ། ཧཱུཾ་མེ་ལྷའི་རྒྱལ་པོ་དྲང་སྲོང་ཆེ། །ཞི་རྒྱས་དབང་དྲག་སྣ་ཚོགས་པའི། །འཕྲིན་ལས་ཀུན་གྱི་དཔའ་བོ་མཛད། །ཏིང་འཛིན་ལྷ་ལ་ཕྱག་འཚལ་ལོ། །ཨགྣེེ་ཡེ་ཨ་ལ་ལ་པྲ་ཏིཙྪ་ཧོཿ ཞེས་ཕྱག་བྱ། །ཧཱུཾ་མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་རྣམས། །དྲང་སྲོང་འཁོར་དང་བཅས་ལ་འབུལ། །བཞེས་ནས་འཕྲིན་ལས་འགྲུབ་པར་མཛོད། །ༀ་ཨགྣེ་ཡེ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏིཙྪ་སྭཱ་ཧཱ། །ཞེས་མཆོད། ཧཱུཾ་མེ་ལྷ་དྲང་སྲོང་འཁོར་བཅས་ལ། །བདུད་རྩི་སྨན་གྱི་མཆོད་པ་འབུལ། །བྷ་ལིང་གཏོར་མའི་མཆོད༴ རཀྟ་དམར་གྱི་མཆོད༴ སརྦ་པཉྪ་བྷ་ལིངྟ་རཀྟ་ཁཱ་ཧི། །ཞེས་སྨན་གཏོར་རཀྟ་ཕུལ། ཧཱུཾ། ཚངས་དབང་འཇིག་རྟེན་མགོན་གྱི་སྲས། ཕྲིན་ལས་མངའ་བདག་མཐུ་ཆེན་མཆོག །དགོས་འདོད་རེ་སྐོང་འདོ་པོ་ཆེ། །ལས་ཀུན་སྒྲུབ་མཛད་ཁྱོད་ལ་བསྟོད། །ཞེས་བསྟོད། བྱོན་སྐྱེམས་ནི། མེ་ལྷའི་ལྗགས་རྡོ་རྗེ་རྩེ་གཅིག་པ་རཾ་དང་དགང་བླུགས་ཀྱི་རྩེར་ཧཱུཾ་མཐིང་ནག་འབར་བས་མཚན་པར་བསམ། ༀ་ཨགྣེ་ཡེ་སྭཱ་ཧཱ། ལན་བདུན་གྱིས་བཀང་བའི་གཟར་བུ་ཁ་སྦྱར་ཁྲོ་བོའི་ཁུ་ཚུར་གྱིས་བཟུང་བ་པུས་མོ་ལས་ནང་དུ་མི་འདའ་བར་གཡོན་དུ་བསྐོར་ཞིང་། ༀ་ཨགྣེ་ཡེ་དི་བྱ་དི་བྱ་བི་ཤུདྡྷེ་མ་ཧཱ་ཤྲྀ་ཧ་བྱ་ཀ་བྱ་ཝ་ཧ་ན་ཡེ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་རྦད། །ཅེས་ལན་གསུམ་གྱིས་ཕུལ། ན་མོ་རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷའི་རྒྱལ་པོ་ཁྱོད་ལས་ཀྱིས་ཐམས་ཅད་བྱེད་པའི་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། །མེ་ཉིད་ཡེ་ཤེས་མེར་མཛད་ནས་བདག་གི་ཕྲིན་ལས་མ་ལུས་པ་འགྲུབ་པར་མཛད་དུ་གསོལ། ཞེས་བརྗོད། དེ་ནས་ཡམ་ཤིང་། ༀ་ཨགྣེ་ཡ་ཛྙཱ་ཡ་བདག་ཅག་འཁོར་དང་བཅས་པ༴ སོགས་གོང་གི་འདོད་གསོལ་ལྟར་མཱ་ར་ཡ་རྦད། ཅེས་པའི་བར་གྱིས་ལན་བདུན་ནས་ཉེར་གཅིག་འབུལ། མར་ཁུ་ཨགྣེ་ཡ་བདག་ཅག་འཁོར་དང་བཅས་པ༴ སོགས་སྤེལ་ཚིག་སྔ་མ་ལྟར་འབུལ། །རྫས་གཞན་རྣམས་ཧཱུཾ་མེ་ལྷ་དྲང་སྲོང་འཁོར་བཅས་ལ། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །བསྲེག་རྫས་སོ་སོའི་རྣམ་པ་རུ། །བསྒྱུར་ཏེ་ལེགས་པར་འབུལ་ལགས་ན། །སྡང་བའི་དགྲ་དང་གནོད་བྱེད་བགེགས། །བར་ཆད་བྱེད་པ་སུ་ཡང་རུང་། །ལྷག་མ་མེད་པར་ཞལ་དུ་སྟོབས། །མིང་ཙམ་མེད་པར་གཞོམ་དུ་གསོལ། །ༀ་ཨགྣེ་ཀྲོ་དྷ་ཡེ་དགྲ་བགེགས་མ་ར་ཡ་ཛྭ་ལ་རཾ་ཧཱུཾ་ཕཊཿ ཅེས་རྩ་བའི་རྫས་རིམ་པ་བཞིན་ཉེར་གཅིག་གམ་བདུན་སོགས་སྐབས་དང་སྦྱར་ནས་འབུལ། ཧཱུཾ་མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བདུད་བཞི་འཇོམས་མཛད་ཕྱག་བཞི་པ། །ཕྱག་བཞི་ལས་ཀུན་འགྲུབ་པར་མཛོད། །སྔོན་ཚེ་དུས་ན་ལྷ་ཡི་ཆེད། །ད་ལྟ་རྣལ་འབྱོར་སྒྲུབ་པོའི་ཆེད། །ལས་ཀུན་མཛད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་ལ། ཕྲིན་ལས་བཅོལ་བ་ནི། ན་མོ་རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷ་འཁོར་དང་བཅས་པས་བདག་དང་བསྲུང་བྱ་རྣམས་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་འདྲེན་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །ཅེས་འདོད་དོན་གསོལ་ལ། ༀ་ཨགྣེ་ཡེ་ཛྭ་ལ་རཾ། ཞེས་པས་མེ་ལྷ་འབར་བའི་རྣམ་པར་བསམ། །དེ་ནས་སྲེག་ལྷའི་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐྱེད་པ་ནི། ༀ་སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མེ་དཔུང་དམར་ནག་འབར་བའི་དབུས་སུ། །རང་ཉིད་ཡི་དམ་ལྷའི་ཐུགས་ཀ་ནས་བྷྲུཾཿབཅིག་འཕྲོས། །ཐབ་ཁུང་གི་ནང་དུ་འོད་དུ་ཞུ་བ་ལས། །དུར་ཁྲོད་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་གདུགས་རི་དྭགས་ཆོས་འཁོར་དང་ལྡན་པ། ཕྱི་ནང་མེད་པར་བསྐལ་པའི་མེ་དཔུང་འབར་བའི་ནང་ཆོས་འབྱུང་དམར་ནག་འབར་བའི་དབུས་སུ། ཧཱུཾ་དམར་འོད་ཀྱི་རང་བཞིན་བབསཿ སྤྲོ་བསྡུ་སྦྱོར་བས་ཁྲོ་རྒྱལ་སྐུཿ ཞེས་པས་མཚོན་གུ་དྲག་སོགས་གཞུང་གང་ཡིན་གྱི་ལས་བྱང་གི་ལྷ་བསྐྱེད་ནས་བཟུང་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་ཡན་གྲུབ་རྗེས། དྲག་པོའི་རྣམ་ལྔ་འབུལ་བ་ནི། ཧཱུཾ་གདུག་ཅིང་རྩུབ་པའི་དགྲ་བགེགས་རྣམས། །བསྒྲལ་བའི་ཕུང་ཁམས་སྐྱེ་མཆེད་ལས། །བྱུང་བའི་མཆོད་རྫས་བྱེ་བྲག་ནི། །ཁྲག་གི་ཡོན་ཆབ་ཆུ་གཏེར་བཞིན། །དབང་ལྔའི་མེ་ཏོག་སྐར་ལྟར་བཀྲ། །ཤ་ཆེན་བདུག་སྤོས་སྤྲིན་ཕུང་གཏིབས། །ཚིལ་ཆེན་མར་མེ་འོད་བརྒྱའི་གཟི། །ཆུ་སེར་དྲི་ཆབ་གངྒའི་རྒྱུན། །ཙིཏྟའི་བཤོས་བུ་རི་དབང་རྒྱལ། །རྐང་གླིང་རོལ་མོ་དབྱར་རྔའི་སྒྲ། །ཁྲག་འཐུང་ལྷ་གང་ཡིན་ཁ་བསྒྱུར། པདྨ་དྲག་པོ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །བཞེས་ནས་དགྲ་བགེགས་བསྒྲལ་དུ་གསོལ། །ཨརྒཾ་པྲ་ཏིཙྪ་སྭཱ་ཧཱ། པཏྱཾ་པྲ་ཏིཙྪ༴ པུཥྤེ༴ དྷུཔྤེ༴ ཨ་ལོ་ཀེ༴ གྷནྡྷེ༴ ནཻ་ཝིདྱི༴ ཤབྟ་པྲ་ཏིཙྪ་སྭཱ་ཧཱ། ཞེས་པས་མཆོད། སྨན་རཀ་གཏོར་མ་འབུལ་བ་ནི། ཧཱུཾ་དམ་རྫས་བདུད་རྩི་ཨ་མྲྀ་ཏས། བླ་མ། དྲག་པོའི་ལྷ་གང་ཡིན་ཁ་བསྒྱུར། ཐུགས་དམ་བསྐང་། །རཀྟ་དམར་གྱི་ཨརྒཾ་འདིས། །བླ་མ་ཁ་བསྒྱུར་དྲག་པོའི་ཐུགས་དམ་བསྐང་། །བྷ་ལིང་གཏོར་མ་འབར་བ་འདིས། །བླ་མ་ཁ་བསྒྱུར་དྲག་པོའི་ཐུགས་དམ་བསྐང་། །མ་ཧཱ་པཉྩ་རཀྟ་བྷ་ལིངྟ་ཁཱ་ཧི། ཞེས་ཕུལ། བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེ་རྩེ་གཅིག་པ་རཾ་དང་དགང་བླུགས་ཀྱི་རྩེར་ཧཱུཾ་མཐིང་ནག་འབར་བས་མཚན་པར་བསམ་ལ། ༀ་ཨཱཿཧཱུཾཿཨརྩིག་ནེརྩིག༴ སོགས། ཨཱཿཧཱུཾ་ཧཱུཾ་ཕཊ྄ཿ ཅེས་གུ་དྲག་སོགས་གཞུང་གང་ཡིན་གྱི་རྩ་སྔགས་ལན་བདུན་གྱིས་དགང་གཟར་བཀང་ནས། བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་རྦད། ཅེས་པས་བར་སྔ་མ་ལྟར་ལན་གསུམ་ཕུལ་ལ། །བསྲེག་རྫས་བསྒྲུབ་པའི་ཕྱིར། །གཟུ་དཔང་གསོལ་བ་ནི། གསེར་སྐྱེམས་བྱིན་གྱིས་བརླབས་ལ་གཏོར་བཞིན། ཧཱུཾ་ཁྱབ་བདག་གདོད་མའི་མགོན་པོ་ནས་བཟུང་སྟེ། མངོན་པར་བྱང་ཆུབ་དཔལ་མགོན་བླ་མའི་བར། །དགོངས་བརྡའ་སྙན་བརྒྱུད་རྡོ་རྗེ་སློབ་དཔོན་དང་། །དཔལ་ཆེན་ལྷ་གང་ཡིན་ཁ་བསྒྱུར་འདུས་པའི་ལྷ་ཚོགས་གཟུ་དང་དཔང་། །འགྲོ་ཀུན་བདེ་གཤེགས་སྙིང་པོའི་རང་བཞིན་ལ། །དགྲ་གཉེན་ཕྱོགས་ཆའི་སྡང་ཞེན་མ་དམིགས་ཀྱང་། །གཟུང་འཛིན་གདོན་གྱིས་བརླམས་པའི་ཉམས་པ་བདུན། །བྱང་ཆུབ་སེམས་གཉིས་བསྒོམ་པའི་དགྲ་རུ་ལངས། །དམ་ལས་ཉམས་པས་སློབ་དཔོན་མཆེད་ལ་བརྙས། །བཀའ་ལས་ཉམས་པས་ལས་འབྲས་ཁྱད་དུ་བསད། །དོན་ལས་ཉམས་པས་བདེན་གཉིས་ཆད་པར་བལྟ། །ལས་ཀྱིས་ཉམས་པས་ཉེས་མེད་རྣམས་ལ་འཛུགས། །མཚན་མས་ཉམས་པས་ཆོས་ལ་ཕྱོགས་རིས་བཟུང་། །འདོད་པས་ཉམས་པས་ཁྲེལ་མེད་འཕྲོག་བཅོམ་བྱེད། །ལོག་པས་ཉམས་པས་སེམས་ཅན་སྡུག་ལ་སྦྱོར། །འདི་ལ་མངོན་སྤྱོད་ཕྲིན་ལས་མི་མཛད་ན། །མཐར་གྱི་འཆི་བ་སེམས་ཅན་ཀུན་ལ་ཡོད། །དུས་ལ་བབ་ན་དཔག་བསམ་ཤིང་ཡང་འགྱེལ། །བསམ་སྦྱོར་ངན་པའི་འབྲས་བུ་མཐར་ཕྱིན་ན། །ཚར་གཅོད་རྗེས་འཛིན་མཐུ་སྟོབས་རྫུན་དུ་ཟད། །ཆོས་ཉིད་བདེན་པ་བསླུ་བ་མེད་པ་དང་། །སྔགས་ཀྱིས་སྒྲོལ་བ་སངས་རྒྱས་རྣམས་ཀྱི་མཐུ། །ཨ་བྷི་ཙཪྱའི་དུས་ལ་ད་བབ་ན། །གནག་པའི་ལས་ལ་བཏང་སྙོམས་མ་མཛད་ཅིག །དུས་གསུམ་སངས་རྒྱས་རྣམས་ཀྱིས་དབྱིངས་ནས་གཟིགས། །བདེན་གཉིས་རྒྱུ་འབྲས་བསླུ་མེད་གཟུ་དང་དཔང་། །དཔལ་མགོན་ཆོས་སྐྱོང་རྣམས་ཀྱིས་མཐུ་རྩལ་སྐྱེད། །ཉེས་ཅན་འདི་ལ་མངོན་སྤྱོད་ཕྲིན་ལས་མཛོད། །ཅེས་གསེར་སྐྱེམས་ཕྱོགས་བཅུར་གཏོར། །སྤྱིར་ཐུགས་དམ་བསྐུལ་བ་ནི། ཧཱུཾ་མི་གནས་ཡེ་ཤེས་ཆོས་སྐུའི་ཕོ་བྲང་ནས། །ལོངས་སྤྱོད་རྫོགས་པ་ཞི་དང་ཁྲོ་བོའི་ལྷ། །ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངས། །རིག་པའི་རང་བཞིན་བདེ་གཤེགས་སྙིང་པོ་ཡང་། །མ་རིག་འཛིན་པའི་ཀུན་གཞི་ལུང་མ་བསྟན། །སྒོ་ལྔའི་ཡུལ་དང་རྟེན་ཅིང་འབྲེལ་བ་ལས། །རིགས་དྲུག་རྒྱུད་ལྔའི་གནས་སུ་འཁྱམས་པ་རྣམས། །ལས་དང་ཉོན་མོངས་མཐུ་ཡིས་གཟིར་བའི་མཐུས། །ཕྱི་རོལ་ཡུལ་ལ་སྨིན་པའི་སྡུག་བསྔལ་དང་། །ནད་མཚོན་མུ་གེ་དགྲ་བགེགས་འབྱུང་པོའི་གདོན། །འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཀུན། །མངོན་སྤྱོད་དྲག་པོའི་རོལ་པས་ཚར་བཅད་ནས། །ལོག་རྟོག་དངོས་པོར་ཞེན་པའི་སེམས་ཅན་རྣམས། །རྒྱུ་འབྲས་ཐེག་པ་གཞན་གྱིས་གདུལ་དཀའ་བས། །རང་བྱུང་ཡེ་ཤེས་རྟོགས་པའི་ཕྲིན་ལས་མཛོད། །གྲུ་གསུམ་བསྐྱེད་ཆོག་ནི། །ལིངྒ་བཤམས་པ་ལ་ཆབ་བྲན་ཏེ། ཕཊཿ ཨེ་རཾ་ཡཾ་ཁཾ་རང་གི་མདུན་དུ་དུག་གསུམ་ལས་གྲུབ་པའི་བརྩོན་ཁང་དུས་མཐའི་ཆར་སྤྲིན་ལྟར་གནག་པའི་ཕྱི་ལ་ཞེ་སྡང་བསྐལ་པའི་མེ་འབར་བ། །ཁ་དོག་ཅིང་མཐིལ་ཡངས་པ་ཟིན་ནས་ཐར་དུས་མེད་པའི་ནང་དུ། །འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། །གཏི་མུག་གི་མུན་པ་འཐིབས་པ། །ཕྲག་དོག་གི་རླུང་དམར་འཚུབས་པ། །སྟེང་ནས་ཐོག་དང་མཚོན་ཆའི་ཆར་པ་འབེབས་པའི་ཕྱི་རོལ་ན། །ལས་བྱེད་ཀྱི་ཕོ་ཉ་མི་སྡུག་པའི་ཚུལ་ཅན་འགུགས་སྒྲོལ་གྱི་མཚོན་ཆ་འཛིན་པ་དཔག་ཏུ་མེད་པས་དགྲ་བོ་ཆྒཻ་མོ་བླ་འཁྱམས་རང་དབང་མེད་པར་འགུགས་པར་བརྩོན་པས་ས་གཞི་གང་བའི་ནང་དུ་ནྲྀ་དང་ཏྲི་ལས་བསྐྱེད་པའི་དགྲ་བོ་དེ་ཁ་ངུ་བ། མིག་ཤི་མིག །ལག་གཡས་བྲང་བརྡུང་ཞིང་གཡོན་གྱིས་སྐྲ་འབལ་བ། །རྐང་པ་ལྕགས་སྒྲོག་ཏུ་བཅུག་པ། །བུ་ག་དགུ་ནས་རྣག་ཁྲག་འཛག་པ། །མགོན་སྐྱབས་དང་བྲལ་བ། །ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པར་གྱུར། དེ་ནས་གནད་ནས་བསྐུལ་བ་ནི། ཧཱུཾ་ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ། །དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད། །ཧཱུཾ་ང་ནི་དཔལ་ཆེན་ཡོངས་རྫོགས་ལྷ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །སྲས་དང་སྤྲུལ་པ་ཡང་སྤྲུལ་དང་། །བཀའ་སྡོད་རབ་འཇིགས་ཕོ་ཉའི་ཚོགས། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་བགེགས་འགུགས་པའི་ཕྲིན་ལས་མཛོད། །སློབ་དཔོན་ལ་ནི་བརྙས་བྱེད་ཅིང་། །རྡོ་རྗེ་མཆེད་ལ་འཁུ་བྱེད་དང་། །སྐྱེ་འགྲོ་ཡོངས་ལ་གནོད་བྱེད་དང་། །དམ་ཚིག་ཉམས་པའི་བསྒྲལ་བྱ་རྣམས། །ཞིང་བཅུ་ཚང་བ་སྨོས་ཅི་དགོས། །མྱུར་དུ་འགུགས་པའི་དུས་ལ་བབ། །གནོད་པར་བྱེད་ན་ལྷ་ཡང་རུང་། །དམ་ལས་ལོག་ན་མཆེད་ཀྱང་རུང་། །མི་བྱམས་སྡང་ན་ཉེ་རིང་མེད། །སངས་རྒྱས་བསྟན་པ་བཤིག་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །བདག་དང་མཆེད་ལ་འཚེ་བྱེད་པ། །སྔ་དགྲ་དར་ལ་ཕྱི་དགྲ་སེམས། །ད་དགྲ་དངོས་སུ་བསྡོ་བ་རྣམས། །གཟུགས་ཅན་དགྲ་དང་གཟུགས་མེད་བགེགས། །ཐམས་ཅད་མྱུར་དུ་འདིར་ཁུག་ཅིག །ཧཱུཾ་དཀར་རྣམ་རྒྱལ་དབྱུག་སྔོན་ཅན། །གཤིན་རྗེ་གཤེད་དང་མི་གཡོ་མགོན། །རྟ་མགྲིན་གཞན་གྱིས་མི་ཐུབ་པ། །བདུད་རྩི་འཁྱིལ་དང་ཁམས་གསུམ་རྒྱལ། །སྟོབས་ཆེན་འཇིགས་བྱེད་ཁྲོ་བོ་བཅུས། །དགྲ་བགེགས་གནོད་བྱེད་མ་རུངས་པ། །ཕྱོགས་མཚམས་སྟེང་འོག་གར་ཡོད་ཀྱང་། །ཁྲོ་བཅུ་ཁྲ་ཐབས་འཁོར་བཅས་ཀྱིས། །རང་དབང་མེད་པར་འདིར་ཁུག་ཅིག །སྒོ་སྐྱོང་ཕོ་ཉ་སྤྲུལ་བཅས་ཀྱི། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། །ཞགས་པ་ཅན་གྱིས་མགུལ་ནས་ཆིངས། །ལྕགས་སྒྲོག་ཅན་གྱིས་དབང་པོ་སྡོམས། །དྲིལ་བུ་ཅན་གྱིས་རྣམ་ཤེས་སྒྱུར། །རྡོ་རྗེ་ཅན་གྱིས་རྒྱབ་ནས་ཕུལ། །མུན་ནག་འཇིགས་པས་སྔོན་ནས་སུས། །ལས་རླུང་དྲག་པོའི་རྟ་ལ་བསྐྱོན། །གན་ནུབ་ནག་པོ་བྲེས་ལ་ཤོག །ལྟག་པའི་བདུད་སྒོ་ཕྱེས་ལ་ཤོག །དཔྲལ་བའི་མིག་ཐོན་ཁོང་སྙིང་ཐོན། །དགྲ་བགེགས་བླ་སྲོག་ཚེ་དང་གསུམ། །རང་དབང་མེད་པར་འདིར་ཁུག་ཅིག །འདིར་འགུགས་པ་གང་མང་བྱས་མཐར། །དགྲ་བགེགས་ནྲྀ་ཏྲི་ཨཾ་ཀུ་ཤ་ཛ་ཛཿ བཛྲ་པཱ་ཤ་ཧཱུཾ། བཛྲ་སྥོ་ཊ་བཾ། བཛྲ་གྷནྡྷེ་ཧོ། ནྲྀ་ཏྲི་ཛ་ཛཿ བཛྲ་ཨ་བེ་ཤ་ཡ་ཨ་ཨ། ལྷ་དབྱེ་ནི། ཧཱུཾ་དཔལ་ཆེན་ཁྲོ་བོའི་ལྷ་ཚོགས་དང་། །ཕོ་ཉ་སྤྲུལ་པ་ཡང་སྤྲུལ་བཅས། །ཕྱག་བརྙན་སྒོ་མའི་ཚོགས་རྣམས་ཀྱིས། །དགྲ་བགེགས་ལྷ་སྲུང་རྟེན་དང་ཕྲོལ། །ལྷ་གང་ཡིན་གྱི་རྩ་སྔགས་གཤམ་དུ། ཨཱ་ཡུ་ཛྙཱ་ན་ཥེ་དགྲ་བོའི་ལྷ་སྲུང་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊཿ མཱ་ར་ཡ་ཕྱེས་ཕྱེས། ཧཱུཾ་ཧཱུཾ། ཕཊཿཕཊཿ དམ་ཉམས་དགྲ་བགེགས་ལས་ངན་ལ། །དུག་ཁྲག་ཐུན་གྱི་སེར་བ་ཕོབས། །ཁྲག་རིམས་ནད་ཀྱིས་སྨྱོ་རུ་ཆུགས། །སྨྱོ་འབོག་བརྒྱལ་རེངས་མྱོས་སུ་ཆུགས། །བཛྲ་ཧ་ལ་ཧ་ལ་ཧཱུཾ་ཕཊཿ ཅེས་ཐུན་གདབ། དེ་ནས་བསྒྲལ་ཕྱིར་བསྐུལ་བ་ནི། ཧཱུཾ་ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ། །དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད། །ཧཱུཾ་ལྷ་གང་ཡིན་ཁ་བསྒྱུར། ང་ནི་པདྨ་ཐོད་ཕྲེང་རྩལ། །སྲས་དང་སྤྲུལ་པ་བྱེ་བ་འབུམ། །བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས། །དྲག་པོ་ཁ་བསྒྱུར། ཐོད་ཕྲེང་དུས་མཆན་ལ་བབ། །གཡས་ཀྱི་ཕྱག་ན་ཕུར་པ་བསྣམས། །གཡོན་གྱི་ཕྱག་ན་ལྕགས་ཀྱུ་བསྣམས། །ལྕགས་ཀྱུས་ཟུངས་ལ་ཕུར་བུས་གཏུབས། །དགྲ་བགེགས་ལྔ་ཕུང་རྡུལ་དུ་རློགས། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །ༀ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་གནོད་བྱེད་དགྲ་བགེགས་སརྦ་ཤ་ཏྲུཾ་ཧུར་ཐུམ་ཛ་མཱ་ར་ཡ་ཧཱུཾ་ཕཊཿ ཅེས་པས་བསྒྲལ་ནས་ལིང་རོ་ལ་བདུད་རྩི་བྲན་ནས། ཨ་མྲྀ་ཏས་བསངས། སྭཱ་བྷཱས་སྦྱངས། བསྲེག་རྫས་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་གྲམ་ཁྲོད་ཆེན་པོ་བདུད་རྩིའི་རང་བཞིན་དུ་གྱུར། ༀ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ཧཱུཾ་ལྷ་གང་ཡིན་ཁ་བསྒྱུར། དབང་དྲག་པདྨའི་དཀྱིལ་འཁོར་རྣམས། །གནམ་ས་ལྟ་བུའི་ཞལ་གདངས་པའི། །ནང་དུ་གནོད་བྱེད་དགྲ་བགེགས་ཀྱི། །ཤ་ཁྲག་ཕུང་ཁམས་བླ་སྲོག་བཅས། །ཁ་ཆར་རྒྱ་མཚོར་ཐིམ་པ་བཞིན། །རྗེས་ཤུལ་མེད་པར་གཞོམ་པར་གྱུར། །ཞེས་བསམ་ནས་བསྟབ་བསྐུལ་ནི། །སྔགས་འཆང་རྣམས་ཞེ་སྡང་རང་རྒྱུད་པའི་བློ་ངན་དང་བྲལ་ཞིང་། །དྲག་པོའི་བརྟུལ་ཞུགས་ལ་གནས་པས། །ཧཱུཾ་འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །ཀུན་བཟང་ཆོས་སྐུའི་ལྷ་ཚོགས་རྣམས། །བཞེངས་བཞུགས་མཚན་མ་དབེན་མོད་ཀྱང་། །ལྷུན་གྲུབ་ལོངས་སྐུའི་མངའ་བདག་རྣམས། །འཁོར་འདས་བྱེད་པོར་ཡེ་གནས་ཕྱིར། །མ་རྟོགས་འགྲོ་ཁམས་ལོག་སྤྱོད་དཔུང་། །སྒྱུ་མའི་འདུ་བྱེད་ཞིག་པ་བཞིན། །སྐྱེ་མེད་དབྱིངས་སུ་སྟིམས་པར་མཛོད། །ཕྱི་ལྟར་འཁྲུལ་པའི་འགྲོ་དྲུག་གཟུགས། །རང་བཞིན་སྤྲུལ་སྐུའི་དཀྱིལ་འཁོར་གྱི། །ཞལ་ཧོམ་ཡེ་ཤེས་འབར་ཀློང་དུ། །ལྷག་མ་མེད་པར་ཚིག་པར་མཛོད། །ནང་ལྟར་འཁྲུལ་ལམ་ཚོགས་བརྒྱད་སེམས། །ལྷུན་གྲུབ་ལོངས་སྐུའི་ཞལ་ཧོམ་དུ། །བྱ་སྒྲོ་མེས་བསྲེགས་ཇི་བཞིན་དུ། །མྱུར་དུ་ཚིག་པའི་ཕྲིན་ལས་མཛོད། །གསང་བ་འཁྲུལ་གཞི་མ་རིག་མུན། །ཀུན་བཟང་ཆོས་སྐུའི་ཞལ་ཧོམ་དུ། །ན་བུན་མཁའ་ལ་ཐིམ་པ་ལྟར། །ཡེ་ཤེས་འོད་བརྒྱས་བསྲེག་པར་མཛོད། །ཁྱད་པར་འཁྲུལ་ལས་ཡང་འཁྲུལ་བའི། །དགྲ་འདྲེར་བཟུང་བའི་ཡུལ་ཡུལ་ཅན། །རྟེན་འབྲེལ་བསླུ་མེད་མེ་དཔུང་གིས། །སྐད་ཅིག་ཡུད་ཀྱིས་བསྲེག་པར་མཛོད། །ཅེས་དང་། ཧཱུཾ་ཡེ་ཤེས་བསྐལ་མེ་འབར་ཀློང་དུ། །ཁྲོ་རྒྱལ་ལྷ་གང་ཡིན་ཁ་བསྒྱུར། པདྨ་ཐོད་ཕྲེང་རྩལ། །ཡབ་ཡུམ་སྲས་འཁོར་ཕོ་ཉར་བཅས། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །དོན་སྙིང་ནང་ཁྲོལ་དབང་པོ་ལྔ། །ཕུང་ཁམས་སྐྱེ་མཆེད་བཀྲག་དང་མདངས། །བླ་ཚེ་སྲོག་དབུགས་དབང་ཐང་དང་། །ཡུལ་མཁར་ལོངས་སྤྱོད་བཅས་པ་རྣམས། །མྱུར་བར་སྐད་ཅིག་ཡུད་ཙམ་ལ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། ལྷག་མ་རྗེས་ཤུལ་རྡུལ་ཕྲན་ཙམ། །ལུས་པ་མེད་པར་གཞོམ་དུ་གསོལ། །དེ་ནས་གཞུང་གང་ཡིན་གྱི་རྩ་སྔགས་ཤམ་བུར། །དགྲ་བགེགས་གནོད་བྱེད་ཐམས་ཅད་སརྦ་ཤ་ཏྲུཾ་ཧུར་ཐུམ་ཛཿ ནྲྀ་ཏྲི་མཱ་ར་ཡ་རྦདཿ ཡཀྴ་ཀྲོ་ཏ་རཀྴ་ཧཱུཾ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཧ་ཧ་ཧི་ཧི་ཧཱུཾ་ཧཱུཾ་ཕཊཿཕཊཿ སྔགས་དེས་ཡམ་ཤིང་། མར་ཁུ་ནས་བསྲེག་རྫས་ཚང་མ་གཙོ་འཁོར་ཐུན་མོང་དུ་འབུལ་བའམ། །སྤྲོ་ན་སོ་སོའི་སྔགས་ཀྱིས་འགོ་དྲངས་ཏེ། །གཙོ་བོ་ལ་བརྒྱ་རྩ་འཁོར་རྣམས་ལ་ཉེར་གཅིག་སོགས་ཀྱིས་འབུལ་བར་བྱའོ། །ཡང་ཁྱིམ་དུ་འདྲེ་གདོན་ཞུགས་པ་ལྟ་བུ་ལ། ཧོམ་བསྲེགས་དང་། མེ་ཞགས་བསྐྱར་བ་ལ། དམར་གཏོར་ཤ་ཁྲག་གིས་བརྒྱན་པར་འགུགས་གཞུག་བྱས་ལ། །དགྲ་བགེགས་ཀྱི་ཤ་ཁྲག་ཏུ་དམིགས་ནས་ཕུལ་ལ་ཕྲིན་ལས་བཅོལ། །མཐར་ཧོམ་མཆོད་ལ་མཐོང་བརྒྱུད་བཞིན་དང་། །མེ་ཞགས་ལ་ཡོན་བདག་ཕོ་མོ་རྣམས་ཞྭ་ལྷམ་མི་གྱོན་པར་མདུན་དུ་ལངས་ནས་བསྒྲིགས་པ་ལ། རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས། ཧོ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཀུན་བཟང་ཆོས་སྐུའི་ལྷ་ཚོགས་དགོངས་སུ་གསོལ། །ངེས་པ་ལྔ་ལྡན་ལོངས་སྐུའི་ཞིང་ནས། །རང་སྣང་ལོངས་སྐུའི་ལྷ་ཚོགས་དགོངས་སུ་གསོལ། །རང་བཞིན་སྤྲུལ་སྐུའི་ཞིང་ནས། ཕྱེད་སྤྲུལ་ལོངས་སྐུའི་ལྷ་ཚོགས་དགོངས་སུ་གསོལ། །འགྲོ་འདུལ་སྤྲུལ་སྐུའི་ཞིང་ནས་ཐུབ་དྲུག་སྤྲུལ་སྐུའི་ལྷ་ཚོགས་དགོངས་སུ་གསོལ། །སྟེང་ཕྱོགས་དུར་ཁྲོད་མེ་རི་འབར་བ་ནས། །སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་དགོངས་སུ་གསོལ་ལོ། །གཞན་ཡང་སྐུ་གསུམ་དག་པའི་ཞིང་ན་བཞུགས་པའི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོ་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་དང་བཅས་པ་དགོངས་སུ་གསོལ་ལོ། །ཁྱད་པར་དུའང་གཞུང་གང་ཡིན་གྱི་ལྷ་ཚོགས་གཙོ་འཁོར་རྣམས་ཀྱི་མཚན་ནས་བརྗོད་རྗེས། །དགོངས་སུ་གསོལ་ལོ། །ཞེས་པའི་མཐར། རྩ་གསུམ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ་ཕྲིན་ལས་སུ་བཅོལ་བའི་མདོ་ནི། །བསྟན་འགྲོ་ཡོངས་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་ལོག་པར་འདྲེན་པ་སྤྱི་དང་ཁྱད་པར་དུ་བདག་དང་བསྲུང་བྱ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་སྡང་བར་བྱེད་པའི་དགྲ། །གཟུགས་མེད་གནོད་བྱེད་བགེགས་རིགས་ལོག་པར་འདྲེན་པ། ཚེ་ལ་རྐུ་བར་སྲོག་ལ་འཇབ་པ། །བླ་ལ་འཁྱེར་བ་ཡིད་ལ་རློམ་པ། །མི་འདོད་པའི་སྣ་འདྲེན་ཅིང་། །འདོད་པ་ལ་བར་གཅོད་བྱེད་པ། །དབང་ཐང་རླུང་རྟ་དཔལ་འབྱོར་ཉམས་པར་བྱེད་པ། །ཁའི་དབུགས་དང་ཁོང་པའི་སྲོག་འཕྲོག་པར་འདོད་པ། །གནས་མལ་ཡོ་བྱད་ནོར་རྫས་སོགས་ཕུན་སུམ་ཚོགས་པ་ལ་བར་གཅོད་བྱེད་པ། །མི་མིན་མི་རུ་བརྫུ་བ། །ལྷ་མིན་ལྷ་རུ་བརྫུ་བ། །ལྟས་ངན་དང་ཆོ་འཕྲུལ་གཏོང་བ། །ཕ་རོལ་བན་སྔགས་བོན་པོའི་བྱད་ཕུར་རྦོད་གཏོང་མནན་བསྲེགས་འཕངས་གསུམ་སོགས་བསམ་སྦྱོར་ངན་པའི་རིགས་སུ་གྱུར་ཚད། གཞན་ཡང་ཕུ་ནུ་ཕ་ཚན་གྱི་རུས་འདྲེ། །མ་སྲིང་མོ་ཕྱོགས་ཀྱི་བྱུར་འདྲེ། །ཉེ་དུ་ཉེ་འབྲེལ་གྱི་འགོས་འདྲེ། །ཤག་རོགས་མཛའ་ཕྱོགས་ཀྱི་འབགས་འདྲེ། །ཕོ་གདོན་རྒྱལ་པོ། །མོ་གདོན་བསེན་མོ། །གནའ་འདྲེ་རྙིང་བ། །ད་འདྲེ་གསར་བ། །ཡུལ་འདྲེ་འཁྱམས་པོ། །ཟ་འདྲེ་ཤི་གཤེད། །ཕོ་སྲི། མོ་སྲི། ཆེ་སྲི། ཆུང་སྲི། རྒན་སྲི། གཞོན་སྲི། གོད་སྲི། ཕུང་སྲི། དགྲ་སྲི། གྱོད་སྲི། དབུལ་སྲི། རྒྱ་འདྲེ་འགོང་པོ། བོད་སོག་གི་ཡུལ་དུ་གསར་སྐྱེས་ཀྱི་འདྲེ་གདོན་ཡོད་དོ་ཅོག་དང་བཅས་པ་དེ་དག་ཐམས་ཅད། །བསྐལ་པའི་མེ་དཔུང་འབར་བ་ལ་འདབ་ཆགས་ཕྲ་མོས་འཕྲད་པའམ། །སྣུམ་གྱིས་བལྟམས་པའི་ལྕགས་སྣོད་བཅུད་བཅས་མེར་མཆེད་པ་ལ་ཆུའི་ཐིགས་པ་མི་ཆགས་པའམ། །མུན་པའི་སྨག་རུམ་དུ་སྤྲིན་བྲལ་གྱི་ཉི་མ་ཤར་བའམ། །མེ་མདའི་རྫས་ཀྱི་ཕུང་པོ་ལ་མེ་མཆེད་པ་བཞིན་དུ། །སྐད་ཅིག་ཐེངས་ཅིག་ཡུད་ཙམ་ཞིག་ལ་མིང་ཙམ་ལྷག་མ་རྗེས་ཤུལ་ཙམ་ཡང་མི་ལུས་པར་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་མཛོད་ཅིག །ལས་ངན་འཁྲུལ་བའི་འཁོར་ལོ་འཇིག་པར་མཛོད་ཅིག །བསམ་ངན་སྦྱོར་རྩུབ་ཀྱི་ས་བོན་སྟོང་བར་མཛོད་ཅིག །མི་དགེའི་ལྗོན་པ་ཤིང་ཏཱ་ལའི་འགོ་བོ་བཅད་པ་བཞིན་དུ་ཐོངས་ཤིག །དགེ་བའི་ལོ་ཏོག་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛོད་ཅིག །ཅེས་དང་གཞུང་གང་ཡིན་གྱི་རྩ་སྔགས་ལས་སྔགས་སྤུ་གྲིའི་སྔགས་དང་དྲག་སྔགས་སོ་ལྔ་པ་སོགས་མ་ཡེངས་པའི་ངང་ནས་བཟླ་བཞིན། ཧོམ་བསྲེག་གམ། མེ་ཞགས་རྒྱག་ཚེ་གོང་སྨོས་ཀྱི་འདྲེ་གདོན་བགེགས་རིགས་ཐམས་ཅད་བྱ་སྒྲོ་མེས་ཚིག་པ་ལྟར་སོང་བར་བསམ་མཐར། སྟོང་ཉིད་སྙིང་རྗེ་ཟུང་འཇུག་ངང་ལ་མཉམ་པར་བཞག །འདྲེ་གདོན་གྱི་ལས་ངན་གྱི་རྒྱུན་བཅད་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་བཞག་པའི་རྟེན་འབྲེལ་བསྒྲིག་གོ། །སླར་ཡང་རྩ་སྔགས་བདུན་གྱིས་བླུགས་གཟར་གྱི་མར་ཁུས་དགང་གཟར་དགང་བ་ལན་གསུམ་གྱིས་གཤེགས་སྐྱེམས་ཕུལ་ལ། གཞུང་གང་ཡིན་གྱི་ལས་བྱང་གི་ཕྱི་ནང་གསང་མཆོད་ནས་བཟུང་བསྟོད་པའི་མཐར་ཐུག་བར་བཏང་ལ། བཤགས་པ་ནི། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་རྩལ་བ། །དེ་ཀུན་བཟོད་པར་མཛད་དུ་གསོལ། །ཞེས་དང་། །ཡི་གེ་བརྒྱ་པས་ལྷག་ཆད་བསྐངས། །དེ་ནས་རྟེན་ཡོད་ན་ཡེ་ཤེས་པ་བསྟིམས། །མེད་ན། ༀ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཞེས་པས་ཡེ་ཤེས་པ་གཤེགས། སླར་ཡང་བླུགས་གཟར་གྱི་མར་ཁུས་མེ་གསོས་ལ། ༀ་ཛྭ་ལ་ཛྭ་ལ་ཧཱུཾ་གིས་མེ་ལྷ་སྔར་བཞིན་གསལ་བར་གྱུར་བ་ལ། མཆོད་བསྟོད་བསྲེག་རྫས་རྣམས་སྔར་བཞིན་ཕུལ་ལ༑ གཤེགས་སྐྱེམས་ཡང་བྱོན་ཟན་ལྟར་ཕུལ་ལ། གཏོར་མ། ༀ་ཨགྣེ་དེ་ཝ་རི་ཥེ་ཨི་དམ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་ཕུལ་ལ། འདོད་གསོལ་ནི། ཧོ། རིག་པའི་རྒྱལ་པོ་དྲང་སྲོང་མེ་ལྷ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་མཆོད་སྦྱིན་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། །བསྟན་འགྲོ་ཡོངས་ལ་གནོད་བྱེད་ཀྱི་དགྲ་བགེགས་སྤྱི་དང་། །ཁྱད་པར་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པ་ཐམས་ཅད་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །ཅེས་གསོལ། སླར་ཡང་གོང་བཞིན་གཏང་རག་གི་མཆོད་བསྟོད་བྱས་ལ། མ་རྙེད་ཡོངས་སུ་མ་ཚང་དང་། །གཙོ་བོ་ནུས་པ་མ་མཆིས་པས། །འདི་ནི་བྱ་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་ནོངས་པ་བཤགས་ཤིང་། གཤེགས་གསོལ་ནི། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ཞིང་། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ༀ་ཨགྣེ་ཡེ་གཙྪ། ཞེས་པས། མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། །དམ་ཚིག་པ་འབར་བའི་རྣམ་པར་གྱུར། །ཞེས་མོས་ལ། དེ་ནས་བསྔོ་བ་སྨོན་ལམ་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། འདིར་སྨྲས་པ། སྔོན་དུས་གསང་སྔགས་ཉམས་སུ་བླངས་བའི་འབྲས། །རང་དོན་ཆོས་སྐུ་གཞན་དོན་གཟུགས་ཀྱི་སྐུ། །ཚེ་ལུས་གཅིག་གིས་འགྲུབ་པའི་ལམ་རྟགས་གཟུགས། །མངོན་སུམ་མཐོང་ལ་སྔགས་པ་ཞེས་སུ་འབོད། །དེང་དུས་ཤ་ཆང་རྙེད་འཚོལ་དོན་གཉེར་ཕྱིར། །སྔགས་ཆོས་ངག་འདོན་ཤེས་ཙམ་སྔགས་པར་རློམ། །ཀྱེ་མ་གཞན་དོན་ལྟ་ཅི་རང་དོན་ཡང་། །ལོ་ཟླའི་བསྙེན་སྒྲུབ་ཙམ་ཡང་མེད་བཞིན་དུ། །མི་ཚེ་བོན་གྱེར་ཁོ་ནས་ཆུད་གསོན་པ། །འདི་འདྲ་རྔོན་པ་རྣམས་དང་ཁྱད་པར་གང་། །ལྡན་གྲོལ་ཡོན་ཏན་སྔགས་བཟླས་ནུས་པ་སོགས། །གང་ཡང་མེད་རྣམས་དོན་འདི་ངེས་པར་གྱིས། །དེ་ལས་གཞན་དུ་ཆོས་དང་གང་ཟག་གི། །རྒྱུད་ཚོད་དཔག་ནུས་སངས་རྒྱས་ཉག་གཅིག་ལས། །གཞན་དག་ལས་ངན་ཁུར་བོ་ལྕི་བའི་རྒྱུ། །ཡིན་ཕྱིར་དགག་སྒྲུབ་གཉིས་གར་སྤྲོ་བ་མེད། །ལ་ལ་ཉམས་མྱོང་མེད་པའི་ཚིག་རྐྱང་ལ། །ཅུང་ཟད་གོམས་པས་ཁེངས་ཤིང་རྒྱགས་པ་དང་། །ཁ་ཅིག་ཐོས་བསམ་དད་དམ་སྙིང་རྗེ་སོགས། །སྤངས་ཤིང་བླུན་སྒོམ་ཁོ་ནར་ཞེན་པ་སོགས། །མང་ཞིག་མཐོང་ཞིང་ཐོས་ཡང་ཅི་ཞིག་སྨྲ། །ཁོ་བོ་རང་རྐྱོན་ངོམ་ཞིང་གཞན་རྣམས་ལ། །དག་སྣང་སྦྱངས་འདིས་སུ་དང་འཁོན་མེད་པར། །ཀུན་གྱི་མཛའ་གྲོགས་ཡུལ་དུ་གྱུར་པ་ཡིན། །ཡིན་ལུགས་འདིར་མཚུངས་རྩོམ་པའི་གཟུགས་བརྙན་ཡང་། །ཡང་ཡང་གཞན་ལ་ཕན་འདོད་ཁོ་ནས་བྲིས། །བྲིས་པའི་དགེ་བ་ཡེ་ཤེས་བསྐལ་པའི་མེ། །རབ་འབར་དགྲ་བགེགས་འབྱུང་བ་ཀུན་སྦྱངས་ཤིང་། །ཕན་བདེའི་རྫོགས་ལྡན་གསར་བ་མངོན་གྱུར་ནས། །མངོན་མཐོ་ངེས་ལེགས་དཔལ་ཡོན་ཀུན་ཐོབ་ཤོག །ཅེས་རཏྣའི་གཏེར་ཆོས་གུ་རུ་དྲག་པོ་སོགས་སྤྱི་ལ་སྦྱར་རུང་བའི་དྲག་པོའི་སྦྱིན་སྲེག་བསྡུས་པ་ཡེ་ཤེས་བསྐལ་མེ་རབ་འབར་ཞེས་བྱ་བ་འདི་ཉིད་སྔོན་བྱོན་གྱི་དམ་པ་འགའི་མན་ངག་དང་མཐུན་པར་བྱང་ཕྱོགས་ནོར་འཛིན་ཡུལ་གྲུ་སྲིད་པས་མཚོ་ཁྲི་གཤོགས་རྒྱལ་མོའི་བདག་གིར་བཟུང་བའི་སོག་པོའི་ཡུལ་ཐུགས་རྗེ་ཆེན་པོ་སྒྲུབ་གནས་སྤྲེལ་རྫོངས་བྲག་དཀར་གྱི་ཉེ་འདབ་ནས་རྫོགས་ཆེན་རྣལ་འབྱོར་པ་འཇིགས་མེད་ཕྲིན་ལས་འོད་ཟེར་དཔལ་འབར་གྱིས་སྤེལ་བའི་ཡི་གེ་པ་ནི་འཇིགས་མེད་བསྟན་འཛིན་གྱིས་བགྱིས་པའི་དགེ་བས་བསྟན་འགྲོར་འཚེ་བའི་དགྲ་བགེགས་རྣམས་གཞོམ་པའི་རྒྱུར་གྱུར་ཅིག་གུ། དགེའོ། དགེའོ། དགེའོ། ཞུས་སོ། དཀོན་མཆོག་གསུམ་གྱི་སྤྱི་དགྲ་དང་། །རྣལ་འབྱོར་སྒོས་དགྲ་ཁྱད་པར་དུ། །བསྲུང་བྱའི་ཡུལ་འདིར་གནོད་བྱེད་དགྲ། །སྡོངས་ཟླ་རྒྱབ་བརྟེན་བསམ་སྦྱོར་གནག །མི་འདོད་རྐྱེན་སྦྱོར་གཟུགས་ཅན་མི། །གཟུགས་མེད་ལྷ་འདྲེ་བྱད་ཕུར་མཁན། །ཐམས་ཅད་དྲག་པོའི་ཕྲིན་ལས་ཀྱིས། །ཐལ་བའི་རྡུལ་བཞིན་བརླག་པར་མཛོད། །གནོད་བྱེད་ཐམས་ཅད་མཱ་ར་ཡ་ཕཊ྄ཿ


previousརཏྣའི་གཏེར་བྱོན་གུ་རུ་དྲག་པོ་སོགས་གཏེར་ཆོས་སྤྱི་ལ་སྦྱར་རུང་བའི་དྲག་པོའི་སྦྱིན་སྲེག་ཡེ་ཤེས་བསྐལ་མེ་རབ་འབར།next