Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

5 occurrences of འབེན་
[Clear Hits]


  
  
 
  
  
  
  
  
ཀློང་སྡེ་རྡོ་རྗེ་ཟམ་པའི་བཀའ་སྲུང་འབར་མ་སྤུན་གསུམ་གྱི་གསོལ་མཆོད་གྲུབ་གཉིས་རེ་སྐོང་ཡིད་བཞིན་ནོར་བུ།
  
  
  
  
  
  
  
  
  


5 occurrences of འབེན་
[Clear Hits]

 
previousཀློང་སྡེ་རྡོ་རྗེ་ཟམ་པའི་བཀའ་སྲུང་འབར་མ་སྤུན་གསུམ་གྱི་གསོལ་མཆོད་གྲུབ་གཉིས་རེ་སྐོང་ཡིད་བཞིན་ནོར་བུ།next

ཀློང་སྡེ་རྡོ་རྗེ་ཟམ་པའི་བཀའ་སྲུང་འབར་མ་སྤུན་གསུམ་གྱི་གསོལ་མཆོད་གྲུབ་གཉིས་རེ་སྐོང་ཡིད་བཞིན་ནོར་བུ།

༄༅། །ཀློང་སྡེ་རྡོ་རྗེ་ཟམ་པའི་བཀའ་སྲུང་འབར་མ་སྤུན་གསུམ་གྱི་གསོལ་མཆོད་གྲུབ་གཉིས་རེ་སྐོང་ཡིད་བཞིན་ནོར་བུ་བཞུགས། །

ཐོག་མའི་མགོན་པོ་རྡོ་རྗེ་སེམས་དཔའ་ཆེཿ སེམས་དག་ལྷའི་བུ་དགའ་རབ་མཉྫུ་ཤྲཱི། །ཤྲཱྀ་སེང་བཱཻ་རོ་མི་ཕམ་མགོན་པོ་སོགས། །ཀློང་སྡེའི་བརྒྱུད་པའི་བླ་མར་ལན་བརྒྱར་འདུད། །ཁྱད་པར་སྟོན་པའི་ཞལ་སྐྱིན་ཨོ་རྒྱན་རྗེའི། །མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་འཇིགས་མེད་གླིང་། །གང་གི་ཐུགས་རྗེའི་རོལ་རྩལ་བརྒྱུད་ལྡན་གྱི། །བླ་མ་དམ་པའི་ཚོགས་ལ་སྙིང་ནས་འདུད། །གནས་ཡུལ་དུར་ཁྲོད་མཁའ་འགྲོ་ཡང་མཆེད་བཞི། །ཆོས་དབྱིངས་རྣམ་ཀུན་མཆོག་ལྡན་ཝཱ་ར་ཧི། །གང་ལ་གང་འདུལ་འབར་མ་སྤུན་གསུམ་གྱི། །སྤྲུལ་པའི་ཟློས་གར་བསྒྱུར་དེ་ངོ་མཚར་གནས། །གང་དེའི་གསོལ་མཆོད་གྲུབ་གཉིས་རེ་སྐོང་ནོར། །དོན་གཉེར་གདེངས་ཅན་དགའ་བའི་གཙུག་རྒྱན་དུ། །སྦྱིན་ནོ་རབ་འབྱམས་ཕྲིན་ལས་འདོད་དགུ་ལོངས། །དེ་ཡང་འདིར་ཀློང་སྡེ་རྡོ་རྗེ་ཟམ་པའི་བཀའ་སྲུང་འབར་མ་སྤུན་གསུམ་གཡོག་མོ་བཅས་ལ་གཏོར་མ་འབུལ་བར་འདོད་ན་གཙོ་མོ་གསུམ་ལ་ཤ་ཆེན་དང་ཁྲག་ཆེན་གྱི་གཏོར་མ། །ཞུན་ཆེན་དང་སྨན་ཆེན་གྱི་གཏོར་མ་དཀར་གསུམ་མངར་གསུམ་གྱི་གཏོར་མ། གཡོག་མོ་གསུམ་ལ་ཞག་དང་ཤ་དང་། །ཁྲག་གི་གཏོར་མ་སོ་སོའི་འདོད་རྫས་ཀྱིས་བརྒྱན་དགོས་པར་བཤད་ཀྱང་། །རྫས་དང་ཡོ་བྱད་ཡོད་བཞིན་དུ་མ་བཤམས་པ་དང་། །མེད་པ་ལ་ཕུགས་གཏད་ནས་ཆོ་ག་བཤོལ་བ་སོགས་མཐའ་གཉིས་སུ་མ་ལྷུང་བའི་ཚུལ་གྱིས་ཇི་སྐད་དུ། །དམིགས་པ་རྣོན་པོ་རྣལ་འབྱོར་མཚོན་ཆ་ཡིན། །ཞེས་གསུངས་པ་བཞིན། །གཙོ་མོ་གསུམ་ལ་དམར་གཏོར་ཆེ་ཆུང་གསུམ། །གཡོག་མོ་གསུམ་ལ་དེ་ལས་ཆུང་བ་གསུམ། །སྐྱུ་གུ་གྲངས་ངེས་མེད་པས་བསྐོར་བ་དང་བཅས། རྃ་ཡྃ་ཁྃ་ལན་གསུམ་གྱིས་མ་དག་པའི་དངོས་པོ་བསྲེགས་གཏོར་བཀྲུས། ༀ་ཨཱཿཧཱུྃ་གིས་སྦྱངས་སྤེལ་བསྒྱུར་ནས་རང་རང་གི་འདོད་རྫས་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་བལྟས་ལ། །དང་པོ་བྱིན་གྱིས་བརླབ་པ་ནི། སྟོང་པའི་ངང་ལས་ཉི་ཟླ་ཁ་སྦྱོར་གྱི་དབུས་གཞལ་ཡས་ཁང་གི་ནང་དུ་བདག་ཉིད་ཧེ་རུ་ཀ་མངོན་རྫོགས་རྒྱལ་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་ན་གསེར་གྱི་རྡོ་རྗེ་རྩེ་དགུ་པ། གཡོན་ན་ཤེལ་གྱི་དྲིལ་བུ་དཀུ་ལ་བརྟེན་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཡུམ་དང་འཁྲིལ་སྦྱོར་གྱི་ཚུལ་དུ་བཞུགས་པར་བསྒོམ་ལ། ཧེ་རུ་ཀའི་སྔགས་འདི་ༀ་བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ། བཛྲ་ཀྲོ་ཏི་ཤྭ་རི་སྟཾ། རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། བ ཟླས་མཐར། མདུན་དུ་མཁའ་འགྲོ་མ་གསུམ་པོ་བསྐྱེད་པ་ནི། རང་ཉིད་དཔལ་གྱི་ཐུགས་ཀ་ནས། །ཡི་གེ་ཛ་དྷ་དཱ་གསུམ་ལས། །མཁའ་འགྲོ་འབར་མ་སྤུན་གསུམ་ནི། །ཞལ་གཅིག་སྤྱན་གསུམ་ཤིན་ཏུ་དམར། །སྐུ་མདོག་དམར་མོ་ཕྱག་བཞི་མ། །ཞབས་གཉིས་གཡོན་བསྐུམ་གཡས་བརྐྱངས་ཤིང་། །རྩ་བའི་ཕྱག་གཉིས་མདའ་གཞུ་འཛིན། །བརྣག་པའི་དགྲ་ལ་མདའ་བྱིན་ནས། །སྙིང་ཁ་ནས་ཕུག་ཟ་བར་བསམ། །དང་པོ་གཉིས་ཀྱིས་གྲི་གུག་དང་། །ཐོད་པ་ཀླད་ཁྲག་གང་བ་འཛིན། །གནོད་པར་བྱེད་པའི་དགྲ་རྣམས་ལ། །གཡས་པའི་གྲི་གུག་གིས་བསྣུན་ཅིང་། །གཡོན་པ་ཐོད་པའི་ནང་དུ་ནི། །རྒྱུ་མ་ཀླད་ཁྲག་བཅས་པས་བཀང་། །དཀྲུགས་ཤིང་ཞལ་དུ་གསོལ་བར་གྱུར། །ཡན་ལག་ལྷུ་ཚིགས་སྦྲུལ་གྱིས་བརྒྱན། །སྟག་གི་པགས་པས་སྨད་གཡོགས་དཀྲིས། །མི་རོ་དམར་པོའི་གདན་ལ་བཞུགས། །མི་མགོ་རློན་པའི་དོ་ཤལ་ཅན། །ཁ་ནས་མེ་འབར་ཁྲག་ལ་ལྡག །རང་རང་སྟོབས་རྩལ་ལྡན་པར་མཛོད། །དེར་མདུན་གཡོག་མོ་གསུམ་བསྐྱེད་པ། །བྱ་རོག་གདོང་ཅན་ཙན་ཏི་ཀ། །ནག་མོ་ཞལ་གཅིག་ཕྱག་གཉིས་མ། །རོ་སྟེང་ཞབས་གཡས་བརྐྱངས་པས་མནན། །ཕྱག་གཉིས་དགྲ་མགོ་བཟུང་ནས་སུ། །འཐོག་ཅིང་ཟ་བའི་ལས་བྱེད་བསམ། །ཅེ་སྤྱང་གདོང་ཅན་ཤྭ་ན་མ། །སེར་མོ་ཞལ་གཅིག་ཕྱག་གཉིས་མ། །རོ་སྟེང་ཞབས་གཡས་བརྐྱངས་པས་མནན། །ཕྱག་གཉིས་བརྣག་པའི་དགྲ་བོ་དེ། །བཟུང་ནས་ལྕེའུ་ཆུང་ཁྲག་བཞིབས་གྱུར། །ཁྱི་གདོང་ཨུ་མ་དཱེ་ཝ་ནི། །ཞལ་གཅིག་ཕྱག་གཉིས་དུད་ཁའི་མདོག །ཞབས་གཉིས་གཡས་བརྐྱངས་རོ་མནན་ནས། །ཕྱག་གཉིས་བརྣག་པའི་དགྲ་བོ་དེའི། །མཚན་མ་ནས་བཟུང་འདྲད་པར་བསམ། །དེ་ནས་རུ་ལུའི་སྔགས་ཤམ་དུ། །འབར་མ་གསུམ་གྱི་འབོད་སྔགས་བཟླ། །ༀ་ཛ་ཧ་ན་ཧེ་ཛཾ་ནི་ཤྲཱི་ཧེ་རུ་ཀ་ཛ་དྷཱ་ར་ས་ན་ས་ཀ་རོ་ན་གྷྲྀ་ཧེ་ཨ་གྷ་ཛ་ཨ་གྷ་ཙ་ཨ་ཀ་ཙ་སྭཱ་ཧཱ། །ༀ་དྷ་ཧ་ན་ཧེ་ཛཾ་བི་ཤྲི་ཧེ་རུ་ཀ་ཛ་དྷ་ར་ས་ན་ས་ཀ་ར་ན་གྷྲྀ་ཧེ་ཨ་གྷ་ཛ་ཨ་གྷ་ཙ་ཨ་ཀ་ཙ་སྭཱ་ཧཱ། །ༀ་དཱ་ཧ་ན་ཧི་ཛཾ་བི་ཤྲཱི་ཧེ་རུ་ཀ་ཛ་དྷ་དཱ་ས་ན་ས་ཀ་རེ་ན་གྷྲྀ་ཧེ་ཨ་གྷ་ཛ་ཨ་གྷ་ཙ་ཨ་ཀ་ཙ་སྭཱ་ཧཱ། གཡོག་མོ་གསུམ་གྱི་འབོད་སྔགས་ནི། ༀ་ཀ་མ་ཀའི་ཀཾ་སྭཱ་ཧཱ། ༀ་ཛཾ་མུ་ཀི་ཛཾ་མུ་ཀི་ཛཾ་སྭཱ་ཧཱ། ༀ་ཤྭ་ན་མུ་ཀི་ཤཾ་ཧཱུཾ་ཛ་སྭཱ་ཧཱ། །དེ་ནས་བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཨོ་རྒྱན་གྱི་སྤྲིན་ནག་འདུས་པའི་དུར་ཁྲོད་ནས་མཁའ་འགྲོ་འབར་མ་སྤུན་གསུམ། གཡོག་མོ་གསུམ་དང་བཅས་པའི་ཐུགས་རྒྱུད་བསྐུལ་ནས། །འཁོར་དཔག་མེད་དང་བཅས་ཏེ་རང་ཉིད་དཔལ་ཆེན་པོར་གསལ་བའི་མདུན་དུ་ལྷགས་པར་གྱུར། ཞེས་བསམ་ལ། ཧཱུྃ་དད་པ་དང་ནི་དམ་ཚིག་གིས། །མཁའ་འགྲོ་དཔོན་གཡོག་སྤྱན་འདྲེན་གྱིས། །སྤྲིན་གྱི་ལྕུག་མའི་ཚུལ་གྱིས་ནི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོ་རྒྱན་ཡུལ་གྱི་གནས་མཆོག་ནས། །སྤྲིན་ནག་འདུས་པའི་དུར་ཁྲོད་དུ། །འབར་མ་སྤུན་གསུམ་གཡོག་མོ་བཅས། །སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། །རང་དམ་རང་ལ་བཅས་པ་བཞིན། །སྐད་ཅིག་ཙམ་གྱིས་འདིར་སྤྱོན་ལ། །དགྱེས་པའི་གདན་ལ་བཞུགས་ནས་ཀྱང་། །དངོས་བཤམས་ཡིད་སྤྲུལ་མཆོད་པའི་རྫས། །དགྲ་བོའི་ཤ་ཁྲག་རུས་གསུམ་དུ། །བྱིན་གྱིས་བརླབས་ནས་འབུལ་ལགས་ན། །ལྷག་མེད་བཞེས་ཤིག་ཁ་རཾ་ཁཱ་ཧི། །བསྟན་པ་གཉན་པོ་བསྲུང་དུ་གསོལ། །ཞེས་བརྗོད་ལ། གཏོར་འབུལ་སྔགས་ནི། ༀ་ཛ་ཧ་ན། མུ་ཁ་ཧི། པཱུ་ཙ་བྷ་ལིང་ཏ་གྷྲྀ་ཧ་ན་ཛཾ་སྭཱ་ཧཱ། ༀ་དྷ་ཧ་ན་མུ་ཁ་ཧི་པཱུ་ཙ་བྷ་ལིང་ཏ་གྷྲྀ་ཧ་ན་ཛཾ་སྭཱ་ཧཱ། ༀ་དཱ་ཧ་ན་མུ་ཁ་ཧི་པཱུ་ཙ་བྷ་ལིངྟ་གྷྲྀ་ཧ་ན་ཛཾ་སྭཱ་ཧཱ། དེ་ནས་གཡོག་མོ་གསུམ་ལ་གཏོར་མ་འབུལ་བ་ནི། ༀ་ཨུན་ཏ་བེ་ར་མ་བྷ་ལིན་ཏ་གྷུ་ཧེན་མ་མ་དཀར་རཾ་ས་ཧ་ཡ་སྭཱ་ཧཱ། ཞེས་གཏོར་མ་དགྲ་བོའི་ཤ་ཁྲག་ཏུ་དམིགས་ལ་འབུལ་མཐར་ཕྲིན་ལས་བཅོལ་བ་ནི། ཨ་ཕྱི་ཆེན་མོ་མཐུ་མོ་ཆེ། །ནད་དང་རིམས་ཀྱི་བདག་མོ་སྟེ། །དམ་ཚིག་གསང་བའི་ཚུལ་སྟོན་མ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་གཙོ་མོ་སྟེ། །བདུད་དང་སྲིན་པོ་བྲན་པོ་སྲོག་བདག་འཁོར། །བརྣག་པ་འདི་ལ་རྟགས་ཕྱུངས་ཤིག །ཅེས་ཕྲིན་བཅོལ་དང་བསྟབ་པ་ཚར་ནས། །བསྟོད་པ་ནི། ཧཱུྃ་འགྲོ་དོན་ཕྲིན་ལས་ཆགས་པ་དབང་གི་སྐུ། །སྐུ་མདོག་དམར་མོ་འབར་བ་མེ་ཡི་གདོང་། །རལ་པ་དམར་པོ་བྱི་རུའི་ལན་ཚར་ཅན། །ཕྱག་གཉིས་རྡོ་རྗེ་མདའ་གཞུ་འགེངས་པ་ནི། །ཐབས་དང་ཤེས་རབ་གཉིས་མེད་ཐུགས་རྗེ་ཡིས། །ཉོན་མོངས་དུག་ཚོགས་བསྒྲལ་ནས་དབྱིངས་སུ་སྡུད། །ལྷག་མ་གཉིས་ནི་གྲི་དང་བྷནྡྷ་བསྣམས། །འཁོར་བ་རྩད་གཅོད་སྙིང་ཁྲག་དྲོན་མོ་གསོལ། །དུས་ངན་ཐ་མའི་སེམས་ཅན་འདུལ་དཀའ་བ། །གསོད་པ་ཉི་ཚེས་འདུལ་མཛད་འབར་བའི་གདོང་ཿ སྒྲོལ་བྱེད་དཔའ་མོའི་སྐུ་ལ་ཕྱག་འཚལ་བསྟོད། །སྐུ་གསུང་ཐུགས་ལས་སྤྲུལ་པའི་ཕྲ་མེན་མ། །བྱ་རོག་དབུ་དང་སྤྱང་ཀི་ཁྱི་ཡི་དབུ། །བུད་མེད་ཆགས་པས་འདུལ་བ་དབང་ཆེ་བས། །འཁོར་བའི་རོ་དང་དུག་གསུམ་རོལ་མཛད་མ། །དགྲ་བགེགས་ཚར་གཅོད་མཛད་ལ་ཕྱག་འཚལ་བསྟོད། །ཅེས་དང་ཡི་གེ་བརྒྱ་པས་བཤགས་པ་བྱའོ། རྗེས་ཀྱི་རིམ་པ་ནི་གསོལ་མཆོད་སྤྱི་དང་མཚུངས། །ཞེས་ཀློང་སྡེ་རྡོ་རྗེ་ཟམ་པའི་བཀའ་སྲུང་གཙོ་འཁོར་རྣམས་ཀྱི་གསོལ་མཆོད་གྲུབ་གཉིས་རེ་སྐོང་ཡིད་བཞིན་ནོར་བུ་ཞེས་པ་འདི་ནི་སྒྲུབ་བརྩོན་དམ་པ་དད་དམ་ཐོས་པའི་ནོར་ལྡན་ཨ་བྷྱེ་བཱིདྱ་དྷཱ་ར་ཏིཀྞས་ནན་ཏན་ཆེན་པོའི་ངོར་༧བྱ་བྲལ་རྣལ་འབྱོར་བ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་འདི་ཉིད་འབྲི་རྒྱུ་ལ་བློ་ཕྱོགས་ཚེ་འབར་མ་སྤུན་གསུམ་གྱི་གཙོ་མོ་མངོན་རྟོགས་དང་མཚུངས་པ་ཞིག་གི་ཞལ་མངོན་སུམ་དུ་མཇལ་བས་རྟགས་དང་རྟེན་འབྲེལ་མངོན་སུམ་བྱུང་བཞིན་སྤེལ་བའི་ཡི་གེ་པ་ནི་བསོད་ནམས་སྙན་གྲགས་ཀྱིས་བགྱིས་པའི་དགེ་བས་སྙན་བརྒྱུད་རྡོ་རྗེ་ཟམ་པའི་སྒོ་ནས་འབྲེལ་ཐོགས་རྣམས་ཐོག་མའི་གྲོལ་གཞི་མངོན་དུ་འགྱུར་བའི་རྒྱུར་གྱུར་ཅིག་གུ།།


previousཀློང་སྡེ་རྡོ་རྗེ་ཟམ་པའི་བཀའ་སྲུང་འབར་མ་སྤུན་གསུམ་གྱི་གསོལ་མཆོད་གྲུབ་གཉིས་རེ་སྐོང་ཡིད་བཞིན་ནོར་བུ།next