Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

5 occurrences of འབེན་
[Clear Hits]


  
  
 
  
  
  
  
  
  
  
  
སྨན་བླའི་ཆོ་ག་དུག་གསུམ་ནད་འཇོམས།
  
  
  
  
  
  


5 occurrences of འབེན་
[Clear Hits]

 
previousསྨན་བླའི་ཆོ་ག་དུག་གསུམ་ནད་འཇོམས།next

སྨན་བླའི་ཆོ་ག་དུག་གསུམ་ནད་འཇོམས།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ སྨན་བླའི་ཆོ་ག་དུག་གསུམ་ནད་འཇོམས་བཞུགསཿ

ན་མོ་གུ་རུ་མ་ཧཱ་བྷཻ་ཥ་ཛྱེ་བྷེཿ གང་གི་མཚན་ཙམ་ཐོས་པ་ཙམ་གྱིས་ཀྱང་ཿ ངན་སོང་གསུམ་དང་ནད་གདོན་དུས་མིན་འཆིཿ མི་མཐུན་ཕྱོགས་ཀྱི་མུན་སེལ་སྨན་གྱི་བླཿ བཻ་ཌཱུཪྱ་ཡི་འོད་ལ་ཕྱག་འཚལ་ལོཿ མཁྱེན་པའི་ཡེ་ཤེས་མཁའ་ལྟར་རྒྱ་ཆེ་ཞིང་ཿ བྱམས་བརྩེའི་རང་བཞིན་འོད་ཟེར་སྟོང་ལྡན་དལཿ མཐུ་སྟོབས་ནུས་པས་སྲིད་གསུམ་སྡུག་བསྔལ་སྨགཿ སེལ་མཛད་བླ་མ་ནམ་མཁའི་ནོར་བུས་སྐྱོངསཿ མདོ་ལས་གསུངས་པའི་སྨན་བླའི་གདམས་པའི་སྐོརཿ དཔལ་ལྡན་ཨ་ཏི་ཤ་ཡིས་ལེགས་བཀྲལ་བཞིནཿ རྒྱལ་དབང་ལྔ་པས་འདོན་འགྲིགས་མཛད་པའི་གཞུང་ཿ འདི་འདྲ་ཡིད་བཞིན་ནོར་བུ་ལས་ཀྱང་འཕགསཿ གཞན་ཡང་རྙིང་མའི་གཏེར་གཞུང་མང་དག་ནཿ སྨན་བླའི་ཆོ་ག་དབང་བཅས་དུ་མ་ཞིགཿ མཆིས་མོད་དེ་ལས་ལྷག་པ་མི་དགོས་ཀྱང་ཿ རྟེན་འབྲེལ་མཐུན་སྣང་ཡང་ཡང་བྱུང་བ་བཞིནཿ སྨན་བླའི་ཆོ་ག་དུག་གསུམ་ནད་འཇོམས་ཀྱིཿ བདུད་རྩིའི་ཆུ་རྒྱུན་སྨན་མཆོག་རྒྱ་མཚོའི་བཅུདཿ འགྲོ་ཁམས་བདེ་ལ་སྦྱོར་མཛད་ལམ་གྱི་མཆོགཿ བཻ་ཌཱུཪྱ་ཡི་འོད་ཟེར་འདི་རུ་ངོམཿ དེ་ལ་ཡང་བཅོམ་ལྡན་འདས་སྨན་བླའི་ཆོ་ག་བསྒྲུབ་པར་འདོད་པ་དག་གིས་གནས་ཁང་སོགས་བྱི་དོར་ལེགས་པར་བྱས་ནས་ཕྱི་རྒྱུད་གསུམ་ལ་སོགས་པའི་དཀྱིལ་འཁོར་མཛེས་ཤིང་ཡིད་དུ་འོང་བ་བཤམས་པའི་སྟེང་དུ་མཎྜལ་གྱི་ཁར་བདེ་གཤེགས་མཆེད་བརྒྱད་མཚོན་ཕྱིར་འབྲུ་ཚོམ་བརྒྱད་དང་ཿ དེའི་གཡས་གཡོན་མདུན་གསུམ་དུ་འབྲུ་ཚོམ་གསུམཿ དེ་རྒྱབ་ཕྱོགས་བཞི་ཚོམ་བུ་བཞིར་དང་བཅས་པ་དཀར་གསུམ་གྱིས་སྦྲུས་ཏེ་བཀོད་པའི་གོང་དུ་སྨན་བླའི་སྐུ་གསུང་ཐུགས་རྟེན་ཡོད་ན་བཀྲམས་པའི་མདུན་དུ་བདེ་གཤེགས་མཆེད་བརྒྱད་ཀྱི་མཆོད་གཏོར་བརྒྱད་དང་ཿ སེམས་དཔའ་གསུམ་ལའང་དེ་བཞིན་དང་ཿ གཡོན་དུ་གནོད་སྦྱིན་སྡེ་དཔོན་བཅུ་གཉིས་ཀྱི་གཏོར་མ་དཀར་ཟླུམ་རིལ་བུ་བཅུ་གཉིས་དང་བཅསཿ གཡས་སུ་རྒྱལ་ཆེན་བཞི་ལ་དཀར་ཟླུམ་པད་འདབ་བཞི་ལྡནཿ གཙོ་འཁོར་གྱི་གཏོར་མ་ཀུན་ལ་དཀར་རྒྱན་དཀར་གསུམ་མངར་གསུམ་སོགས་ཀྱིས་གཏམས་པཿ བདེ་གཤེགས་མཆེད་བརྒྱད་ཀྱི་གཏོར་མ་ལ་སྐུ་གཟུགས་ཀྱང་ཡོད་ན་བཙུགས་པའི་མདུན་ནམ་སྐོར་བཤམས་ཀྱིས་ཀྱང་རུང་སྟེཿ ཞལ་ཟས་དང་མར་མེ་སྤོས་དང་ཡོན་ཆབ་སོགས་མང་ཉུང་རྒྱས་བསྡུས་དལ་བྲེལ་དང་འབྱོར་བར་བཤམས་པ་ནི་སྔོན་འགྲོ་སྟ་གོན་གྱི་རིམ་པའོཿ གཉིས་པ་ལ་ཡང་སྦྱོར་དངོས་རྗེས་གསུམ་ལས་དང་པོ་སྐྱབས་སུ་འགྲོ་བ་ནིཿ ན་མོཿ ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྒྱ་མཚོ་ཡིཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བདག་ཉིད་ཆེཿ སྨན་བླ་མཆེད་བརྒྱད་དཀྱིལ་འཁོར་ལྷ་ཚོགས་ལཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ ལན་གསུམ། །གཉིས་པ་སེམས་བསྐྱེད་ནིཿ ཧོཿ མཁའ་མཉམ་ཞིང་གི་མཐའ་ཡས་འགྲོ་བའི་ཁམསཿ བཅོམ་ལྡན་སྨན་བླའི་གོ་འཕང་ལ་འགོད་ཕྱིརཿ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་ནསཿ ཕྱམ་གཅིག་སངས་རྒྱས་ས་ལ་འགོད་པར་བགྱིའོཿ ལན་གསུམ། །གསུམ་པ་ཡན་ལག་བདུན་པ་ནིཿ ཧོཿ བཅོམ་ལྡན་སྨན་བླའི་དཀྱིལ་འཁོར་ལྷ་ཚོགས་ལཿ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་ཿ དངོས་བཤམས་ཡིད་སྤྲུལ་མཆོད་ཚོགས་དཔག་མེད་འབུལཿ དུས་གསུམ་བསགས་པའི་ཉེས་ཚོགས་མཐོལ་ལོ་བཤགསཿ འཁོར་འདས་དགེ་ཚོགས་རྒྱ་མཚོར་རྗེས་ཡི་རང་ཿ ཆོས་འཁོར་རྒྱུན་མི་འཆད་པར་འགྲོ་ལ་སྐོརཿ རྒྱལ་རྣམས་མྱ་ངན་མི་འདའ་རྟག་བཞུགས་གསོལཿ དགེ་ཚོགས་འགྲོ་རྣམས་སངས་རྒྱས་ཐོབ་ཕྱིར་བསྔོཿ ཀུན་ཀྱང་སྨན་བླའི་གོ་འཕང་མྱུར་ཐོབ་ཤོགཿ ལན་གསུམ། བཞི་པ་ཕྱི་རྒྱུད་ཀྱི་སྲུང་མ་རྣམས་ལ་དཀར་གཏོར་བསྔོ་བ་ནི་དཀར་གཏོར་རྒྱན་ལྡན་ཆབ་ཀྱིས་སྦྱངས་ལཿ ༀ་ཨཱཿཧཱུཾ། དཀར་གསུམ་མངར་གསུམ་གྱི་གཏོར་མ་བསྔོ་ཡུལ་མཉེས་བྱེད་ཀྱི་དཔལ་ཡོན་དང་ལྡན་པར་གྱུརཿ བར་བསམས་ལཿ ༀ་ཨ་ཀཱ་རོ༴ ལན་གསུམ་གྱིས་བསྔོས་མཐརཿ མཆོད་སྦྱིན་གཏོར་མ་འདི་བཞེས་ལཿ རྣལ་འབྱོར་བདག་ཅག་འཁོར་བཅས་ལཿ ནད་མེད་ཚེ་དང་དབང་ཕྱུག་དང་ཿ དཔལ་དང་གྲགས་དང་སྐལ་བ་བཟང་ཿ ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་ཿ ཞི་དང་རྒྱས་ལ་སོགས་པ་ཡིཿ ལས་ཀྱི་དངོས་གྲུབ་བདག་ལ་སྩོལཿ དམ་ཚིག་ཅན་གྱིས་བདག་ལ་སྲུངསཿ དངོས་གྲུབ་ཀུན་གྱི་སྡོངས་གྲོགས་མཛོདཿ དུས་མིན་འཆི་དང་ནད་རྣམས་དང་ཿ གདོན་དང་བགེགས་རྣམས་མེད་པར་མཛོདཿ རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་རྣམས་མེད་པར་མཛོདཿ འཇིག་རྟེན་བདེ་ཞིང་ལོ་ལེགས་དང་ཿ འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་ཿ བདེ་ལེགས་ཐམས་ཅད་འབྱུང་བ་དང་ཿ ཡིད་ལ་འདོད་པ་ཀུན་འགྲུབ་ཤོགཿ ཅེས་བརྗོད་ནས་གཏོར་མ་ཕུལ། །བགེགས་རིགས་ལན་ཆགས་མགྲོན་ལ་གཏོར་མ་བསྔོ་བ་ནི། །བགེགས་གཏོར་བཤམས་ལ་ཆབ་ཀྱིས་སྦྱངས་ལ། ༀ་ཨཱཿཧཱུཾ། །བགེགས་ཀྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུརཿ ཞེས་བསམས་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ༴ སོགས་ལན་གསུམ་བརྗོད་མཐརཿ འདོད་ཡོན་ལྔ་ལྡན་གླུད་གཏོར་བཟང་པོ་འདིཿ འབྱུང་བ་ས་ཆུ་མེ་རླུང་བྲག་དང་ཤིང་ཿ ནམ་མཁའ་ལ་བརྟེན་ལྷ་སྲིན་འབྱུང་པོའི་ཚོགསཿ སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགས་ལ་བསྔོཿ ཤ་ཁྲག་དྲོད་དབུགས་རྩ་རྒྱུས་པགས་པ་དང་ཿ ལུས་ངག་ཡིད་གསུམ་གླུད་དུ་འདི་ཁྱེར་ལཿ རང་རང་སོ་སོའི་གནས་སུ་འགྲོ་བར་གྱིསཿ བཀའ་ལས་འདའ་ན་རྡུལ་དུ་རླག་པར་བྱེདཿ སརྦ་བྷུ་ཏ་གཙྪཿ ༀ་སུཾ་བྷ༴ སྔགས་ཀྱིས་བསྐྲདཿ ལྔ་པ་སྲུང་བའི་འཁོར་ལོ་བསྒོམ་པ་ནིཿ ཧཱུཾ་སྟེང་འོག་ཕྱོགས་མཚམས་རྡོ་རྗེའི་ར་བ་དང་ཿ དྲྭ་བ་གུར་དང་བླ་བྲེ་མེ་དཔུང་སོགསཿ གནོད་བྱེད་བགེགས་ཀྱིས་གླགས་རྙེད་མི་འགྱུར་བའིཿ སྲུང་བའི་འཁོར་ལོ་གཞོམ་གཞིག་བྲལ་བར་གྱུརཿ ༀ་བཛྲ་རཀྵ་རཀྵ་ཧཱུཾཿ དྲུག་པ་བྱིན་འབེབས་ནིཿ ཧཱུཾ་སྐུ་གསུམ་ངོ་བོ་བཅོམ་ལྡན་སྨན་གྱི་བླཿ གཙོ་འཁོར་ཡོངས་སུ་རྫོགས་པའི་གསང་གསུམ་གྱིཿ མཁྱེན་བརྩེ་ནུས་པའི་ཐུགས་རྗེས་བྱིན་བརླབས་ཆརཿ རྟེན་དང་བརྟེན་པའི་དཀྱིལ་འཁོར་འདིར་དབབ་མཛོདཿ གུ་རུ་བཻ་ཌཱུཪྱ་བཛྲ་ས་མ་ཡ་ཨ་ཝེ་ཤ་ཡ་ཧྲཱིཾ་ཧྲཱིཾ་ཕཻཾ་ཕཻཾ་ཨཱ་ཨཿ བདུན་པ་མཆོད་རྫས་བྱིན་བརླབ་ནི། ༀ་ཨཱཿཧཱུྃ། རིན་པོ་ཆེ་ཡི་སྣོད་མཆོག་རྒྱ་ཆེན་པོརཿ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་ཿ སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་སོགསཿ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱདཿ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་ཞིང་ཿ རེག་འཇམ་དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགསཿ དཔག་མེད་རབ་འབྱམས་ཞིང་ཁམས་ཡོངས་ཁྱབ་གྱུརཿ ༀ་ཨཱཿཧཱུཾ་བཛྲ་ཨརྒྷཾ༴ནས་ཤཔྟའི་བར་དང་། སརྦ་པུཙྪ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུཾཿ ཞེས་མཆོད་རྫས་རྣམས་བྱིན་གྱིས་བརླབས་སོ། གཉིས་པ་དངོས་གཞིའི་རྟེན་དང་བརྟེན་པའི་ལྷ་ཚོགས་བསྐྱེད་པ་ནི། །རང་སྣང་རྣམ་དག་བདེ་བ་ཅན་གྱི་ཞིང་ཿ ཐ་མལ་ལས་འདས་བལྟ་ན་སྡུག་པའི་གནསཿ བཻ་ཌཱུཪྱ་སྣང་བཀོད་པའི་གཞལ་ཡས་མཆོགཿ རྩིག་པ་འདོད་སྣམ་ཕ་གུ་དྲ་བ་དང་ཿ དྲྭ་ཕྱེད་མདའ་ཡབ་པུ་ཤུད་ལ་སོགས་པཿ གཞལ་ཡས་ཁང་གི་བཀོད་པ་ཡོངས་རྫོགས་པའིཿ སྒོ་བཞི་སྒོ་རྒྱན་ཕུན་ཚོགས་གཞལ་ཡས་ཀྱིཿ དབུས་དང་ཕྱོགས་བཞི་མཚམས་བརྒྱད་རིན་པོ་ཆེའིཿ ཁྲི་སྟེང་སྣ་ཚོགས་པདྨ་ཉི་ཟླའི་གདནཿ དབུས་ཀྱི་ཁྲི་ནི་རབ་ཏུ་མཐོ་ཞིང་འཕགསཿ དེ་སྟེང་ཧཱུཾ་ཡིག་བཻ་ཌཱུར་མདོག་ཅན་བསམཿ ཕྱོགས་མཚམས་བརྒྱད་དུ་ཧཱུཾ་ཡིག་གསལ་བ་ཡིཿ ས་བོན་བརྒྱད་ལས་འོད་ཟེར་ཡར་འཕྲོས་པསཿ བདེ་གཤེགས་བརྒྱད་སོགས་རྒྱལ་བའི་བྱིན་ནུས་བསྡུསཿ འོད་ཟེར་མར་འཕྲོས་འགྲོ་བའི་ལས་ཉོན་དང་ཿ སྒྲིབ་གཉིས་བག་ཆགས་ནད་སོགས་ཀུན་སྦྱངས་ནསཿ ཚུར་འདུས་ཧཱུཾ་ཡིག་སོ་སོར་ཐིམ་པ་ཡིསཿ དབུས་སུ་བཅོམ་ལྡན་བདེ་གཤེགས་སྨན་གྱི་བླཿ སྐུ་མདོག་བཻ་ཌཱུཪྱ་ལྟར་གསལ་ཞིང་དྭངསཿ ཞལ་གཅིག་ཕྱག་གཉིས་ཕྱག་གཡས་མཆོག་སྦྱིན་རྒྱསཿ ཨ་རུ་ར་དང་གཡོན་ཕྱག་མཉམ་བཞག་གིསཿ ལྷུང་བཟེད་བཏེགས་པར་སྨན་བཅུད་བདུད་རྩིས་གཏམསཿ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགསཿ དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་དང་ཿ མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུ་སོགསཿ ཚངས་པར་སྤྱོད་པ་སྤྲུལ་སྐུའི་ཆ་ལུགས་རྫོགསཿ ཤར་གྱི་ཁྲི་སྟེང་ཧཱུཾ་ལས་བཅོམ་ལྡན་འདསཿ མཚན་ལེགས་ཡོངས་བསྒྲགས་རྒྱལ་པོ་གསེར་གྱི་མདོགཿ ཞལ་གཅིག་ཕྱག་གཉིས་གཡས་པས་སྐྱབས་སྦྱིན་དང་ཿ གཡོན་པས་ལྷུང་བཟེད་བདུད་རྩིས་བཀང་བ་བསྣམསཿ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགསཿ ལྷོ་ཡི་ཁྲི་སྟེང་ཧཱུཾ་ལས་བཅོམ་ལྡན་འདསཿ རིན་ཆེན་ཟླ་བ་སྒྲ་དབྱངས་རྒྱལ་པོ་ནིཿ གསེར་གྱི་མདོག་ཅན་ཕྱག་གཡས་མཆོག་སྦྱིན་དང་ཿ གཡོན་པས་ལྷུང་བཟེད་བདུད་རྩིས་བཀང་བ་བསྣམསཿ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགསཿ ནུབ་ཀྱི་ཁྲི་སྟེང་ཧཱུཾ་ལས་བཅོམ་ལྡན་འདསཿ གསེར་བཟང་དྲི་མེད་བཙོ་མ་གསེར་གྱི་མདོགཿ ཞལ་གཅིག་ཕྱག་གཉིས་ཆོས་སྟོན་ཕྱག་རྒྱ་ཅནཿ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགསཿ བྱང་གི་ཁྲི་སྟེང་ཧཱུཾ་ལས་བཅོམ་ལྡན་འདསཿ མྱ་ངན་མེད་མཆོག་སྐུ་མདོག་དཀར་དམར་མདངསཿ ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཕྱག་རྒྱ་ཅནཿ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགསཿ ཤར་ལྷོའི་ཁྲི་སྟེང་ཧཱུཾ་ལས་བཅོམ་ལྡན་འདསཿ ཆོས་བསྒྲགས་རྒྱ་མཚོ་དཀར་ལ་དམར་མདངས་ཅནཿ ཞལ་གཅིག་ཕྱག་གཉིས་ཆོས་སྟོན་ཕྱག་རྒྱ་མཛེསཿ ཞབས་གཅིག་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགསཿ ལྷོ་ནུབ་ཁྲི་སྟེང་ཧཱུཾ་ལས་བཅོམ་ལྡན་འདསཿ མངོན་མཁྱེན་རྒྱལ་པོ་སྐུ་མདོག་བྱུ་རུའི་མདོགཿ ཞལ་གཅིག་ཕྱག་གཉིས་གཡས་པས་མཆོག་སྦྱིན་དང་ཿ གཡོན་པས་ལྷུང་བཟེད་སྨན་བཅུད་ཀྱིས་བཀང་བསྣམསཿ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགསཿ ནུབ་བྱང་ཁྲི་སྟེང་ཧཱུཾ་ལས་བཅོམ་ལྡན་འདསཿ ཤཱཀ་ཐུབ་གསེར་མདོག་ཞལ་གཅིག་ཕྱག་གཉིས་པཿ ཕྱག་གཡས་ས་གནོན་གཡོན་པས་མཉམ་བཞག་རྒྱསཿ ལྷུང་བཟེད་བདུད་རྩི་སྨན་གྱིས་བཀང་བ་བསྣམསཿ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགསཿ བྱང་ཤར་ཁྲི་སྟེང་ཧཱུཾ་ཡིག་ཡོངས་གྱུར་ལསཿ ཡུམ་ཆེན་ཤེར་ཕྱིན་གསེར་མདོག་ཞལ་གཅིག་དང་ཿ ཕྱག་གཉིས་གཡས་པས་རྡོ་རྗེ་གཡོན་པུ་སྟིཿ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགསཿ ཡུམ་ཆེན་མ་གཏོགས་བདེ་གཤེགས་མཆེད་བརྒྱད་པོཿ སྤྲུལ་སྐུའི་ཆ་ལུགས་གཙོ་དང་མཐུན་པའོཿ གཡས་གཡོན་མདུན་གསུམ་པད་དཀར་ཟླ་གདན་རེའིཿ སྟེང་དུ་འཕགས་མཆོག་རིགས་གསུམ་མགོན་པོ་ནིཿ གཡས་སུ་འཇམ་དབྱངས་དམར་སེར་རལ་གྲི་དང་ཿ པུསྟི་འཛིན་ཅིང་ཞི་འཛུམ་མཛེས་ཚུལ་ཅནཿ མདུན་དུ་སྤྱན་རས་གཟིགས་དབང་སྐྱབས་གྲོལ་ནིཿ དུང་མདོག་ཞལ་གཅིག་ཕྱག་གཉིས་གཡས་པད་དཀརཿ གཡོན་པས་སྐྱབས་སྦྱིན་ཕྱག་རྒྱས་མི་འཇིགས་སྦྱིནཿ གཡོན་དུ་ཕྱག་ན་རྡོ་རྗེ་མཐུ་ཆེན་ཐོབཿ མཐིང་མདོག་ཕྱག་གཡས་རྡོ་རྗེ་གཡོན་སྡིགས་མཛུབཿ གསུམ་ག་བཞེངས་སྟབས་སངས་རྒྱས་འཕགས་པ་ཡིཿ རྣམ་འགྱུར་ཆ་ལུགས་འགྲོ་དོན་གཡེལ་མེད་ཚུལཿ གཞན་ཡང་ཉི་ལྟར་རྣམ་པར་སྣང་བྱེད་དང་ཿ ཟླ་ལྟར་གསལ་བྱེད་ལ་སོགས་སེམས་དཔའི་འཁོརཿ དཔག་མེད་ཁྲོམ་ཚོགས་ཇི་བཞིན་གསལ་བར་གྱུརཿ ཕྱི་རོལ་འཁོར་ཡུག་དག་ལ་མགྲོན་ཐབས་ལྷཿ ཚངས་པ་བརྒྱ་བྱིན་རྒྱལ་ཆེན་སྡེ་བཞི་སོགསཿ དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་བཅས་དང་ཿ གནོད་སྦྱིན་སྡེ་དཔོན་བཅུ་གཉིས་སོ་སོ་ཡིཿ འཁོར་གཡོག་བདུན་འབུམ་བདུན་འབུམ་དང་བཅས་གསལཿ དེ་ལྟར་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱིཿ གསང་གསུམ་དཔལ་དང་ཡོན་ཏན་ཕྲིན་ལས་རྣམསཿ གཙོ་བོ་གཅིག་པོའི་ཆོ་འཕྲུལ་གཟའ་སྐར་གཟུགསཿ རྒྱ་མཚོར་ཤར་བཞིན་ཆགས་ཐོགས་བྲལ་བར་གྱུརཿ རྒྱལ་བ་སྲས་བཅས་རྣམས་ཀྱི་གནས་གསུམ་སོགསཿ ༀ་དཀར་ཨཱཿདམར་ཧཱུཾ་མཐིང་གིས་མཚན་ཞིང་ཿ འཇིག་རྟེན་པ་རྣམས་ཐུགས་ཀར་རང་རང་གིཿ མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལསཿ འོད་འཕྲོས་སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནསཿ བདེ་གཤེགས་སྨན་བླའི་དཀྱིལ་འཁོར་ལྷ་ཚོགས་རྣམསཿ སྔོན་གྱི་ཐུགས་དམ་དམ་ཚིག་དབང་གིས་ནིཿ ཉི་ཟེར་ཆར་གྱིས་བྲན་པའི་ཚོན་རིས་བཞིནཿ སྐད་ཅིག་ཙམ་གྱིས་མདུན་མཁར་ལྷགས་པར་གྱུརཿ ཞེས་བསམ་ལཿ གཉིས་པ་སྤྱན་འདྲེན་པ་ནིཿ དད་མོས་ཀྱིས་ཤུགས་བསྐྱེད་ལ་སྤོས་རོལ་དང་བཅསཿ ན་མོཿ བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབཿ སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ཅིང་ཿ འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུཿ འདི་ན་སྣོད་མིན་སེམས་ཅན་གང་ཡང་མེདཿ བཞེངས་ཤིག་བཞེངས་ཤིག་སྨན་བླ་མཆེད་བརྒྱད་ཚོགསཿ དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནཿ སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམཿ ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུཿ རྒྱལ་བ་སྲས་བཅས་མ་ལུས་གཤེགས་སུ་གསོལཿ ༀ་ཨཱཿ གུ་རུ་བྷཻ་ཥ་ཛྱེ་ས་པཱ་རི་ཝ་ར་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས། བརྗོད་པས་དམ་ཚིག་པ་ལ་ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་རྒྱ་མཚོར་ཁ་ཆར་བབས་པ་བཞིན་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་བསམ་མོཿ གསུམ་པ་བཞུགས་སུ་གསོལ་བ་ནིཿ ཧོཿ བཅོམ་ལྡན་འདིར་ནི་བྱོན་པ་ལེགསཿ བདག་ཅག་བསོད་ནམས་སྐལ་བར་ལྡནཿ བདག་གི་མཆོད་ཡོན་བཞེས་སླད་དུཿ འདི་ཉིད་དུ་ནི་བཞུགས་སུ་གསོལཿ བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིརཿ ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནིཿ ཇི་སྲིད་མཆོད་པ་བདག་བགྱིད་ནཿ དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལཿ ༀ་ཨཱཿགུ་རུ་བྷཻ་ཥ་ཛྱེ་ས་པ་རི་ཝ་ར་ས་མ་ཡ་ཏིཥྛནྟུཿ བཞི་པ་ཕྱག་འཚལ་བ་ནིཿ ཧོཿ བཅོམ་ལྡན་སྨན་བླའི་གཙོ་འཁོར་བཅས་རྣམས་ལཿ བསྐལ་པ་ཞིང་གི་རྡུལ་སྙེད་གྲངས་མཉམ་པའིཿ ལུས་ངག་ཡིད་གསུམ་གུས་ཤིང་མོས་བཞིན་དུཿ མཆོག་ཏུ་དད་པའི་སེམས་ཀྱིས་ཕྱག་བགྱིའོཿ ན་མོ་བྷཻ་ཥ་ཛྱེ་ས་པཱ་རི་ཝ་ར་ཨ་ཏི་པཱུ་ཧོཿ པྲ་ཏིཙྪ་ཧོཿ ལྔ་པ་མཆོད་པ་འབུལ་བ་ནིཿ ཧོཿ དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ་པ་ཡིཿ ལྷ་དང་མི་ཡི་མཆོད་རྫས་དཔག་མེད་ཚོགསཿ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱདཿ རབ་འབྱམས་ཞིང་གི་འདོད་ཡོན་ལོངས་སྤྱོད་ཀུནཿ བཅོམ་ལྡན་སྨན་བླའི་འཁོར་དང་བཅས་རྣམས་ལཿ སྒོ་གསུམ་གུས་པས་ལེགས་པར་འབུལ་ལགས་ནཿ བརྩེ་ཆེན་ཐུགས་རྗེས་ཉེ་བར་བཞེས་ནས་ཀྱང་ཿ བདག་སོགས་འགྲོ་བའི་ཚོགས་ཆེན་གཉིས་རྫོགས་ཤོགཿ ༀ་ཨཱཿགུ་རུ་བྷཻ་ཥ་ཛྱེ་ས་པཱ་རི་ཝ་ར་བཛྲ་ཨརྒྷཾ༴ ནས། ཤབྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾཿ ཧོཿ ལྷ་དང་མི་ཡི་ལོངས་སྤྱོད་མཆོད་པའི་རྫསཿ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་དང་ཿ རེག་འཇམ་ཡིད་ལ་དགའ་བདེ་སྐྱེད་པའི་ཆོསཿ ངོ་མཚར་ཕུལ་བྱུང་ནང་གི་མཆོད་ཚོགས་ཀུནཿ བཅོམ་ལྡན་སྨན་བླའི་དཀྱིལ་འཁོར་ལྷ་ཚོགས་ལཿ ཕུལ་བས་བདེ་ཆེན་འགྱུར་མེད་དཔལ་ཐོབ་ཤོགཿ ༀ་ཨཱཿམ་ཧཱ་གུ་རུ་བྷཻ་ཥ་ཛྱེ་ས་པཱ་རི་ཝཱ་ར། རཱུ་པ་ཤབྟ་གྷནྡྷེ་ར་ས་སྤཪྴེ་པྲ་ཏིཙྪ་ཨཱཿཧཱུཾཿ དྲུག་པ་བསྟོད་པ་ནིཿ ཧཱུཾ་སྐུ་མདོག་བཻ་ཌཱུཪྱ་ཡི་རི་བོ་འདྲཿ འགྲོ་བ་སེམས་ཅན་ནད་ཀྱི་སྡུག་བསྔལ་སེལཿ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོརཿ བཅོམ་ལྡན་སྨན་གྱི་བླ་ལ་ཕྱག་འཚལ་བསྟོདཿ མཚན་ལེགས་རིན་ཟླ་གསེར་བཟང་མྱ་ངན་མེདཿ ཆོས་བསྒྲགས་རྒྱ་མཚོ་མངོན་མཁྱེན་ཤཱཀྱ་ཐུབཿ ཡུམ་ཆེན་ཤེར་ཕྱིན་རིགས་གསུམ་མགོན་པོ་སོགསཿ བྱང་ཆུབ་སེམས་དཔའ་འཁོར་དང་བཅས་ལ་བསྟོདཿ ཚངས་དང་དབང་པོ་འཇིག་རྟེན་སྐྱོང་བའི་ལྷཿ གནོད་སྦྱིན་སྡེ་དཔོན་བཅུ་གཉིས་གཡོག་དང་བཅསཿ ལྷ་མིའི་སྨན་གྱི་རིག་འཛིན་དྲང་སྲོང་ཚོགསཿ བདེན་པ་གྲུབ་པ་རྣམས་ལ་ཕྱག་འཚལ་བསྟོདཿ བསྟོད་པར་འོས་པ་ཐམས་ཅད་ལ༴ བསྟོད་པར་བགྱིཿ བདུན་པ་བཤགས་པ་ནིཿ ཧོཿ ཐོག་མེད་དུས་ནས་ད་ལྟར་ཐུག་གི་བརཿ སྒོ་གསུམ་མི་དགེའི་ཉེས་ཚོགས་ཅི་བགྱིས་དང་ཿ ཁྱད་པར་སྨན་བླའི་བསྐྱེད་རྫོགས་བཟླས་བསྒོམ་ལཿ འགལ་འཁྲུལ་ནོངས་པ་ཅི་བགྱིས་མཐོལ་ལོ་བཤགསཿ ༀ་བཛྲ་ས་ཏྭ་ས་མ་ཡཿ སོགས་ཡི་གེ་བརྒྱ་པ་བརྗོདཿ བརྒྱད་པ་བཟླས་པ་བྱ་བ་ནིཿ བཅོམ་ལྡན་འདས་བདེ་བར་གཤེགས་པ་མཆེད་བརྒྱད་ཀྱི་ཐུགས་ཀའི་ཧཱུཾ་ལ་སྔགས་ཀྱིས་གཡས་སུ་བསྐོར་བར་བསམས་ལཿ དམིགས་པ་ཡེངས་མེད་ཀྱི་ངང་ནསཿ ཏདྱ་ཐཱཿ གྷུ་མེ་གྷུ་མེཿ ཨི་མི་ནི་མི་ཧིཿ མ་ཏི་མ་ཏིཿ སབྟ་ཏ་ཐཱ་ག་ཏཿ ས་མཱ་དྷྱ་དྷིཥྛི་ཏིཿ ཨ་ཏི་མ་ཏིཿ པཱ་ལེ་པ་པཾཿ ཤོ་དྷ་ནིཿ སརྦ་པཱ་པཾཿ ན་ཤ་ཡ་མ་མ་ཤུད་དྷེཿ བུདྡྷེ་ཏ་མེཿ ཨུ་མེ་གུ་མེཿ བུདྡྷ་ཀྵེ་དྲ་པ་རི་ཤྭ་དྷ་ནིཿ དྷ་མེ་ནི་དྷ་མེཿ མེ་རུ་མེ་རུ་མེ་རུ་ཤི་ཁ་རེཿ སརྦ་ཨ་ཀ་ལ་མྲྀ་དྷ་ཡུ་ནིཿ བ་ར་ནིཿ བུདྡྷེ་སུ་བུདྡྷེཿ བུདྡྷ་ཨ་དྷིཥྛི་ཏི་ནཿ རཀྵནྟུ་མེཿ སརྦ་དེ་བཿ ས་མེ་ཨ་ས་མེཿ ས་མ་ནྭཱོཿ ཧ་རནྟུ་མེཿ སརྦ་བུདྡྷཿ བྷོ་དྷི་ས་ཏྭཱཿ ཤ་མེ་ཤ་མེཿ པྲ་ཤ་མནྟུ་མེཿ སརྦ་ཨི་དྷྱུ་ས་ར་བཿ བྱ་དྷ་ཡཿ པཱུ་ར་ཎི་པཱུ་ར་ཎིཿ པཱུ་ར་ཡ་མེཿ སརྦ་ཨ་ཤ་ཡཿ བཻ་ཌཱུཪྱ་པྲ་ཏི་བྷ་སིཿ སརྦ་པཱ་པཾ་ཀྵ་ཡངྐ་རི་སྭཱ་ཧཱཿ དལ་ཁོམ་དང་བསྟུན་ཏེ་བཟླས་ཤིང་ཿ ༀ་ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱེཿ གུ་རུ་བཻ་ཌཱུཪྱཿ པྲ་བྷ་རཱ་ཛ་ཡཿ ཏ་ཐཱ་ག་ཏ་ཡཿ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡཿ ཏདྱ་ཐཱཿ ༀ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེཿ མ་ཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེཿ རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱཿ སྔགས་ཐུང་ནིཿ ཏདྱ་ཐཱཿ ༀ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེཿ མ་ཧཱ་བྷཻ་ཥ་ཛྱེ་རཱ་ཛ་ས་མུཏྒ་ཏེ་སྭཱ་ཧཱཿ ཞེས་པའོ། ཇི་ལྟར་རིགས་པ་བཟླསཿ དགུ་པ་ཡན་ལག་བདུན་པ་སྨོན་ལམ་དང་བཅས་པ་ནིཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻཌཱུཪྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོཿ མཆོད་དོ་སྐྱབས་སུ་མཆིའོཿ ལན་བདུན་བཟླསཿ ཐུགས་རྗེ་ཀུན་ལ་སྙོམས་པའི་བཅོམ་ལྡན་འདསཿ མན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལཿ དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླཿ བཻ་ཌཱུཪྱ་ཡི་འོད་ལ་ཕྱག་འཚལ་ལོཿ མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལཿ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབསཿ དགེ་རྩ་རྫོགས་བྱང་ཉིད་དུ་བསྔོ་བར་བགྱིཿ སྨན་གྱི་རྒྱལ་པོར་ཕྱག་མཆོད་མཚན་བཟླས་མཐུསཿ རྒྱལ་བ་མཆོག་དེས་སྔོན་ཚེ་གཞན་དོན་དུཿ མཚན་དཔེ་དཔལ་འབར་ཀུན་ཀྱང་བདག་འདྲར་གྱུརཿ བཻ་ཌཱུར་འོད་ཀྱིས་གླིང་བཞིའི་མུན་པ་སེལཿ ཤེས་རབ་ཐབས་ཀྱིས་ཡོ་བྱད་ཟད་མི་ཤེསཿ དམན་པོའི་ལམ་ངན་ཞུགས་རྣམས་ལམ་མཆོག་བགྲོདཿ སྡོམ་གསུམ་མ་ཉམས་ཚུལ་ལྡན་ངན་སོང་བྲལཿ མདོག་ངན་ནད་པ་ཡན་ལག་དབང་པོ་ཚང་ཿ ནད་ཀྱིས་གཟིར་རྣམས་ནད་མེད་ཡོ་བྱད་འཕེལཿ བུད་མེད་སྐྱེས་གཟིར་དེ་བྲལ་སྐྱེས་དབང་ལྡནཿ ལྟ་ངན་བདུད་ཞགས་ཡང་དག་ལྟ་བས་སྦྱངསཿ རྒྱལ་པོས་མནར་རྣམས་གནོད་པ་ཀུན་ལས་ཐརཿ བཀྲེས་པས་སྡིག་བྱེད་ཆོས་འབྱོར་ཁ་ཟས་མྱོང་ཿ སྒྲེན་སོགས་གོས་ཐོབ་འཕགས་ཚུལ་རྣམ་གྲོལ་ཤོགཿ ཅེས་པའི་སྨོན་ལམ་ཆེན་པོ་བཅུ་གཉིས་པོཿ བདག་སོགས་འགྲོ་བས་མྱུར་དུ་འགྲུབ་པར་ཤོགཿ ཤི་འཕོས་དག་པའི་ཞིང་དེར་པདྨ་ལསཿ རྫུས་སྐྱེས་ཡོན་ཏན་ཀུན་རྫོགས་བདེ་ལ་སོགསཿ རྒྱལ་བ་ཀུན་མཉེས་སྐད་ཅིག་སྐད་ཅིག་ལཿ སངས་རྒྱས་ཞིང་ཀུན་བགྲོད་པའི་མཐུ་ཐོབ་ཤོགཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོཿ མཆོད་དོ་སྐྱབས་སུ་མཆིའོཿ ལན་བདུན་བཟླསཿ མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལཿ དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུཿ གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་པཿ སྟོན་པ་མཚན་ལེགས་དཔལ་ལ་ཕྱག་འཚལ་ལོཿ མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལཿ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབསཿ དགེ་རྩ་རྫོགས་བྱང་ཉིད་དུ་བསྔོ་བར་བགྱིཿ མཚན་ལེགས་རྒྱལ་པོར་ཕྱག་མཆོད་མཚན་བཟླས་མཐུསཿ རྒྱལ་བ་མཆོག་དེས་སྔོན་ཚེ་གཞན་དོན་དུཿ ནད་གདོན་རིམས་སོགས་འཇིགས་པ་མཐའ་དག་ཞིཿ འོན་ལོང་སྨྱོ་སོགས་སྡུག་བསྔལ་ནད་རྒྱུན་ཆདཿ དམྱལ་བའི་ལས་ཟད་ལྷ་མིའི་བདེ་བ་མྱོང་ཿ དབུལ་ཕོངས་ཀུན་ཀྱང་དབྱིག་སོགས་ཡོ་བྱད་འཕེལཿ བཅིངས་དང་བརྡེགས་སོགས་ལུས་གདུང་མཐའ་དག་ཞིཿ མགོན་མེད་དུག་སྦྲུལ་སོགས་ཀྱིས་གཙེས་ལས་ཐརཿ འཐབ་རྩོད་འགྱེད་རྣམས་ཕན་ཚུན་བྱམས་སེམས་ལྡནཿ ཆུས་ཁྱེར་སྨྲེ་སྔགས་འདོན་རྣམས་དབུགས་འབྱིན་ཤོགཿ ཅེས་པའི་སྨོན་ལམ་ཆེན་པོ་རྣམ་པ་བརྒྱདཿ བདག་སོགས་འགྲོ་བས་མྱུར་དུ་འགྲུབ་པར་ཤོགཿ ཤི་འཕོས་དག་པའི་ཞིང་དེར་པདྨ་ལསཿ རྫུས་སྐྱེས་ཡོན་ཏན་ཀུན་རྫོགས་བདེ་ལ་སོགསཿ རྒྱལ་བ་ཀུན་མཉེས་སྐད་ཅིག་སྐད་ཅིག་ལཿ སངས་རྒྱས་ཞིང་ཀུན་བགྲོད་པའི་མཐུ་ཐོབ་ཤོགཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོཿ མཆོད་དོ་སྐྱབས་སུ་མཆིའོཿ ལན་བདུན་བཟླསཿ རིན་ཆེན་ཟླ་དང་པདྨས་རབ་བརྒྱན་ཅིང་ཿ ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱསཿ རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་བའིཿ སྒྲ་དབྱངས་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོཿ མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལཿ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབསཿ དགེ་རྩ་རྫོགས་བྱང་ཉིད་དུ་བསྔོ་བར་བགྱིཿ རིན་ཆེན་ཟླ་བར་ཕྱག་མཆོད་མཚན་བཟླས་མཐུསཿ རྒྱལ་བ་མཆོག་དེས་སྔོན་ཚེ་གཞན་དོན་དུཿ དབུལ་གཡེང་དགེ་ལས་ཉམས་རྣམས་དགེ་ཆོས་འཕེལཿ བཀྲེས་སྐོམ་ལས་ཟད་མཐོ་རིས་ཕུན་ཚོགས་རྒྱསཿ བུ་ནད་མི་མྱོང་རྟག་ཏུ་སྐྱེས་པར་གྱུརཿ བཤེས་བྲལ་མྱ་ངན་གྱིས་གདུང་མྱ་ངན་བྲལཿ མུན་པར་གདོན་གྱིས་གཙེས་རྣམས་གདོན་སོགས་ཐརཿ དམན་མོས་དགེ་མཆོག་བྲལ་རྣམས་ལུང་རྟོགས་རྒྱསཿ ཐེག་ཆེན་སྤོང་རྣམས་རྫོགས་བྱང་བསམ་སྦྱོར་ལྡནཿ འབར་བའི་སྡུག་བསྔལ་མྱོང་རྣམས་བསིལ་ཐོབ་ཤོགཿ ཅེས་པའི་སྨོན་ལམ་ཆེན་པོ་རྣམ་པ་བརྒྱདཿ བདག་སོགས་འགྲོ་བས་མྱུར་དུ་འགྲུབ་པར་ཤོགཿ ཤི་འཕོས་དག་པའི་ཞིང་དེར་པདྨ་ལསཿ བརྫུས་ཏེ་ཡོན་ཏན་ཀུན་རྫོགས་བདེ་ལ་སོགསཿ རྒྱལ་བ་ཀུན་མཉེས་སྐད་ཅིག་སྐད་ཅིག་ལཿ སངས་རྒྱས་ཞིང་ཀུན་བགྲོད་པའི་མཐུ་ཐོབ་ཤོགཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོཿ མཆོད་དོ་སྐྱབས་སུ་མཆིའོཿ ལན་བདུན་བཟླསཿ འཛམ་བུའི་ཆུ་བོའི་གསེར་ལྟར་ལྷང་ངེ་བཿ ཉི་མ་སྟོང་ལས་ལྷག་པའི་གཟི་བརྗིད་འབརཿ དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུཿ གསེར་བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོཿ མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལཿ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབསཿ དགེ་རྩ་རྫོགས་བྱང་ཉིད་དུ་བསྔོ་བར་བགྱིཿ གསེར་བཟང་དྲི་མེད་ཕྱག་མཆོད་མཚན་བཟླས་མཐུསཿ རྒྱལ་བ་མཆོག་དེས་སྔོན་ཚེ་གཞན་དོན་དུཿ བསད་པས་ཚེ་ཐུང་གྱུར་རྣམས་ཡུན་རིང་འཚོཿ བརྐུས་ཕྲོགས་དབུལ་པོར་སྐྱེས་རྣམས་ལོངས་སྤྱོད་འཕེལཿ གནོད་སེམས་འཐབ་ཅིང་རྩོད་རྣམས་བྱམས་པ་རྒྱསཿ ཚུལ་འཆལ་སྡོམ་གནས་སེམས་བསྐྱེད་སྒྲིབ་བྱང་ཤོགཿ ཅེས་པའི་སྨོན་ལམ་ཆེན་པོ་རྣམ་པ་བཞིཿ བདག་སོགས་འགྲོ་བས་མྱུར་དུ་འགྲུབ་པར་ཤོགཿ ཤི་འཕོས་དག་པའི་ཞིང་དེར་པདྨ་ལསཿ རྫུས་སྐྱེས་ཡོན་ཏན་ཀུན་རྫོགས་བདེ་ལ་སོགསཿ རྒྱལ་བ་ཀུན་མཉེས་སྐད་ཅིག་སྐད་ཅིག་ལཿ སངས་རྒྱས་ཞིང་ཀུན་བགྲོད་པའི་མཐུ་ཐོབ་ཤོགཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོཿ མཆོད་དོ་སྐྱབས་སུ་མཆིའོཿ ལན་བདུན་བཟླསཿ མྱ་ངན་འདས་ཤིང་བདེ་བའི་མཆོག་བརྙེས་པཿ འགྲོ་བའི་སྡུག་བསྔལ་གདུང་བ་སེལ་མཛད་ཅིང་ཿ འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་ཡིཿ མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོཿ མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལཿ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབསཿ དགེ་རྩ་རྫོགས་བྱང་ཉིད་དུ་བསྔོ་བར་བགྱིཿ མྱ་ངན་མེད་མཆོག་ཕྱག་མཆོད་མཚན་བཟླས་མཐུསཿ རྒྱལ་བ་མཆོག་དེས་སྔོན་ཚེ་གཞན་དོན་དུཿ མྱ་ངན་སོགས་མྱོང་སྐྱོན་བྲལ་ཚེ་རིང་བདེཿ དམྱལ་བར་མྱ་ངན་མེད་མཐོང་བདེ་བར་འབརཿ དབུལ་པོ་མདོག་ངན་ལུས་མཛེས་ལོངས་སྤྱོད་འཕེལཿ འབྱུང་པོས་མདངས་འཕྲོག་ཞི་ཞིང་བྱམས་གནས་ཤོགཿ ཅེས་པའི་སྨོན་ལམ་ཆེན་པོ་རྣམ་པ་བཞིཿ བདག་སོགས་འགྲོ་བས་མྱུར་དུ་འགྲུབ་པར་ཤོགཿ ཤི་འཕོས་དག་པའི་ཞིང་དེར་པདྨ་ལསཿ རྫུས་སྐྱེས་ཡོན་ཏན་ཀུན་རྫོགས་བདེ་ལ་སོགསཿ རྒྱལ་བ་ཀུན་མཉེས་སྐད་ཅིག་སྐད་ཅིག་ལཿ སངས་རྒྱས་ཞིང་ཀུན་བགྲོད་པའི་མཐུ་ཐོབ་ཤོགཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོཿ མཆོད་དོ་སྐྱབས་སུ་མཆིའོཿ ལན་བདུན་བཟླསཿ ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམསཿ རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་ཞིང་ཿ འགྲོ་བའི་དུག་གསུམ་མ་ལུས་ཞི་མཛད་པའིཿ ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོཿ མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལཿ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབསཿ དགེ་རྩ་རྫོགས་བྱང་ཉིད་དུ་བསྔོ་བར་བགྱིཿ ཆོས་བསྒྲགས་རྒྱ་མཚོར་ཕྱག་མཆོད་མཚན་བཟླས་མཐུསཿ རྒྱལ་བ་མཆོག་དེས་སྔོན་ཚེ་གཞན་དོན་དུཿ དད་མེད་ལོག་ལྟ་དད་ལྡན་ཡང་དག་ལྟཿ མཐའ་འཁོབ་དགེ་ཉམས་མཚན་གྱིས་བྱང་སེམས་སྐྱེསཿ དབུལ་བ་སྡིག་བྱེད་འབྱོར་ལྡན་སྡིག་དང་བྲལཿ འཐབ་ཅིང་རྩོད་རྣམས་སླར་ལོག་བྱམས་གནས་ཤོགཿ ཅེས་པའི་སྨོན་ལམ་ཆེན་པོ་རྣམ་པ་བཞིཿ བདག་སོགས་འགྲོ་བས་མྱུར་དུ་འགྲུབ་པར་ཤོགཿ ཤི་འཕོས་དག་པའི་ཞིང་དེར་པདྨ་ལསཿ རྫུས་སྐྱེས་ཡོན་ཏན་ཀུན་རྫོགས་བདེ་ལ་སོགསཿ རྒྱལ་བ་ཀུན་མཉེས་སྐད་ཅིག་སྐད་ཅིག་ལཿ སངས་རྒྱས་ཞིང་ཀུན་བགྲོད་པའི་མཐུ་ཐོབ་ཤོགཿ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོཿ མཆོད་དོ་སྐྱབས་སུ་མཆིའོཿ ལན་བདུན་བཟླསཿ ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཚུལཿ རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་ཅིང་ཿ ཤེས་བྱ་མ་ལུས་མངོན་སུམ་མཁྱེན་པ་པོཿ མངོན་མཁྱེན་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོཿ མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལཿ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབསཿ དགེ་རྩ་རྫོགས་བྱང་ཉིད་དུ་བསྔོ་བར་བགྱིཿ མངོན་མཁྱེན་རྒྱལ་པོར་ཕྱག་མཆོད་མཚན་བཟླས་མཐུསཿ རྒྱལ་བ་མཆོག་དེས་སྔོན་ཚེ་གཞན་དོན་དུཿ བྱ་བ་ངན་ཞེན་འབྱོར་ལྡན་དགེ་བ་འཕེལཿ མི་དགེའི་ལམ་ཞུགས་དགེ་ལམ་རྒྱུ་འབྲས་ཐོབཿ གཞན་དབང་གྱུར་རྣམས་རང་དབང་བདེ་བ་འཕེལཿ ཚེ་ཐུང་རྒྱུ་བསགས་མཚན་ཐོས་ཚེ་རིང་ཤོགཿ ཅེས་པའི་སྨོན་ལམ་ཆེན་པོ་རྣམ་པ་བཞིཿ བདག་སོགས་འགྲོ་བས་མྱུར་དུ་འགྲུབ་པར་ཤོགཿ ཤི་འཕོས་དག་པའི་ཞིང་དེར་པདྨ་ལསཿ རྫུས་སྐྱེས་ཡོན་ཏན་ཀུན་རྫོགས་བདེ་ལ་སོགསཿ རྒྱལ་བ་ཀུན་མཉེས་སྐད་ཅིག་སྐད་ཅིག་ལཿ སངས་རྒྱས་ཞིང་ཀུན་བགྲོད་པའི་མཐུ་ཐོབ་ཤོགཿ སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀ་ཐུབ་པ་ལ་ཕྱག་འཚལ་ལོཿ མཆོད་དོ་སྐྱབས་སུ་མཆིའོཿ ལན་བདུན་བཟླསཿ ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་འཁྲུངས་ཤིང་ཿ གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པཿ གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུཿ ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོཿ མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལཿ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབསཿ དགེ་རྩ་རྫོགས་བྱང་ཉིད་དུ་བསྔོ་བར་བགྱིཿ ཤཱཀྱའི་རྒྱལ་པོར་ཕྱག་འཚལ་མཆོད་པའི་མཐུསཿ རྒྱལ་བ་མཆོག་དེས་སྙིགས་དུས་འགྲོ་བའི་སླདཿ བདེ་གཤེགས་བདུན་གྱི་སྔོན་གྱི་སྨོན་ལམ་དང་ཿ ཆོ་གའི་བསམ་སྦྱོར་ཁྱད་པར་ཅན་རྣམས་གསུངསཿ བརྒྱད་ཀ་འཛོམས་ནས་བཻ་ཌཱུར་གཟུངས་ཆེན་གྱིཿ ཕན་ཡོན་གསུངས་ནས་ཚུལ་འདིར་བསྐུལ་བ་ལྟརཿ དེང་འདིར་འབད་ལས་ལེགས་ཚོགས་གང་ཐོབ་པཿ བདག་སོགས་འགྲོ་བས་འཕྲལ་དུ་ཐོབ་པར་ཤོགཿ མ་རིག་མུན་སེལ་སྒྲོན་མེའི་མཆོགཿ སྡུག་བསྔལ་ནད་སེལ་སྨན་གྱི་ཕུལཿ དམ་ཆོས་དཀོན་མཆོག་ཐམས་ཅད་ལཿ ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆིའོཿ ལན་བདུན་བཟླསཿ འདི་མན་ཆད་གོང་ལྟར་རང་རང་གི་བསྟོད་པ་སྦྱར་བ་ནིཿ ཀུན་འབྱུང་མུན་པའི་ས་བོན་མཐར་མཛད་ཅིང་ཿ སྡུག་བསྔལ་ཟུག་རྔུའི་རྩ་བ་དྲུངས་ནས་འབྱིནཿ རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་མ་སོགསཿ ཐེག་གསུམ་དམ་པའི་ཆོས་ལ་ཕྱག་འཚལ་ལོཿ མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལཿ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབསཿ དགེ་རྩ་རྫོགས་བྱང་ཉིད་དུ་བསྔོ་བར་བགྱིཿ དམ་པའི་ཆོས་ལ་ཕྱག་འཚལ་མཆོད་པའི་མཐུསཿ མཚན་ཐོས་ཙམ་གྱིས་སྐྱོན་ཟད་ཡོན་ཏན་འཕེལཿ ཞེས་སོགས་བདེར་གཤེགས་བཀའ་ལུང་འགྱུར་མེད་རྣམསཿ བདག་སོགས་འགྲོ་ལ་བདེན་པ་མངོན་འགྱུར་ཤོགཿ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོཿ མཆོད་དོ་སྐྱབས་སུ་མཆིའོཿ ལན་བདུན་བཟླསཿ ཆོས་ཀྱི་རྒྱལ་བུ་གཞོན་ནུ་མཁྱེན་པའི་གཏེརཿ བདག་ཅག་ཉེས་བརྒྱས་གཟིར་བའི་འགྲོ་བ་ལཿ ཟབ་ཡངས་ལམ་འདི་མངོན་དུ་འགྱུར་མཛད་པཿ རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོཿ མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལཿ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབསཿ དགེ་རྩ་རྫོགས་བྱང་ཉིད་དུ་བསྔོ་བར་བགྱིཿ འཇམ་པའི་དབྱངས་ལ་ཕྱག་འཚལ་མཆོད་པའི་མཐུསཿ ཁྱེད་ཀྱི་ཡོན་ཏན་བསམ་ཡས་མདོ་སྡེ་འདིཿ ཐུབ་ལ་ནན་གྱིས་ཞུས་པའི་ཕན་ཡོན་ཀུནཿ བདག་སོགས་འགྲོ་བར་འཕྲལ་དུ་ཐོབ་བྱིན་རློབསཿ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྐྱབས་གྲོལ་ལ་ཕྱག་འཚལ་ལོཿ མཆོད་དོ་སྐྱབས་སུ་མཆིའོཿ ལན་བདུན་བཟླསཿ ཐབས་མཁས་ཐུགས་རྗེ་ཕུལ་དུ་བྱུང་བའི་མཐུསཿ དུས་མིན་འཆི་གསོ་རྒྱལ་སྲིད་སྤེལ་སོགས་སླདཿ མཆོད་པའི་སྦྱོར་བ་གསལ་བར་སྟོན་མཛད་པཿ འཕགས་པ་སྐྱབས་གྲོལ་མཛད་ལ་ཕྱག་འཚལ་ལོཿ མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལཿ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབསཿ དགེ་རྩ་རྫོགས་བྱང་ཉིད་དུ་བསྔོ་བར་བགྱིཿ སྐྱབས་གྲོལ་མཛད་ལ་ཕྱག་འཚལ་མཆོད་པའི་མཐུསཿ སྨན་བླའི་མཚན་གྱིས་ཉམ་ཐག་ནད་པ་དང་ཿ དུས་མིན་འཆི་གསོ་རྒྱལ་སྲིད་རྒྱས་སོགས་རྣམསཿ བདག་སོགས་འགྲོ་བར་འཕྲལ་དུ་ཐོབ་བྱིན་རློབསཿ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོཿ མཆོད་དོ་སྐྱབས་སུ་མཆིའོཿ ལན་བདུན་བཟླསཿ ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དམ་པའི་ཆོས་སྐྱོང་བ་ལྷའི་དགེ་བསྙེན་ཆེན་པོ་ཐམས་ཅད་ལ་ཕྱག་འཚལ་ལོཿ མཆོད་དོ་སྐྱབས་སུ་མཆིའོཿ ལན་གསུམ་བཟླསཿ ཡངས་པ་ཅན་དུ་བདེར་གཤེགས་བརྒྱད་འཛོམས་ནསཿ སྤྱི་སྒོས་བསྟན་པ་བསྲུང་བར་བཀའ་བསྒོས་ཤིང་ཿ རང་རང་བདེན་པའི་ངག་གིས་ཞལ་བཞེས་པཿ གསང་བདག་འཁོར་དང་བཅས་ལ་ཕྱག་འཚལ་ལོཿ མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལཿ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབསཿ དགེ་རྩ་རྫོགས་བྱང་ཉིད་དུ་བསྔོ་བར་བགྱིཿ གསང་བདག་མགོན་དང་ཚངས་དབང་རྒྱལ་ཆེན་སོགསཿ དམ་ཅན་སྲུང་མར་ཕྱག་འཚལ་མཆོད་པའི་མཐུསཿ མདོ་འདི་སྤྱོད་པར་ཁྱེད་རྣམས་ལེགས་བྱོན་ནསཿ བསྲུང་སྐྱོབ་རྐྱེན་སེལ་ཡོན་ཏན་ཀུན་བསྒྲུབ་ཅེསཿ དམ་བཅའ་བྲོ་བོར་ཕན་ཡོན་མང་དུ་བཤདཿ གཟུངས་བསྩལ་ཕྱག་རྡོར་སྒྲུབ་ཐབས་བསྟན་པ་ཀུནཿ བདག་སོགས་འགྲོ་བར་འཕྲལ་དུ་ཐོབ་བྱིན་རློབསཿ ལྷག་པར་གེགས་བཟློག་མཐུན་རྐྱེན་ཚང་དུ་གསོལཿ མཐུ་དཔལ་དང་ལྡན་པའི་དགེ་གཉེན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་ལ་སོགས་ཏེ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་ཕྱག་འཚལ་ལོཿ མཆོད་དོ་སྐྱབས་སུ་མཆིའོཿ ལན་གསུམ་བཟླས་རྗེསཿ ཡངས་པ་ཅན་དུ་སྨན་ལྷའི་མཚན་ཐོས་པསཿ བདེན་མཐོང་མདོ་འདི་བསྲུང་བར་དམ་བཅས་པཿ བདུན་འབུམ་འཁོར་གྱིས་བསྐོར་བའི་བཅུ་གཉིས་པོཿ གནོད་སྦྱིན་སྡེ་དཔོན་རྣམས་ལ་ཕྱག་འཚལ་ལོཿ མཆོད་པ་ཀུན་འབུལ་སྡིག་པ་མཐའ་དག་བཤགསཿ དགེ་ལ་ཡི་རང་ཆོས་འཁོར་སྐོར་བར་བསྐུལཿ མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབསཿ དགེ་རྩ་རྫོགས་བྱང་ཉིད་དུ་བསྔོ་བར་བགྱིཿ གནོད་སྦྱིན་རྣམས་ལ་ཕྱག་འཚལ་མཆོད་པའི་མཐུསཿ ཁྱེད་ཀྱིས་སྨན་ལྷའི་མཚན་ཐོས་བདེན་པ་མཐོང་ཿ མདོ་འདི་བསྲུང་བར་དམ་བཅའ་ཇི་བཞིན་མཛོདཿ ལྷག་པར་གེགས་བཟློག་མཐུན་རྐྱེན་ཚང་གྱུར་ཅིགཿ ཅེས་བརྗོདཿ སྐབས་འདིར་གཟུངས་རིང་ཐུང་རྣམས་བཟླས་རྗེས་སུཿ ཇི་སྙེད་སུ་དག་ཕྱོགས༴ སོགས། བཟང་སྤྱོད་ལས་བྱུང་བའི་ཡན་ལག་བདུན་པ་ཚང་མ་བརྗོདཿ གསུམ་པ་རྗེས་ཀྱི་རིམ་པ་ལཿ ཡན་ལག་བདུན་པ། བསྟོད་པ་ནིཿ སྙིགས་དུས་འགྲོ་ལ་དགོངས་པའི་བཅོམ་ལྡན་འདསཿ བདེ་གཤེགས་བདུན་དང་ཐུབ་དབང་དམ་པའི་ཆོསཿ འཇམ་དཔལ་སྐྱབས་གྲོལ་ཕྱག་རྡོར་འཁོར་དང་བཅསཿ གནོད་སྦྱིན་སྡེ་དཔོན་རྣམས་ལ་གུས་ཕྱག་འཚལཿ དེ་སྐད་གསོལ་ཚེ་སྒོ་གསུམ་ཉེས་སྐྱོན་གྱིཿ ནོངས་པ་ཅི་བགྱིས་གནོང་ཞིང་འགྱོད་པས་བཤགསཿ བཟོད་པར་བཞེས་ནས་རང་རང་གནས་སུ་བཞུདཿ སྤྱན་འདྲེན་ཚེ་ན་ཐུགས་རྗེས་མྱུར་བྱོན་གསོལཿ བཀྲ་ཤིས་ཀུན་གྱི་དབང་ཕྱུག་བཅོམ་ལྡན་འདསཿ བདེ་གཤེགས་བདུན་དང་ཐུབ་དབང་དམ་པའི་ཆོསཿ འཇམ་དཔལ་སྐྱབས་གྲོལ་ཕྱག་རྡོར་འཁོར་དང་བཅསཿ གནོད་སྦྱིན་སྡེ་དཔོན་རྣམས་ཀྱིས་བཀྲ་ཤིས་ཤོགཿ དེ་ལྟར་སྨན་བླའི་བདེ་གཤེགས་མཆེད་བརྒྱད་ཀྱིཿ ཆོ་ག་དུག་གསུམ་ནད་འཇོམས་བདུད་རྩིའི་རྒྱུནཿ འདི་ཉིད་སྡོང་རོགས་དགེ་རྩེའི་དགེ་སྦྱོང་མཆོགཿ མ་ཏི་བྷ་དྲས་མ་ཎི་བསྐུལ་བཞིན་དུཿ བྱང་སེམས་ཀུན་བཟང་གཞན་ཕན་ཞེས་བྱ་བསཿ དོན་ལ་བརྟེན་པ་རྒྱལ་བའི་ཕྲིན་ལས་ཕྱིརཿ མདོ་ཆོག་ཡན་ལག་བདུན་པའི་གཞུང་བཞིན་ཀྱང་ཿ སྔགས་དང་མཐུན་པར་ཉམས་ལེན་བདེ་བའི་ཕྱིརཿ བཀོད་འདི་མདོ་སྔགས་གཉིས་དང་མི་འགལ་བའིཿ གཞུང་བཟང་དག་པའི་སྣང་ངོར་ཤར་བའི་གཟུགསཿ ལྷ་དང་བླ་མས་བྱིན་རླབས་ཀྱིས་ཐོབ་ནོརཿ དད་ལྡན་རྣམས་ལ་ཕན་ངེས་བྱིན་ནུས་ལྡནཿ དེ་ཕྱིར་ལོག་ལྟའི་སྐྱོན་གྱིས་མི་སྦག་པརཿ འཕྲལ་ཕུགས་ཀུན་ཏུ་ཕན་དང་བདེ་སྟེར་ལམཿ ཡིན་ལ་ཡིན་བཞིན་དད་གུས་མོས་གསུམ་གྱིསཿ ཉམས་སུ་ལོངས་དང་འབྲས་བཟང་ཐོབ་པར་ངེསཿ དེ་ཡི་དགེ་བ་རྨད་བྱུང་ཐེག་ཆེན་ཆོསཿ སྲིད་དང་ཉན་རང་ལམ་དུ་མི་འཕྱན་པརཿ རྣམ་མཁྱེན་རྒྱ་མཚོར་རོ་གཅིག་འདྲེས་གྱུར་ནསཿ མཐའ་ཡས་འགྲོ་ལ་ཕན་པའི་རྒྱུར་གྱུར་ཤོགཿ དགེའོ།


previousསྨན་བླའི་ཆོ་ག་དུག་གསུམ་ནད་འཇོམས།next