Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

5 occurrences of འབེན་
[Clear Hits]


  
  
 
  
  
  
  
  
  
  
  
  
  
སྨན་བླའི་དུག་གསུམ་ནད་འཇོམས་ཀྱི་དབང་བཤད་པུཎྜ་རི་ཀའི་འཕྲེང་བ།
  
  
  
  


5 occurrences of འབེན་
[Clear Hits]

 
previousསྨན་བླའི་དུག་གསུམ་ནད་འཇོམས་ཀྱི་དབང་བཤད་པུཎྜ་རི་ཀའི་འཕྲེང་བ།next

སྨན་བླའི་དུག་གསུམ་ནད་འཇོམས་ཀྱི་དབང་བཤད་པུཎྜ་རི་ཀའི་འཕྲེང་བ།

༄༅། །སྨན་བླའི་དུག་གསུམ་ནད་འཇོམས་ཀྱི་དབང་བཤད་པུཎྜ་རི་ཀའི་འཕྲེང་བ་བཞུགས་སོ།། །།

འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། །དེའི་ཆེད་དུ་བདེ་བར་གཤེགས་པ་བརྒྱད་ཀྱི་དཀྱིལ་འཁོར་བྱིན་རླབས་རྗེས་གནང་གི་རིམ་པ་ཞུ་བར་བགྱིའོ་སྙམ་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་བཅས་ཏེ་ཉན་པར་འཚལ། །ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་ཡང་། །སྐྱེ་རབས་ལས་རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རབ་བསྐྱེད་དེ། །དགའ་དང་ལྡན་པའི་མིག་གིས་ལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་གུས་པས་ཆོས་ཉོན་ཅིག །ཅེས་དང་། སློབ་དཔོན་ཆེན་པོས་རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངེས་བློ་ལ་རྡོ་རྗེ་སེམས་སོགས་པའི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་པ་བཞིན། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །མི་འཛིན་པ་ལྔ་དང་བཅས་པ་སྤངས་ནས། །འདུ་ཤེས་བཞི་དང་བཅས་པའི་སྒོ་ནས་ཉན་དགོས་ཚུལ་ཡང་། །སྣོད་ཁ་སྦུབས་པ་ལ་བཅུད་བཟང་པོ་ཆགས་པའི་གོ་སྐབས་མེད་པ་ལྟར་སེམས་གཞན་དུ་ཡེངས་པ་དང་། །སྣོད་ཞབས་རྡོལ་དུ་བཅུད་ཅི་ཙམ་བླུགས་ཀྱང་རང་སར་ཟག་སྟེ་མི་གནས་པ་ལྟར་ཅུང་ཟད་ཉན་ཡང་ཚིག་དོན་ཡིད་ལ་མི་འཛིན་པ་དང་། སྣོད་དུག་ཅན་དུ་བཅུད་བཟང་པོ་བླུགས་ཀྱང་དུག་དང་འདྲེས་པས་བཟར་མི་རུང་བ་ལྟར་བླ་མ་དང་ཆོས་ལ་ལོག་པར་རྟོག་ཅིང་མཉམ་འགྲོགས་དང་ཐོས་པའི་ང་རྒྱལ་སོགས་ཆོས་ཉོན་མོངས་པའི་གྲོགས་སུ་སོང་བ་སྟེ་སྣོད་ཀྱི་སྐྱོན་གསུམ་དང་། །ཆོས་ཐོས་པའི་ཆ་ནས་ཁོང་ལས་ང་ལྷག་སྙམ་པའི་ང་རྒྱལ་ཆོས་འཆད་ཉན་གྱི་ནུས་པ་བདག་ལའང་ཡོད་སྙམ་པའི་མ་དད་པ། །ཕྱི་བཤོལ་དང་ལེ་ལོའི་དབང་གི་དོན་དུ་མི་གཉེར་བར་ཚོགས་དྲུག་ཐ་མལ་དུ་གོལ་ནས་རྣམ་པར་གཡེང་བ། ཉན་པའི་ཚེ་གཉིད་རྨུགས་སུ་གྱུར་པའམ། ཅི་མི་སྙམ་པའི་བསམ་གཏན་གྱི་ངང་དུ་ཡིད་སྡུད་པ། །ཆོས་ཐུན་ཡུན་རིང་བ་དང་། །མ་གོ་བས་སྐྱོ་བར་གྱུར་པ་དྲི་མ་དྲུག་དང་། །ཚིག་འཛིན་ལ་དོན་མི་འཛིན་པ། ལོག་པར་འཛིན་པ་སོགས་ཀྱི་གཉེན་པོར་མདོ་སྡེ་ལས། །དགེ་སློང་དག་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག །ཅེས་དང་། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་བདག་ཉིད་ལ་ནད་པའི་འདུ་ཤེས། །ཆོས་ལ་སྨན་གྱི་འདུ་ཤེས། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་དེ་ཉན་པར་བྱའོ། །ཆོས་བཅུ་པའི་མདོ་ལས། །དད་པ་མེད་པའི་མི་རྣམས་ལ། །དཀར་པོ་ཆོས་ནི་མི་འབྱུང་ཞིང་། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་འཁྲུངས་མི་སྲིད། །ཞེས་དད་པ་ནི་ཆོས་སྣང་བའི་སྒོ་ཡིན་པས་གལ་ཆེའོ། །དེ་ཡང་གང་ཉན་པར་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱང་། །རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་རྨད་དུ་བྱུང་བ་དེས། །གདུལ་བྱ་སེམས་ཅན་རྣམས་བློ་མ་ཟད་ཀྱི་བར་དུ། །གདུལ་བྱེད་ཆོས་ཀྱི་རྣམ་གྲངས་ཀྱང་དེ་སྙེད་ཅིག་བསྟན་པ་ཡིན་ཏེ། །ལང་ཀར་གཤེགས་པ་ལས། །ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་དང་། ཡིད་བཞིན་རྣམ་པར་བཀོད་པའི་རྒྱུད་ལས། །ཇི་སྲིད་རྣམ་པར་གནས་དེ་སྲིད། །སངས་རྒྱས་སྤྲུལ་པ་རྒྱུན་མི་ཆད། །གྲོལ་བའི་ཆོས་ཀྱང་རྒྱུན་ཆད་མེད། །ཅེས་གསུངས་པ་བཞིན། །ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་ཡོད་ཀྱང་། །བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ་བ་ཡིན་ཏེ། །སྡོམ་འ བྱུང་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེ་ཐེག་པའོ། །ཞེས་སོ། དེ་ལྟ་བུའི་རྒྱུ་ཡི་ཐེག་པ་ལས། །ཁྱད་པར་འཕགས་པ་འབྲས་བུ་ལམ་དུ་བྱེད་པ་རྡོ་རྗེ་ཐེག་པ་སྟེ། །དེ་ལ་ཡང་རིང་བརྒྱུད་བཀའ་མ། །ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་དང་གསུམ་དུ་གྲགས་པ་ལས། །འདིར་རྗོད་བྱེད་ཚིག་གི་མེ་ཏོག་ལ། །བརྗོད་བྱ་དོན་གྱི་འབྲས་བུ་གཡུར་ཟ་བའི་ཤིན་ཏུ་ཟབ་མོ་སྣང་བ་དག་པ་རབ་འབྱམས་སུ་ཤར་བ་ལས་བྱིན་རླབས་ཉེ་བརྒྱུད་ཐུགས་གཏེར་དུ་བབས་པ་ཡིན་ཏེ། ཆུ་ཀླུང་རོལ་པའི་མདོ་ལས། །ང་ཡི་བསྟན་པ་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦ། །ཡང་ན་ས་ཡི་སྙིང་པོ་བྱ། །ཞེས་གསུངས་པ་དང་མཐུན་པར་བྱུང་བ་སྟེ། རིག་འཛིན་ཆེན་པོ་བདུད་འདུལ་རྡོ་རྗེའི་ལུང་བསྟན་བཀའ་རྒྱ་མ་ལས། །ཨོ་རྒྱན་པདྨའི་སྤྲུལ་པ་ཉིད། །བསོད་ནམས་བསྟན་པའི་མིང་འཛིན་པ། །མཁས་གྲུབ་ཤིང་མོ་གླང་ལོ་བ། །རྒྱ་བོད་ཆོས་ཀྱི་ཚོང་དུས་འགྲེམས། །སྐར་ཚོགས་ཙམ་གྱི་ལས་ཅན་འཁོར། །བྱེ་མའི་གྲངས་ཀྱི་འགྲོ་བ་འདྲེན། །ཞེས་ཤིན་ཏུ་གསལ་བར་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ཀྱི་མཚོན་བྱའི་དོན་གྱི་མན་ངག་སྐུ་གསུམ་རང་བྱུང་གི་སྒྲོན་མ་ནས་མཚོན་བྱེད་ཚིག་གི་སྡེབ་སྦྱོར་རྗེས་ཐོབ་སྒྱུ་མའི་རྣམ་རོལ་གྱིས་བསྒྱུར་བ་བཅོམ་ལྡན་འདས་ཀྱི་བཀའ་ཐ་མ་ངེས་པ་དོན་གྱི་སྡེ་སྣོད་དམ་ཆ་མཐུན་གྱི་སྡེ་སྣོད་དང་རྗེས་སུ་མཐུན་པ་སྨན་བླའི་ཆོ་ག་དུག་གསུམ་ནད་འཇོམས་ཞེས་བགྱི་བའི་རྗེས་སུ་གནང་བ་བྱིན་པ་ལ་སློབ་དཔོན་གྱི་བགྱི་བར་འོས་པ་རྣམས་ལེགས་པར་གྲུབ་ཟིན་ནས་སློབ་བུའི་ངོས་སྐལ་དུ་གྱུར་པ་བླ་མ་དང་སྨན་རྒྱལ་ཐ་མི་དད་པའི་དྲུང་དུ་བྱིན་རླབས་རྗེ་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ། །ཅེས་བརྗོད་འདི་འདྲའི་དུས་ཚོད་དྲན་པའི་རྒྱུར་གྱུར་ཀྱང་། །རང་ལ་དགོས་ཚེ་ཐབས་ཆག་འདུག་པ་ལ་བསམ་ནས་བྲིས་པ་དགེ་ལེགས་འཕེལ། དགེའོ།། །།


previousསྨན་བླའི་དུག་གསུམ་ནད་འཇོམས་ཀྱི་དབང་བཤད་པུཎྜ་རི་ཀའི་འཕྲེང་བ།next