Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
རྗེ་བཙུན་མི་ལ་རས་པའི་སྒྲུབ་ཐབས་ངེས་དོན་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousརྗེ་བཙུན་མི་ལ་རས་པའི་སྒྲུབ་ཐབས་ངེས་དོན་སྙིང་པོ།next

རྗེ་བཙུན་མི་ལ་རས་པའི་སྒྲུབ་ཐབས་ངེས་དོན་སྙིང་པོ།

༄༅ཿ རྗེ་བཙུན་མི་ལ་རས་པའི་སྒྲུབ་ཐབས་ངེས་དོན་སྙིང་པོ་ཞེས་བྱ་བ་བཞུགས་སོཿ

ན་མ་ཤྲཱྀ་གུ་ར་བྷྱཿ སྲིད་པའི་ཚ་གདུང་ཅིག་ཆར་དུཿ སེལ་མཛད་བཞད་པ་རྡོ་རྗེ་ཡིཿ སྒྲུབ་ཐབས་ཉིན་བྱེད་དབང་པོའི་གཟིསཿ སྐུལ་བཟང་སྙིང་གི་ཆུ་སྐྱེས་འབྱེདཿ དེ་ལ་འདིར་རྗེ་བཙུན་གྱི་དབང་ཕྱུག་མི་ལ་རས་པ་ཇི་ལྟར་བསྒྲུབ་པའི་རིམ་པ་ལཿ སྔོུན་འགྲོ་དངོས་གཞི་རྗེས་གསུམ་ལསཿ དང་པོ་སྔོན་འགྲོའི་བཅའ་བཤམ་གྱི་རིམ་པ་ནིཿ གང་ཟག་གི་བློ་ཚོད་དང་བསྟུན་ཞིང་ཿ སྤྱིར་བཏང་དུ་འབྲུ་ཚོམ་དམར་པོ་བརྒྱད་བཀོད་པའི་དལ་དུ་རྗེ་བཙུན་ཆེན་པོའི་སྐུ་རྟེན་སོགས་དམ་ཚིག་གི་སྣང་བརྙན་བཀྲམ་པའི་མདུན་དུ་བླ་གཏོར་རྒྱན་ལྡན་མཐེབ་སྐྱུ་གྲངས་ངེས་མེད་པས་བསྐོར་པའི་གཡས་གཡོན་དུ་སྨན་རཀཿ མདུན་དུ་མཆོད་པ་སྣ་བདུན་ཚོགས་ཀྱི་འཁོར་ལོའི་རྫས་གང་མང་དང་ཿ འོག་ཏུ་མཁོ་བའི་དངོས་གྲུབ་ལེན་ཆོག་གི་རྫས་རྣམས་འདུ་བྱའོཿ སྔོུན་འགྲོ་ལ་རྣམ་གྲངས་དྲུག་ལས༔ དང་པོ་སྐྱབས་སུ་འགྲོ་བ ནིཿ ན་མོཿ སྐུ་གསུམ་ངོ་བོ་བླ་མ་མཆོགཿ རྗེ་བཙུན་བཞད་པ་རྡོ་རྗེ་ལཿ བདག་དང་ཁམས་གསུམ་སེམས་ཅན་གྱིཿ སྒོ་གསུམ་གུས་པས་སྐྱབས་སུ་མཆིཿ གཉིས་པ་སེམས་བསྐྱེད་པ་ནིཿ ཨཿ ལྷན་སྐྱེས་ཀུན་བརྟགས་མ་རིག་མཚོརཿ བྱིང་བ་སྡུག་བསྔལ་ཕུང་པོའི་རྟེནཿ གཟུང་འཛིན་སྲད་བུས་བསྡམས་པའི་འགྲོཿ བདེ་ཆེན་ཐོབ་ཕྱིར་བླ་མ་བསྒྲུབཿ གསུམ་པ་ཡན་ལག་བདུན་པ་ནིཿ ཨཱཿ སྐྱེ་མེད་དབྱིངས་ལས་སྤྲུལ་པའི་གརཿ ལེགས་བསྒྱུར་རྗེ་བཙུན་ཆེན་པོ་ལཿ གནས་ལུགས་དྲན་པས་ཕྱག་འཚལ་ལོཿ དྲན་འཛིན་དག་པའི་མཆོད་པ་འབུལཿ དྲན་བྱ་དྲན་བྱེད་འཛིན་པ་བཤགསཿ སྤྲོས་དང་བྲལ་ལ་རྗེས་ཡི་རང་ཿ དུ་མ་རོ་གཅིག་ཆོས་འཁོར་བསྐོརཿ སྒོམ་མེད་ངང་དུ་བཞུགས་གསོལ་འདེབསཿ རེ་དོགས་བྲལ་བའི་དགེ་ཚོགས་བསྔོཿ བཞི་ པ་བགེགས་བསྐྲད་པ་ནིཿ ཨཿ ལྷ་ཡང་སེམས་ལ་འདྲེ་ཡང་སེམསཿ སེམས་ལས་མ་བྱུང་ལྷ་འདྲེ་དབེནཿ སེམས་ཉིད་སྤྲོས་བྲལ་རྡོ་རྗེ་ཡིསཿ གཟུང་འཛིན་རྣམ་རྟོག་འདྲེར་ཤར་བསྐྲདཿ ཧཱུཾ་ཧཱུཾ་ཨུ་ཙ་ཏ་ཡ་ཕཊཿ ལྔ་པ་མཚམས་བཅད་པ་ནིཿ ཨཿ འཁོར་འདས་རང་རིག་རྡོ་རྗེའི་གུརཿ བསྲུང་བྱ་སྲུང་བྱེད་ལས་འདས་པརཿ འཕྲལ་བྱུང་གློ་བུར་ཚོགས་བརྒྱད་སེམསཿ ཡེ་ཤེས་ཁྲོ་བོས་མཚམས་བཅད་དོཿ བཛྲ་རཀྵ་རཀྵཿ དྲུག་པ་མཆོད་རྫས་བྱིན་བརླབས་ནིཿ ཨཿ ཕྱི་ལྟར་འཁྲུལ་པའི་འགྲོ་བ་དྲུགཿ སྤྲུལ་སྐུའི་མཆོད་པ་བླ་ན་མེདཿ ནང་ལྟར་ཤར་བའི་ཚོགས་བརྒྱད་སེམསཿ ལོངས་སྐུའི་མཆོད་པ༴ གསང་བ་བདེ་སྟོང་ཡེ་ཤེས་ཆེཿ ཆོས་སྐུའི་མཆོད་པ༴ དངོས་བཤམས་དངོས་འཛིན་བྲལ་བའི་རྫསཿ ཚོགས་གཉིས་མཆོད་པ་བླ་ན་མེདཿ ༀ་ཨཱཿཧཱུཾཿ གཉི ས་དངོས་གཞི་ལ་རྣམ་གྲངས་བརྒྱད་ལསཿ དང་པོ་རང་བྱུང་ལྷར་བསྐྱེད་ནིཿ ཨཿ སྐྱེ་མེད་ཆོས་སྐུ་སྤྲོས་བྲལ་ངང་ཿ འགག་མེད་ལྷུན་གྲུབ་གཞལ་ཡས་སུཿ རང་ཉིད་རྡོ་རྗེ་རྣལ་འབྱོར་མཿ གསལ་སྟོང་ཆུ་ཟླའི་རོལ་གར་བཞིནཿ པད་ཉི་ཆོས་འབྱུང་གདན་ལ་འགྱིང་ཿ ཆོས་འཁོར་དབུས་སུ་པད་ཟླའི་སྟེང་ཿ རང་རིག་དབང་ཕྱུག་མི་ལ་མཆོགཿ འགྱུར་མེད་གདན་གསུམ་དཀྱིར་འཁོར་སྨུགཿ ཕྱག་གཡས་ཞལ་འགྲམ་བཏེགས་པས་མཛེསཿ གཡོན་པར་བྷནྡྷ་ཆང་བཀང་རོལཿ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་ཿ སྐུ་སྨད་ཨང་རག་ར་གའི་མདོགཿ ན་བཟའ་རས་དཀར་དྲིི་བྲལ་ངང་ཿ འཁོར་ཅིག་སྒོམ་ཐག་དབང་མདོག་སྤྲསཿ དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབསཿ སྤྱན་ཟུང་གདུལ་བྱའི་ཡུལ་ལ་གཟིགསཿ ཞལ་ནས་རྡོ་རྗེའི་མགུར་དབྱངས་སྙནཿ མཚན་དཔེའི་གཟི་བྱིན་འོད་དུ་འབརཿ འཁོར་དུ་དཔའ་བོ་མཁའ་འགྲོས་བསྐོར༔ གནས་གསུམ་ༀ་ཨཱཿཧཱུཾཿ གིས་མཚནཿ དེ་ལས་འོད་འཕྲོས་འོག་མིན་དང་ཿ གནས་ཡུལ་དུར་ཁྲོད་མཁའ་འགྲོ་ཡིཿ ཚོམ་བུའི་ཚོགས་འཁོར་དབུས་སོགས་ནསཿ དད་ལྡན་མོས་གུས་སྣང་བའི་ངོརཿ ཡེ་ཤེས་སྐུ་མཆོག་སྤྲོ་བར་མཛོདཿ བཛྲ་ས་མ་ཛཿ གཉིས་པ་སྤྱན་འདྲེན་པ་ནིཿ ཨཿ སྐྱེ་མེད་དབྱིངས་ཀྱི་ཕོ་བྲང་ནསཿ ཆོས་སྐུའི་བླ་མ་སྤྱན་འདྲེན་གཤེགསཿ འགག་མེད་ལྷུན་གྲུབ་གཞལ་ཡས་ནསཿ ལོངས་སྐུའི་བླ་མ་སྤྱན་འདྲེན་གཤེགསཿ རྩོལ་མེད་ཐུགས་རྗེའི་ཕོ་བྲང་ནསཿ སྤྲུལ་སྐུའི་བླ་མ༴ འོག་མིན་བདེ་ཆེན་ཕོ་བྲང་ནསཿ དབང་ཕྱུག་བཞད་པ་རྡོ་རྗེ་ལཿ འཁོར་དུ་དཔའ་བོ་མཁའ་འགྲོ་དང་ཿ ས་བཅུ་ལམ་ལྔར་བཞུགས་པ་ཡིཿ རིག་འཛིན་གྲུབ་ཐོབ་ཚོགས་ཀྱིས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིསཿ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལཿ གནས་མཆོག་འདི་རུ་བྱིན་ཕོབས་ལཿ སྒྲུབ་མཆོག་བདག་ལ་དབང་བཞི་སྐུརཿ བགེགས་དང་ལོག་འདྲེན་བར་ཆད་སོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ༀ་ཨཱཿཧཱུཾ་མ་ཧཱ་གུ་རུ་རཏྣ་བཛྲ་ས་མ་ཡ་ཛ་ཛཿ གསུམ་པ་གཉིས་མེད་བཞུགས་གསོལ་ནིཿ ཨཱཿ དབྱིངས་ལས་སྤྲུལ་པའི་དཀྱིལ་འཁོར་ལྷཿ འདུས་བྱས་མཚན་མ་ལས་འདས་ཕྱིརཿ ཆོས་ཀྱི་འཁོར་ལོའི་དབུས་ཉིད་དུཿ བདེ་ཆེན་འགྱུར་མེད་ངང་དུ་བཞུགསཿ ས་མ་ཡཱ་ཱཏིཥྛ་ལྷནཿ བཞི་པ་ཡུལ་བྲལ་ཕྱག་འཚལ་ནིཿ ཨཱཿ ཡུལ་དང་ཡུལ་ཅན་དམིགས་པ་ལསཿ འདས་ཕྱིར་གཟུང་འཛིན་རྣམ་དག་ཀྱང་ཿ རང་བྱུང་ལྷུན་གྲུབ་དཀྱིལ་འཁོར་ལཿ རང་ཤར་རང་གྲོལ་ཕྱག་འཚལ་ལོཿ ཨ་ཏི་པཱུ་ཧོཿ པྲ་ཏི་ཛ་ཧོཿ ལྔ་པ་སྒྱུ་མའི་མཆོད་པ་ནིཿ ཨཿ སྣང་ཞིང་སྲིད་པའི་འཇིག་རྟེན་ཁམསཿ དངོས་མཚན་བྲལ་བའི་ངང་དུ་འབུལཿ གཡོ་ཞིང་སྒྱུ་བའི་སེམས་ཅན་རྣམསཿ རྟེན་འབྲེལ་ལུགས་ལྡོག་ཚུལ་དུ་འབུལཿ ང་དང་ང་ཡིར་འཛིན་པའི་སེམསཿ བློ་ཟད་ཆོས་ཟད་ངང་དུ་འབུལཿ དངོས་འབྱོར་ཡིད་སྤྲུལ་མཆོད་པ་ཀུནཿ ཆགས་མེད་ཞེན་མེད་ངང་དུ་འབུལཿ ༀ་ཨཱཿཧཱུཾཿསརྦ་པཱུཙྪ་ཨཱ་ཧཱུཾཿ དྲུག་པ་བློ་འདས་བསྟོད་པ་ནིཿ ཨཱཿ མ་བཅོས་སྤྲོས་བྲལ་བསམ་བརྗོད་བྲལཿ ཆད་པའི་མཐར་འདས་ཡེ་ཤེས་གསལཿ རྟག་པས་མ་གོས་ངོ་བོས་སྟོང་ཿ ཀུན་ཁྱབ་ཆོས་སྐུའི་བླ་མར་བསྟོདཿ ལྷུན་གྲུབ་རང་གདངས་མ་འགག་པརཿ ཁ་སྦྱོར་ཡན་ལག་བདུན་ལྡན་སྐུཿ ཡེ་ཤེས་ལྔ་ཡི་རྩལ་རྒྱས་པཿ བདེ་ཆེན་ལོངས་སྐུའི་བླ་མར་བསྟོདཿ རང་རྩལ་གདུལ་བྱའི་དབང་པོ་དང་ཿ བསམ་པ་སྐལ་བར་མཐུན་པ་ཡིཿ སྣ་ཚོགས་གཟུགས་ཀྱིས་འདུལ་མཛད་པཿ ཐུགས་རྗེ་སྤྲུལ་སྐུའི་བླ་མར་བསྟོདཿ སྐུ་ལ་འབྱུང་བཞིའི་དགྲས་མི་ཚུགསཿ གསུང་གིས་ཆོས་ཀུན་དབྱངས་སུ་ལེནཿ ཐུགས་མཆོག་ཟག་མེད་དོན་དང་ལྡནཿ བཞད་པ་རྡོ་རྗེའི་གསང་གསུམ་བསྟོདཿ གཞན་ཡང་རྒྱལ་བ་སྲས་དང་བཅསཿ སོ་སོ་མ་ཡིན་རྗེ་བཙུན་གྱིཿ གསང་གསུམ་ངོ་བོ་རོ་གཅིག་པརཿ ཐ་མི་དད་ལ་ཕྱག་འཚལ་བསྟོདཿ བདུན་པ་མཐའ་བྲལ་བཤགས་པ་ནིཿ ཨཱཿ རང་རིག་ཡེ་ནས་རྗེ་བཙུན་དང་ཿ འབྲལ་མ་མྱོང་ཡང་ཀུན་གཞིའི་སེམསཿ ཤ་ཁྲག་དྲ་བར་ཚུད་པའི་ནོངསཿ ལས་སྒྲིབ་ཉོན་སྒྲིབ་བག་ཆགས་སྒྲིབཿ ཤེས་སྒྲིབ་བསགས་པའི་རྣམ་སྨིན་སྒྲིབཿ ཀུན་རྫོབ་ངོས་ནས་རྨི་ལམ་ལྟརཿ དོན་དམ་དབྱིངས་སུ་མཁའ་བཞིན་སྟོང་ཿ བཤགས་བྱ་བཤགས་བྱེད་འཛིན་པ་བཤགསཿ ས་མ་ཡཱ་ཨཿ བརྒྱད་པ་གྲགས་སྟོང་འཛབ་བཟླས་ནིཿ དང་པོ་རྗེ་བཙུན་ཐུགས་རྒྱུད་བསྐུལ་ཕྱིར་གསོལ་བ་གདབ་པ་ནིཿ མོས་གུས་མཆི་མ་འཁྲུགས་པ་ཙམ་གྱིསཿ རྗེ་བཙུན་ཆེན་པོའི་གསང་བ་གསུམ་གྱི་ཡོན་ཏན་དྲན་བཞིནཿ ཀྱེ་ཀྱེ་རྗེ་བཙུན་རིན་པོ་ཆེཿ དབང་ཕྱུག་མི་ལ་རས་པ་ལཿ རྣལ་འབྱོར་བདག་གིས་གསོལ་འདེབས་ནཿ ཁ་ཙམ་མ་ཡིན་གློ་སྙིང་བྲང་ཿ གཏད་ནས་གཏན་གྱི་སྐྱབས་སུ་བརྟེནཿ སྐྱིད་ན་བླ་མའི་ཐུགས་རྗེར་བལྟཿ སྡུག་ཀྱང་ལས་ངན་ཟད་པར་མཐོང་ཿ འཇིག་རྟེན་ཆོས་བརྒྱད་ཐར་པའི་དགྲརཿ གོ་ནས་རང་བདེ་མི་གཉེར་བརཿ ཉེ་རིང་བྲལ་བའི་སེམས་ཅན་རྣམསཿ བདག་གིས་འདྲེན་ནུས་བྱིན་གྱིས་རློབསཿ རྗེ་བཙུན་ཆེན་པོའི་དཀའ་ཐུབ་ཀྱིསཿ ཚེ་གཅིག་རྡོ་རྗེའི་སྐུ་བརྙེས་ལྟརཿ བདག་དང་མོས་པའི་བུ་རྣམས་ཀྱིཿ སྒོམ་བསྒྲུབ་བརྩོན་པའི་བྱིན་ནུས་མཐུསཿ ལྷག་མེད་འོད་སྐུར་བྱིན་གྱིས་རློབསཿ ལས་རླུང་དྷུ་ཏིར་དག་སྟོབས་ཀྱིསཿ རྡོ་རྗེའི་སྒྲ་ལ་དབང་བསྒྱུར་ལྟརཿ བདག་དང་མོས༴ གསོལ་འདེབས་བསྙེན་པར་བརྩོན་པའི་མཐུསཿ བདེན་ཚིག་ནུས་པར་བྱིན༴ ཟག་མེད་ཏིང་འཛིན་བསྒོམ་སྟོབས་ཀྱིསཿ ཆོས་སྐུའི་རྒྱལ་ས་ཟིན་པ་ལྟརཿ བདག་དང་མོས་པའི་བུ་རྣམས་ཀྱིསཿ རིམ་གཉིས་གནད་ལ་གོམས་པའི་མཐུསཿ འཁྲུལ་རྟོག་ཟད་པར་བྱིན་གྱིས་རློབསཿ གཟུང་འཛིན་གྲོལ་བར༴ གཙང་སྨེ་ཞིག་པར༴ རེ་དོགས་བྲལ་བར༴ དོན་གཉིས་འགྲུབ་བར༴ སྒོམ་མེད་རྟོགས་པར༴ ཡེངས་མེད་སྤྱོད་པར༴ སྐུ་གསུམ་ཐོབ་བར་བྱིན༴ ཞེས་གསོལ་བ་བཏབ་པ་ཙམ་གྱིས་རྗེ་བཙུན་ཆེན་པོས་དགྱེས་པའི་རྣམ་འགྱུར་གྱིས་སྐུ་མི་གཡོ་ གསུང་མི་སྨྲ་ ཐུགས་བདེ་སྟོང་འཛིན་བྲལ་གྱི་ངང་དུ་བཞུགས་པའི་ཐུགས་སྲོག་ཧཱུཾ་ཡིག་ལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་ཞིང་རབ་འབྱམས་སུ་འཕྲོས་པསཿ རྒྱལ་བ་སྲས་བཅས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་བྱིན་ནུས་བསྡུས་ནས་ཧཱུཾ་ཡིག་ལ་ཐིམ་པ་དམིགས་པ་དང་ཿ ༀ་ཨཱཿཧཱུཾ་མ་ཧཱ་གུ་རུ་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུཾཿ ༀ་ཨཱཿཧ་ས་བཛྲ་སརྦ་སིདྡྷི་ཕ་ལ་ཧཱུཾཿ འོད་ཟེར་རིག་དྲུག་གི་གནས་སུ་འཕྲོས་པས་སོ་སོའི་སྡུག་བསྔལ་དང་ཿ དེའི་རྒྱུ་སྡིག་སྒྲིབ་བཅས་མུན་པ་ལ་ཉི་ཟེར་ཕོག་བཞིན་བསལ་ནས་ཞི་བདེ་ཐོབ་པར་བསམ་པ་དང་ཿ མདོར་ན་འཁོར་འདས་གཉིས་ཀ་རྗེ་བཙུན་གྱི་གསང་གསུམ་དུ་བསྒྲུབས་པས་འཁོར་བ་སྟོངས་ནས་སྐུ་གསུམ་གྱི་གོ་འཕང་མངོན་དུ་ཐོབ་པར་མོས་ནས་སྲོག་ཡིག་འབྲུ་རྣམས་ལ་དམིགས་པ་རེས་མོས་གཏད་ནས་བཟླས་པསཿ དང་པོ་མ་རིག་འཁྲུལ་པ་ནས་བཟུང་རྟེན་འབྲེལ་ལུགས་འབྱུང་གི་བག་ཆགས་སྦྱངས་མཐར་མཉམ་བཞག་ནམ་མཁའ་ལྟ་བུ་སྤྲོས་པའི་མཐའ་ཐམས་ཅད་ལས་འདས་ཀྱང་ཿ རང་གདངས་ཤེལ་གོང་ངམ་ཆུ་དྭངས་པའི་འཆར་ཡུལ་གྱི་གསལ་ཆ་ལྟརཿ མ་འགག་པར་རྩལ་སྣང་སྒྱུ་མའི་ཚུལ་གྱི་རྟོགས་པཿ ཇི་ལྟར་ཤར་ཡང་སྤྲོ་བསྡུ་མི་བྱ་བར་རིག་པ་ཟང་ཐལ་ཡུལ་མེད་རང་ཁ་མ་བསྒོམ་བྱ་སྒོམ་བྱེད་བྲལ་བའི་ངང་ནས་སྔགས་བཟླས་པ་ལ་བརྩོན་ན་མཆོག་ཐུན་མོང་གཉིས་ཀྱི་དངོས་གྲུབ་ཐོབ་པར་ངེས་པ་ལ་ཐེ་ཚོམ་གྱི་བདུད་མི་ཞུགས་པ་གལ་ཆེའོཿ ༈ གསུམ་པ་རྗེས་ལ་རྣམ་གྲངས་དགུ་ལསཿ དང་པོ་འཛིན་མེད་ཚོགས་མཆོད་ནིཿ ཨཿ ཕྱི་སྣོད་འཇིག་རྟེན་ཚོགས་སྣོད་དུཿ ནང་བཅུད་སེམས་ཅན་ཚོགས་རྫས་བཤམསཿ གཟུང་དང་འཛིན་པ་བྲལ་བའི་ངང་ཿ སྐུ་གསུམ་ངོ་བོ་བླ་མར་འབུལཿ ལྷན་སྐྱེས་ཀུན་བརྟགས་རང་གྲོལ་ནསཿ གདོད་མའི་གྲོལ་གཞི་མངོན་གྱུར་ཤོགཿ ཀུན་གཞི་ཀློང་ཡངས་ཚོགས་སྣོད་དུཿ ཕུང་ཁམས་སྐྱེ་མཆེད་ཚོགས་རྫས་བཤམསཿ རང་ཤར་རང་གྲོལ་གསལ་སྟོང་ངང་ཿ གདན་གསུམ་དཀྱིལ་འཁོར་བླ་མར་འབུལཿ བདག་དང་ལྷར་རྟོག་སྒྲིབ་དག་ནསཿ རང་སྣང་ཞི་ཁྲོ་མངོན་གྱུར་ཤོགཿ ལྟ་བ་རྣམ་དག་ཚོགས་སྣོད་དུཿ ཡེངས་མེད་སྒོམ་པའི་ཚོགས་རྫས་བཤམསཿ མ་བཅོས་སྤྱོད་པའི་ངང་ཉིད་དུཿ འབྲས་བུ་རིག་སྟོང་བླ་མར༴ ས་ལམ་འཛིན་པ་རང་གྲོལ་ནསཿ མི་འགྱུར་རྡོ་རྗེའི་སྐུ་ཐོབ་ཤོགཿ གཙང་སྨེ་འཛིན་བྲལ་ཚོགས་སྣོད་དུཿ ཐབས་ཤེས་བཟའ་བཏུང་ཚོགས་མཆོད་བཤམསཿ འཁོར་གསུམ་རྣམ་དག་ངང་ཉིད་དུཿ ཧེ་རུ་ཀ་དཔལ་བླ་མར༴ ཆགས་ཞེན་སེར་སྣའི་བློ་བྲལ་ནསཿ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོགཿ མ་ཧཱ་གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧིཿ གཉིས་པ་ བསླད་མིན་ལྷག་མ་ནིཿ ཨཿ ཕུད་ཀྱིས་མཆོད་ཀྱང་རྣམ་རྟོག་བློཿ ལྷག་མས་བརྔན་ཡང་གཉིས་འཛིན་སེམསཿ སྤང་བླང་བྲལ་བའི་ཚོགས་ལྷག་འདིཿ ལྷག་སྡུད་རིག་རྩལ་འཁོར་ལ་འབུལཿ རྣལ་འབྱོར་བྱང་ཆུབ་བསྒྲུབ་པ་ལཿ འགལ་རྐྱེན་ལས་གྱུར་དགྲ་བགེགས་སེམསཿ རིག་པ་ཡེ་ཤེས་རྡོ་རྗེས་གཞོམཿ འཁོར་གསུམ་ཡོངས་དག་ཚོགས་རྫོོགས་ཤོགཿ ས་མ་ཡཱ་ཨུ་ཙི་ཊ་ཁཱ་ཧིཿ གསུམ་པ་ལྷོད་བྲལ་ཆད་ཐོ་ནིཿ ཨཿ དུས་གསུམ་དུས་མེད་ངོ་བོའི་དུསཿ ལྷུན་གྲུབ་གདངས་ལས་མ་འགག་མདངསཿ རྩལ་སྣང་བཞད་པ་རྡོ་རྗེ་ཡིཿ གདན་གསུམ་དཀྱིལ་འཁོར་མངོན་གྱུར་ཚེཿ སེམས་བྱུང་བྲག་གི་སྲིན་མོ་དངཿ ཚེ་རིང་མཆེད་ལྔ་ལ་སོགས་པའིཿ དྲེགས་པ་ཕོ་མོ་ཆེ་དགུ་ཡིསཿ རང་གཟུགས་སྒྱུ་མའི་འཕྲུལ་བསྟན་ཚེཿ རྣལ་འབྱོར་དབང་ཕྱུག་ཧེ་རུ་ཀསཿ ཕྱག་རྒྱ་ཆེན་པོའི་ཟིལ་འོག་ཏུཿ བཅུག་ནས་དམ་ཚིག་མནོས་པའི་ཆདཿ བསྟན་དང་དེ་འཛིན་སྐྱོངས་བ་དང་ཿ དགྲ་བགེགས་དཔུང་ཚོགས་གཞོམ་ཞེས་པའིཿ དམ་བཅའ་རྡོ་རྗེའི་རི་མོ་ལསཿ མ་གཡེལ་ཐ་ཚིག་གཏོར་མ་འདིཿ བཞེས་ལ་རབ་འབྱམས་ཕྲིན་ལས་ཀུནཿ ཐོགས་མེད་མྱུར་དུ་འགྲུབ་པར་མཛོདཿ བཞི་པ་སྲིད་ཞིའི་བསྟན་སྐྱོང་ནིཿ ཨཱཿ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལཿ ཡེ་ཤེས་གྲུབ་ཀྱང་ལས་ལ་དབང་ཿ བསྟན་མར་སྤྲུལ་ཀྱང་སྒྱུ་མའི་འཕྲུལཿ སྤྲུལ་པ་ཡང་སྤྲུལ་འཁོར་འཅས་རྣམསཿ འཛིན་མེད་བཤལ་ཆུའི་གཏོར་མ་འདིཿ བཞེས་ལ་རབ་འབྱམས་ལས་རྣམས་ཀུནཿ མྱུར་དུ་བསྒྲུབ་ལ་བསྟན་དང་འགྲོའིཿ ཕན་བདེ་སྤེལ་བའི་ཕྲིན་ལས་མཛོདཿ ལྔ་པ་སྡང་མེད་བྲོ་བརྡུང་ནིཿ ཨཱཿ ཀུན་གཞི་མ་རིག་ལྷན་སྐྱེས་འདྲེཿ ཀ་དག་ཆོས་སྐུའི་ཀློང་དུ་མནནཿ ཡིད་ཤེས་གཟུང་འཛིན་ཀུན་བརྟགས་འདྲེཿ ལྷུན་གྲུབ་འོད་གསལ་དབྱིངས་སུ་མནནཿ ཚོགས་དྲུག་འཁྲུལ་སྣང་དངོས་འཛིན་འདྲེཿ རང་ཤར་རང་གྲོལ་སྟོབས་ཀྱིས་མནནཿ མཐའ་བཞིར་ལྟ་བ་མ་ལྡང་ཅིགཿ མི་འགྱུར་རྡོ་རྗེའི་རྒྱ་ཡིས་བཏབཿ སྟྭཾ་བྷ་ཡ་ནནཿ དྲུག་པ་རེ་བྲལ་དངོས་གྲུབ་ནིཿ དངོས་གྲུབ་ཀྱི་རྫས་བུར་སྦྲང་ཀ་ར་ཤ་ཆང་སོགས་ལ་དམིགས་པའི་འཕྲོ་འདུ་གསལ་བསཿ རྩ་སྔགས་ཀྱི་མཇུག་ཏུཿ ཀཱ་ཡ་ཝཱ ཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུཾ་ཨཱཿབཏགས་པ་མང་དུ་བཟླས་ནས་བྱིན་རླབས་ཕུང་པོར་དམིགས་ལ་བླངས་ནས་མྱང་བར་བྱའོཿ ཨཱཿ སྔོུན་ཚེ་རྣལ་འབྱོར་མི་ལ་རྗེའིཿ གཙང་སྨེ་གཉིས་རྟོག་བྲལ་བཞིན་དུཿ བུར་སྦྲང་ཀ་ར་ཤ་དང་ཆང་ཿ འདོད་ཡོན་བཟའ་བཏུང་ཆོས་ཉིད་ལཿ ཆོས་ཉིད་རོལ་ལྟར་བཅུད་ལེན་མཐུསཿ ཟག་མེད་རྡོ་རྗེའི་སྐུ་བརྙེས་བཞིནཿ རྣལ་འབྱོོར་བདག་ཅག་སྒྲུབ་པ་པོའིཿ བུར་སྦྲང་ཀ་ར་ཤ་ཆང་རྫསཿ རྗེ་བཙུན་ཆེན་པོའི་གསང་གསུམ་གྱིཿ མཁྱེན་བརྩེ་ནུས་པའི་དངོས་གྲུབ་བཅུདཿ འདུན་པའི་སེམས་ཀྱིས་བླངས་བགྱིད་ནཿ བདག་འཛིན་འཁྲུལ་བ་རང་སངས་ནསཿ འགྱུར་མེད་སྐུ་དང་འགག་མེད་གསུང་ཿ འཁྲུལ་མེད་ཐུགས་སོགས་མཆོག་ཐུན་གྱིཿ དངོས་གྲུབ་མ་ལུས་མྱུར་དུ་སྩོལཿ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུཾཿ དྲུག་པ་རྟག་ཆད་བསལ་བ་ནིཿ ཨཱཿ སྟོང་པའི་ངང་ལས་གསལ་བའི་མདངསཿ རྗེ་བཙུན་ཆེན་པོའི་སྐུར་བཞེངས་ཀྱང་ཿ མཁའ་ལ་ཤར་བའི་འཇའ་ཚོན་བཞིནཿ དམིགས་མེད་བསམ་བརྗོད་བྲལ་བའི་ངང་ཿ ཨ་ཨ་ཨཱཿ སླར་ཡང་རིག་རྩལ་འགག་མེད་ངང་ཿ སྣང་སྲིད་བླ་མར་ཤར་བཞིན་དུཿ མི་ཡེངས་མི་བསྒོམ་དོན་ལ་སྤྱོདཿ སྤྱད་བྱ་སྤྱོད་བྱེད་རང་སར་དགཿ བདུན་པ་དམིགས་མེད་བསྔོ་བ་ནིཿ དགེ་བ་འདི་ཡིས་བདག་དང་གཞནཿ གཉིས་སུ་འཛིན་པ་ལས་གྲོལ་ནསཿ ཕྱམ་གཅིག་རྣམ་མཁྱེན་བླ་མ་ཡིཿ གོ་འཕང་དམ་པ་ཐོབ་ཕྱིར་བསྔོཿ བརྒྱད་པ་བསླུ་མེད་སྨོན་ལམ་ནིཿ ཨཱཿ སྐྱེ་འཆི་བྲལ་བ་རིག་པའི་དངོསཿ འཕོ་འགྱུར་མཚན་མས་དབེན་བཞིན་དུཿ འཁོར་བ་ཇི་སྲིད་གཞན་གྱི་དོནཿ རྗེ་བཙུན་ཇི་བཞིན་བདག་འགྱུར་ཤོགཿ དགུ་པ་གེགས་མེད་བཀྲ་ཤིས་ནིཿ ཨཱཿ ངོ་བོ་བརྗོད་འདས་རྡོ་རྗེ་འཆང་ཿ རང་བཞིན་ལྷུན་གྲུབ་རྣལ་འབྱོར་མཿ ཐུགས་རྗེ་འགག་མེད་མི་ལ་རྗེའིཿ མཁྱེན་བརྩེ་ནུས་པའི་བཀྲ་ཤིས་གང་ཿ རྒྱལ་ཁམས་ཡོངས་ལ་བཀྲ་ཤིས་ཤོགཿ བསྟན་པ་དར་བའི་བཀྲ་ཤིས་ཤོགཿ བསྟན་འཛིན་རྒྱས་པའི་བཀྲ་ཤིས་ཤོགཿ འགྲོ་རྣམས་བདེ་སྐྱིད་བཀྲ་ཤིས་ཤོགཿ མངོན་སངས་རྒྱ་བའི་བཀྲ་ཤིས་ཤོགཿ འདི་ཉིད་སྔགས་ཀྱི་རྣལ་འབྱོར་བཿ འཇིགས་མེད་ཕྲིན་ལས་འོད་ཟེར་ལཿ རྗེ་བཙུན་བཞད་པ་རྡོ་རྗེ་ཡིཿ སྒྱུ་འཕྲུལ་དག་སྣང་མངོན་པའི་ཚེཿ ཐོལ་བྱུང་ཐོགས་མེད་ཚུལ་དུ་བྲིསཿ ཚེ་རིང་མཆེད་ལྔས་བསྲུང་མ་མཛོདཿ དགེ་དེས་འདི་འབྲེལ་ལུས་ཅན་འགྲོཿ རྗེ་བཙུན་ཐུགས་རྗེས་རྗེས་བཟུང་ནསཿ སྨིན་གྲོལ་ལམ་གྱི་རྒྱུད་སྦྱངས་ཏེཿ སྐུ་གསུམ་གོ་འཕང་མྱུར་འགྲུབ་ཤོགཿ དགེའོཿ དགེའོཿ དགེའོཿ


no previousརྗེ་བཙུན་མི་ལ་རས་པའི་སྒྲུབ་ཐབས་ངེས་དོན་སྙིང་པོ།next