Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
སྐུ་གསུམ་ཁྱུང་སྒྲུབ་ལས་ཚོགསཿ གདོན་ཁྲོལ་འཕྲལ་རྐྱེན་ཁ་བསྒྱུར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐུ་གསུམ་ཁྱུང་སྒྲུབ་ལས་ཚོགསཿ གདོན་ཁྲོལ་འཕྲལ་རྐྱེན་ཁ་བསྒྱུར།next

སྐུ་གསུམ་ཁྱུང་སྒྲུབ་ལས་ཚོགསཿ གདོན་ཁྲོལ་འཕྲལ་རྐྱེན་ཁ་བསྒྱུར།

ཧྲིཿ སྐུ་གསུམ་ཁྱུང་སྒྲུབ་ལས་ཚོགསཿ གདོན་ཁྲོལ་འཕྲལ་རྐྱེན་ཁ་བསྒྱུར་བཞུགསཿ ཿ ཿ

ཧྲིུཿ ན་མོ་ཛྙཱ་ན་ག་རུ་ཎ་ཡེཿ དབྱིངས་བཞུགས་རྒྱལ་བ་ཐམས་ཅད་ཀྱིཿ ངོ་བོ་སྤྲོས་བྲལ་ཆོས་ཀྱི་སྐུཿ རང་བཞིན་ལྷུན་གྲུབ་ལོངས་སྤྱོད་རྫོགསཿ ཐུགས་རྗེ་སྤྲུལ་སྐུ་བསམ་ལས་འདསཿ ཕྲིན་ལས་མཛད་པ་འཛད་མེད་གཏེརཿ དེ་ཕྱིར་སྙིགས་དུས་སྐྱོབ་པའི་ལྷཿ ཡེ་ཤེས་བྱ་ཁྱུང་རྒྱལ་པོ་ཡིཿ གསང་གསུམ་ཕྲིན་ལས་བསྐལ་མེའི་དབལཿ ལོག་འདྲེན་ལྟོ་འགྲོའི་གཤེད་དུ་འབརཿ དེ་ཕྱིར་མི་ཕྱུགས་གང་ལ་ཡང་ཿ བཅོས་མེད་སྙིགས་མའི་རང་གཟུགས་ནདཿ བསལ་ཕྱིར་ཁྱུང་གི་གདོན་ཁྲོལ་བསྟནཿ དེ་ཡང་གོང་དཀྱིལ་ཆོག་གཞུང་བཞིནཿ བཀོད་ལ་བུམ་པ་ཆས་ལྡན་དུཿ ཁྱུང་ལྔ་བྲན་པའི་ཆུ་ཡིས་བལྟམསཿ དལ་དབུས་ལ་བཀོད་བཟླས་པའི་སྐབསཿ བདག་བྱིན་བརླབས་རྗེས་བུམ་པ་ཡང་ཿ རྟེན་དང་བརྟེན་པ་ཡོངས་གསལ་བཞིནཿ བཟླས་པའི་འཕྲོ་འདུ་གཞུང་བཞིན་བྱཿ འོག་དཀྱིལ་ས་སྟེགས་འཚམས་པའི་སྟེང་ཿ པད་འདབ་བརྒྱད་བྲི་དེ་ཡི་ཕྱིརཿ ཆུ་རིས་དེ་མཐར་སྤང་ལྗོངས་དང་ཿ ནེའུ་སིང་སྐྱེད་མོས་ཚལ་བཅས་པཿ བྲིའམ་འདུན་པས་ཀྱང་ནི་རུང་ཿ དེ་ལ་ཀླུ་གཉན་སོགས་འགོད་པཿ དབུས་དང་ཕྱོགས་བཞིར་ཀླུ་ཡི་གཟུགསཿ སྦྲུལ་མགོ་དགུ་བདུན་ལྔ་གསུམ་གཅིགཿ གདེངས་ཀ་འཛིན་པའི་མཚམས་བཞི་རུཿ སྦལ་པ་ཉ་སྡོམ་སྡིག་མགོ་ཅནཿ ས་བདག་གཉན་གཏོད་ས་སྲིན་བཞིཿ དེ་མཐར་ཀླུ་ནོར་ཉེར་གཅིག་དང་ཿ ཀླུ་རྫས་ཡོ་བྱད་ཅི་རིགས་སོགསཿ ཀླུ་སྨན་བཏབ་པའི་འོ་ཆབ་བཅསཿ བཤམས་ལ་སྟོང་ཉིད་སྙིང་རྗེ་ཡིཿ རྩལ་དུ་བྱ་ཁྱུང་ག་རུ་ཎའིཿ ཏིང་ངེ་འཛིན་ལ་གནས་བཞིན་དུཿ ཐུགས་ལས་འགུགས་བྱེད་ཁྲོ་བོ་ཁྱུང་ཿ མང་སྤྲོས་ཀླུ་གཉན་ས་བདག་ཚོགསཿ རང་དབང་མེད་པར་དབང་བསྡུས་ནསཿ ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བཞིནཿ མདུན་གྱི་རྟེན་དང་དབྱེར་མེད་བསམཿ མགྲོན་རིགས་རྟེན་ལ་དགུག་པ་ནིཿ ན་མོ་མཆོག་གསུམ་རྩ་གསུམ་ངོ་བོ་ཉིདཿ ཁྲོ་རྒྱལ་ཀུན་འདུས་བྱ་ཁྱུང་གིཿ བདེན་སྟོབས་ནུས་མཐུས་བསྲུང་བྱ་ལཿ གནོད་ཅིང་འཚོ་བའི་ཀླུ་རིགས་དང་ཿ ས་བདག་གཉན་གཏོད་ས་སྲིན་བཅསཿ གཟུགས་བརྙན་འདི་དང་དབྱེར་མེད་ཁུགཿ བཛྲ་ཛྙཱ་ན་ག་རུ་ཎ་གནོད་བྱེད་ཨ་ཀཪྴ་ཡ་ཛཿ གང་ནུས་བརྗོད་ཅིང་བཀུག་པ་ལཿ བཀའ་བསྒོ་ཐ་ཚིག་བརྗོད་པ་ནིཿ ཧཱུཾ་ཁྲོམ་བཛྲ་ཕཊ྄ཿ ང་ནི་ཡེ་ནས་རང་བྱུང་བཿ ཁྲོ་རྒྱལ་དཔལ་ཆེན་བྱ་ཁྱུང་སྟེཿ གནོད་བྱེད་ཀླུ་གདོན་འདུལ་བའི་གཉེནཿ ཁམས་གསུམ་སྲིད་གསུམ་བརླག་པར་ནུསཿ དེ་ཕྱིར་བདེན་པའི་ཚིག་ཉོན་ལཿ སྦྱིན་པའི་ཡས་ལོངས་གནོད་སེམས་སྤོངསཿ བསྲུང་བྱའི་མི་ཕྱུགས་ཐམས་ཅད་ལཿ ནད་ཀྱི་ཁ་ཕྲུ་བཏབ་སྲིད་ནཿ མྱུར་དུ་ཕྱིར་ལོངས་ནད་དང་ཕྲོལཿ གལ་ཏེ་བཀའ་ལས་འདའ་གྱུར་ནཿ ཁྱོད་ཀྱི་སྔོན་གྱི་ཐ་ཚིག་དང་ཿ འགལ་བས་ཆད་པ་མྱུར་དུ་འོང་ཿ དེ་གང་ཞེ་ན་འདི་ལྟ་སྟེཿ སྔོུན་ཚེ་གསང་བའི་བདག་པོ་ཡིསཿ ཕྱོགས་བཅུ་དུས་གསུམ་ཁྲོ་བོ་ཡིཿ མཐུ་སྟོབས་གཅིག་བསྡུས་ག་རུ་ཎརཿ བྱིན་བརླབས་ནུས་མཐུས་དབང་བསྐུར་ཏེཿ ཀླུ་གཉན་ས་བདག་ཟ་ཕྱིར་བསྔགསཿ བཀའ་བཞིན་འོག་གདོན་རབ་གཞོམ་པསཿ ཀླུ་ཡི་འགྲོ་བ་སྟོངས་ལ་ཉེཿ དེ་ཚེ་གཙུག་ན་རིན་ཆེན་གྱིསཿ འཇམ་དཔལ་དབྱངས་ལ་སྐྱབས་ཞུས་དང་ཿ ཀླུ་བུ་དོན་གཙུག་བྱ་ཁྱུང་གིཿ ཟ་ཁྲལ་ལ་བབ་དེ་ཡི་ཚེཿ ཕྱག་ན་པདྨས་བསྐྱབས་ནས་སུཿ འབྱུང་འགྱུར་མ་འོངས་དུས་ཀྱི་ཚེཿ འཕགས་པ་གཉིས་ཀྱི་བཀའ་བཞིན་དུཿ འགྲོ་ལ་མི་གནོད་དམ་བཅས་ཤིང་ཿ བྱ་ཁྱུང་རྒྱལ་པོ་དཔང་དུ་བཙུགསཿ གལ་ཏེ་དམ་ཚིག་དེ་ཉམས་ནཿ ཁྲོ་འདུས་བྱ་ཁྱུང་རྒྱལ་པོ་ཡིསཿ རྡུལ་ཕྲན་བཞིན་དུ་རློག་པར་ཆདཿ ཆད་ཐོའི་ཐ་ཚིག་དེ་བཞིན་དུཿ དེང་འདིར་བསྲུང་བྱ་ནད་དང་ཕྲོལཿ གདོན་གྱི་ཞགས་པ་ཕྱིར་ལ་སྡུསཿ བསམ་སྦྱོར་ལོག་པའི་སྐྱོན་སོལ་ལཿ ཕན་དང་བདེ་བའི་ལས་སྒྲུབས་ཤིགཿ ཞེས་དང་སྔགས་དྲུག་ཕྱག་དྲུག་གིསཿ བྱིན་གྱིས་བརླབས་ཤིང་ཡས་འབུལ་བཿ ཏིང་འཛིན་སྟོབས་ཀྱིས་སྦྱངས་སྤེལ་བསྒྱུརཿ འཁོར་གསུམ་རྣམ་དག་བློས་འབུལ་བཿ དབང་པོ་དྲུག་གི་སྤྱོད་ཡུལ་དུཿ མཛེས་པའི་གཟུགས་དང་སྙན་པའི་སྒྲཿ ཞིམ་པའི་དྲི་དང་མངར་བའི་རོཿ འཇམ་པའི་རེག་བྱ་དགའ་བདེའི་ཆོསཿ འདོད་དགུའི་དཔལ་ཡོན་ཚང་བའི་རྫསཿ འདི་བཞེས་བསྲུང་བྱ་ནད་དང་ཕྲོལཿ གདོན་གྱི་ཞག་པ་ཕྱིར་ལ་སྡུསཿ མཐོང་དུག་རེག་དུག་ཁ་རླངས་དུགཿ བསམ་སྦྱོར་ངན་པའི་དུག་རྣམས་ཀུནཿ ཕྱིར་ཕྱུངས་བསྲུང་བྱ་ནད་དང་ཕྲོལཿ གདོན་གྱི་ཞགས་པ་ཕྱིར་ལ་སྡུསཿ ས་བདག་གཉན་གཏོད་ས་སྲིན་གྱིཿ འཕྲུལ་ལས་བདུན་དྲུག་ཆར་གཏོགས་རིགསཿ འགོ་བའི་ནད་རིམས་གང་ཇི་སྙེདཿ ཕྱིར་ཕྱུངས་བསྲུང་བྱ་ནད་དང་ཕྲོལཿ གདོན་གྱི་ཞགས་པ་ཕྱིར་ལ་སྡུསཿ མདོར་ན་ལས་ངན་རྒྱུས་བསྐྱེད་པའིཿ འཕྲལ་རྐྱེན་གདོན་གྱིས་བསླངས་པའི་ནདཿ མ་ལུས་ལྷག་མེད་ཕྱིར་ཕྱུངས་ལཿ གདོན་གྱི་ཞགས་པ་བཅད་དུ་གསོལཿ ཞེས་བརྗོད་དེ་ནས་གཟུངས་བུམ་ཆུསཿ ཁྲུས་གསོལ་བྱ་བ་འདི་བཞིན་ཏེཿ ཧཱུཾ། རྣམ་ཀུན་མཆོག་ལྡན་བུམ་སྣོད་དུཿ བདེ་ཆེན་འགྱུར་མེད་བྱ་ཁྱུང་སྐུརཿ བབས་པའི་གསང་སྔགས་ཆུ་རྒྱུན་གྱིསཿ བསྲུང་བྱའི་ལས་ཉོན་སྒྲིབ་པའི་དྲིཿ མ་ལུས་བྱང་ཞིང་དག་གྱུར་ཅིགཿ རྩ་སྔགས་གཤམ་བཅས་བརྗོད་བཞིན་བཀྲུཿ གཞན་ཡང་སྔོན་ལས་བག་ཉལ་དྲིཿ འཕྲལ་བྱུང་རྐྱེན་གྱིས་བསླངས་པའི་ནདཿ ཞེ་སྡང་ལས་བྱུང་ཚ་བ་དང་ཿ འདོད་ཆགས་མཐུས་བསྐྱེད་གྲང་བའི་རིགསཿ གཏི་མུག་གིས་བསྐྲུན་པད་ཀན་གསུམཿ མཐུན་དབྱེ་འགལ་སྦྱོར་རླུང་མཁྲིས་སོགསཿ ཐམས་ཅད་བྱང་ཞིང་དག་གྱུར་ཅིགཿ གོང་བཞིན་སྔགས་བརྗོད་བཀྲུ་བར་བྱཿ སྟེང་གདོན་གཟའ་དང་རྒྱུ་སྐར་སོགསཿ འོག་གདོན་ཀླུ་དང་ས་བདག་གཏོདཿ བར་གདོན་རྒྱལ་བཙན་མ་མོ་སྨནཿ ཕོ་གདོན་མོ་གདོན་ཐེའུ་རང་བཅསཿ གཟུགས་ཅན་གཟུགས་མེད་དྲིས་སྦགས་གདོནཿ ཐམས་ཅད་བྱང་ཞིང་དག་གྱུར་ཅིགཿ གོང་བཞིན་སྔགས་བརྗོད་བཀྲུ་བར་བྱ༔ ཁྱད་པར་ཀླུ་གཉན་ས་བདག་ལསཿ གྱུར་པའི་མཐོང་རེག་ཁ་རླངས་དང་ཿ བསམ་སྦྱོར་ངན་པའི་དུག་དང་བཅསཿ རྒྱུ་བའི་དུག་དང་མི་རྒྱུའི་དུགཿ བདུན་དྲུག་གག་ལྷོག་འབྲས་སྐྲང་མཛེཿ དམུ་ཆུ་རྒྱ་ཐོར་ཤུ་བ་སོགསཿ ཐམས་ཅད་བྱང་ཞིང་དག་གྱུར་ཅིགཿ གོང་བཞིན་སྔགས་བརྗོད་བཀྲུ་བར་བྱཿ ཕྱུགས་ཀྱི་གློ་ཧོན་སྐེ་འགག་གོརཿ གཉན་ལྷོག་ཁ་ཚ་བསྙོ་འབོག་དང་ཿ རྟ་ནད་གཙོང་གྲུམ་མིག་རུ་ལངསཿ གློུ་ལུ་ཨེག་རིམ་རྨ་སྲིན་སོགསཿ ཡན་ལག་རེངས་སོགས་རྟ་དྲེལ་ལཿ གནོད་ཅིང་འཚེ་བའི་ནད་ཀྱི་རིགསཿ ལུག་ནད་གཏལ་པ་མགོ་འཐོམ་དང་ཿ ཤུ་ཐོར་ཤིག་འབབས་ལ་སོགས་པའིཿ དུད་འགྲོའི་ནད་ཀྱི་རིགས་གྱུར་ཀུནཿ ཐམས་ཅད་བྱང་ཞིང་དག་གྱུར་ཅིགཿ གོང་བཞིན་སྔགས་བརྗོད་བཀྲུ་བར་བྱཿ གཞན་ཡང་ལོ་ཟླ་ཞག་དུས་ཀྱིཿ ཀག་སྲི་རྨི་ལྟས་མཚན་ངན་དང་ཿ དམག་ཇག་བག་མ་གཏོང་ལེན་ཉེསཿ དགེ་ལས་ཚོང་མགྲོན་ཉོ་ཚོང་ལདཿ དེ་སོགས་ཆོས་སྲིད་བྱ་བ་ཀུནཿ ཉེས་ལྡད་མི་རུང་མི་ཤེས་རིགསཿ ཐམས་ཅད་བྱང་ཞིང་དག་གྱུར་ཅིགཿ གོང་བཞིན་སྔགས་བརྗོད་བཀྲུ་བར་བྱཿ མི་ཕྱུགས་ཕྱི་གླུད་གྱ་ནོམ་པཿ ཁྲུས་ཆུས་བཀྲུས་པའི་དྲི་ཆུ་བསགསཿ ཕྱུགས་ལ་མེ་ལོང་གཟུགས་བརྙན་བཀྲུཿ གཞུང་འདིའི་སྔགས་དང་བགེགས་དགྲའི་སྔགསཿ རྣམ་འཇོམས་སྨེ་བརྩེགས་སྔགས་བཅས་ཀྱིསཿ བཀྲུས་རྗེས་བྱབས་པ་འདི་བཞིན་བྱཿ བུམ་པའི་ཁ་རྒྱན་རྨ་བྱའི་སྒྲོཿ མཚོན་བྱ་མཚོན་བྱེད་འདི་བཞིན་བལྟཿ ཧོཿ དུག་གི་བཟའ་བཏུང་སྤྱོད་ནུས་པཿ རྨ་བྱ་ཁོ་ནའི་ཁྱད་ཆོས་བཞིནཿ སྔུགས་ཀྱི་ལྟ་སྒོམ་སྤྱོད་འབྲས་བཞིསཿ སྤང་གཉེན་སོ་སོར་མི་འཛིན་ཏེཿ བསྐྱེད་རྫོགས་ལམ་རིམ་ཇི་བཞིན་དུཿ ལྷ་སྔགས་ཏིང་འཛིན་རོལ་མོ་ཡིསཿ མ་དག་དག་པར་བསྒྱུར་ནུས་ཏེཿ རྨ་བྱའི་སྒྲོ་མ དོངས་ཐིག་ལེ་འདིཿ ཡེ་ཤེས་ལྔ་ཡི་རང་བཞིན་ཉིདཿ ཁྱེད་ཅག་སྒོ་གསུམ་བྱབས་པ་ཡིསཿ ཉོན་མོངས་དུག་ལྔའི་མཆེད་པའི་གདོནཿ གྲིབ་དང་མི་གཙང་དུག་རྣམས་ཀུནཿ མེ་ལོང་ཕྱིས་བཞིན་དག་གྱུར་ཅིགཿ ཤེལ་གོང་བཀྲུ་བཞིན་གསལ་གྱུར་ཅིགཿ མུན་པར་ཉི་བཞིན་འབར་གྱུར་ཅིགཿ ཆོས་ཉིད་འགྱུར་བ་མེད་པ་དང་ཿ ཆོས་ཅན་བསླུ་མེད་བདེན་མཐུ་ཡིསཿ ཕྱི་ལྟར་འབྱུང་ལྔའི་གདོན་གྲིབ་བྱབསཿ ནང་ལྟར་ཕུང་ལྔའི་གདོན་གྲིབ་བྱབསཿ གསང་བ་དུག་ལྔའི་གདོན་གྲིབ་བྱབསཿ མི་ཕྱུགས་ཡོངས་ཀྱི་ནད་གདོན་བགེགསཿ བྱུར་ངན་བསྐལ་ངན་ལྟས་ངན་སོགསཿ མདོར་ན་འགལ་སྦྱོར་མི་མཐུན་ཕྱོགསཿ ཐམས་ཅད་མ་ལུས་དག་གྱུར་ཅིགཿ འཚུབ་མས་ཕྱགས་པའི་སྦུར་བ་དང་ཿ བ་མོར་ཚ་ཟེར་འཕྲད་པ་བཞིནཿ ལྷག་མེད་མྱུར་དུ་གཞིལ་བར་མཛོདཿ ཀུན་རྫོབ་རྫུན་གྱི་རི་མོའི་འཕྲུལཿ དོན་དམ་ཆོས་ཀྱིས་ཡོངས་སྦྱངས་ནསཿ འགྱུར་མེད་ཟུང་འཇུག་བདེ་ཆེན་དཔལཿ ལོངས་སུ་སྤྱོད་པའི་མཐུ་ཐོབ་མཛོདཿ གོང་བཞིན་སྔགས་རྣམས་བརྗོད་ཅིང་བྱབསཿ དེ་ནས་སྣལ་སྐུད་ཁ་དོག་ལྔསཿ ཀླུ་དང་བསྲུང་བྱ་སྦྲེལ་ནས་སུཿ ནད་དང་གདོན་གྱི་ཞགས་པ་རུཿ མོས་ཤིང་རྟེན་འབྲེལ་མཐུས་བཅད་པཿ ཧཱུཾ་ཁྲོཾཿ ཉོན་ཅིག་མགྲོན་རིགས་མཆོག་དམན་ཚོགསཿ ཁྱེད་ཅག་དུག་ལྔའི་མཐུས་བསྐྱེད་པསཿ རླུང་མཁྲིས་པད་ཀན་འདུས་པ་ཡིཿ བདག་པོ་ཉིད་དུ་གྱུར་པའི་ཕྱིརཿ འགྲོ་ལ་ཚ་གྲང་ནད་རིགས་ཀྱིཿ ཟེར་ཐག་ཁ་དོག་སྣ་ལྔས་འདེབསཿ ཡུན་རིང་སྡུག་བསྔལ་དུ་ཁས་མནརཿ དེ་ཡི་གཉེན་པོ་སྟོབས་ཀྱི་ལྷཿ ཁྲོ་རྒྱལ་བྱ་ཁྱུང་ག་རུ་ཎཿ རིགས་མཆོག་ལྔ་དང་དབྱེར་མེད་ཕྱིརཿ དུག་ལྔའི་རང་གཟུགས་ནད་ཐག་ལྔཿ ཡེ་ཤེས་ལྔའི་མཚོན་རལ་གྲིས་བཅདཿ ས་བདག་ཀླུ་གཉན་ལས་བྱུང་བའིཿ དུག་རིགས་ལྔ་དང་དེར་གྱེས་པའིཿ མི་དང་ཕྱུགས་ལ་གནོད་པ་ཡིཿ དུག་སྦྲུལ་ཞགས་པ་སྣ་ལྔ་པོཿ ཡེ་ཤེས་བྱ་ཁྱུང་མཆུ་སྡེར་གྱིཿ ངོ་བོ་གནམ་ལྕགས་རལ་གྲིས་ཆོདཿ བཅད་པ་དམ་བུར་གཏུབས་པ་འདིཿ ནད་གདོན་དུག་གི་ངོ་བོ་རུཿ བསྒྱུར་ནས་ཡེ་ཤེས་ལྔ་ཡི་མེརཿ ལྷག་མེད་བསྲེགས་པས་གནོད་བྱེད་ཀྱིཿ ནུས་སྟོབས་མིང་མེད་སྟོང་པར་སྦྱངསཿ བདག་དང་བསྲུང་བྱ་རྒྱལ་གྱུར་ཅིགཿ རྩ་སྔགས་གཤམ་བཅས་མང་བརྗོད་ཅིང་ཿ སྣལ་སྐུད་བཅད་པའི་དུམ་བུ་རྣམསཿ མེར་བསྲེགས་གཞོབ་ཐལ་དྲི་ཁུར་འདེབསཿ ཆོས་ཀྱི་སྦྱིན་པས་གདོན་རིགས་ཀྱིཿ བསམ་སྦྱོར་དགེ་ལ་བསྒྱུར་བ་ནིཿ ཨེ་མ། འགྲོ་ཁམས་སྙིང་རེ་རྗེཿ རང་བྱས་ལས་ངན་སྣ་ཚོགས་མྱོང་ཿ ཐོག་མེད་དུས་ནས་ད་དུང་འཁོརཿ ཁྱེད་ཅག་ཕ་མའི་རང་བཞིན་ཏེཿ སྟོང་ཉིད་སྙིང་རྗེ་ཟུང་འཇུག་གིསཿ བསྒོ་བའི་ཚིག་འདིར་མཉན་པར་འོསཿ མི་དགེའི་ལས་ཀྱིས་ངན་འགྲོར་སྐྱེསཿ དགེ་བས་དེ་བཞིན་ཐར་བར་རེགཿ དེ་གཉིས་གང་བསྒྲུབ་རང་ཉིད་ལསཿ གཞན་གྱི་ཅི་ཡང་བྱ་རྒྱུ་མེདཿ དེ་ཕྱིར་སྡིག་སྤོངས་དགེ་ལ་འབུངསཿ དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་ཿ འགྲོ་ལ་ཕན་པའི་སེམས་མཆོག་བསྐྱེདཿ ཆོས་རྣམས་རྨི་ལམ་སྒྱུ་མ་བཞིནཿ རྟག་བརྟན་གཟུང་འཛིན་ཡུལ་ལས་འདསཿ སྨྲ་བསམ་བརྗོད་བྲལ་དེ་བཞིན་ཉིདཿ ཤེས་པར་བྱོས་ལ་འགྲོ་ཕན་མཛོདཿ དེ་ལྟར་ཟང་ཟིང་ལོངས་སྤྱོད་དང་ཿ རྣམ་དག་ཆོས་ཀྱི་སྦྱིན་སྟོབས་མཐུསཿ ཁྱེད་ཅག་དུས་འདི་ནས་བཟུང་སྟེཿ བྱང་ཆུབ་སྙིང་པོ་མ་ཐོབ་པརཿ ངན་སོང་གསུམ་གྱི་འཇིགས་པ་ལསཿ ཐར་ནས་ལྷ་མིའི་ཐེམ་སྐས་ལཿ འཛེགས་ཏེ་རྒྱལ་བ་མཉེས་བྱས་ཤིང་ཿ རིམ་དགུའི་ཐེག་པར་ལོངས་སྤྱོད་ནསཿ རྡོ་རྗེ་འཛིན་དང་དབྱེར་མེད་ཤོགཿ བདག་གི་བསམ་པའི་སྟོབས་དག་དང་ཿ དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་ཿ ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིསཿ སེམས་ཅན་ཀུན་ལ་ཕན་གདག་ཕྱིརཿ དོན་རྣམས་གང་དག་བསམ་པ་ཀུནཿ དེ་དག་ཐམས་ཅད་ཅི་རིགས་པཿ ཐོགས་པ་མེད་པ་འབྱུང་གྱུར་ཅིགཿ ཅེས་བརྗོད་དེ་ནས་མི་ཕྱུགས་ཀྱིཿ གླུད་དང་དྲི་ཁུ་འདོད་ལྔ་ཡིཿ ལོངས་སྤྱོད་གཏེར་དུ་དམིགས་བྱས་ཏེཿ མགྲོན་རིགས་རྣམས་ལ་སྦྱིན་ནས་སུཿ ལམ་བསྟན་གཤེགས་གསོལ་བསྐྲད་པ་བྱཿ དེ་ཡང་སཾབྷ་ར་ཡི་སྔགསཿ གསུམ་མམ་བདུན་བརྗོད་རྒྱལ་བ་བཞིའིཿ མཚན་བརྗོད་ནམ་མཁའ་མཛོད་སྔགས་རྒྱཿ དང་བཅས་གླུད་རྫས་བསྔོ་བ་ནིཿ ཀྱེཿ རིག་དང་མ་རིག་ཆོ་འཕྲུལ་ལསཿ སངས་རྒྱས་སེམས་ཅན་གཉིས་སུ་སྲིདཿ དེ་ལ་གཉིས་འཛིན་བློ་བརྟས་པསཿ ལྷ་དང་འདྲེ་ཡི་ཐ་སྙད་བྱུང་ཿ ལྷ་མཆོད་འདྲེ་ལ་ཡས་སྦྱིན་ནཿ ཕན་འདོག་གནོད་སྤོངས་འབྲས་མངོན་པཿ རྟེན་འབྲེལ་བསླུ་མེད་རྒྱལ་བས་གསུངསཿ དེ་ཕྱིར་བཤམས་པའི་གླུད་དང་ཡསཿ དངོས་སུ་ཅི་འབྱོར་ཏིང་འཛིན་གྱིསཿ ནམ་མཁའ་མཛོད་དུ་བྱིན་བརླབས་ནསཿ ཁྱེད་ཅག་ལྷ་འདྲེའི་ཚོགས་རྣམས་ལཿ ཕངས་མེད་སེམས་ཀྱིས་བསྔོས་ལགས་ནཿ དགའ་བའི་ཚུལ་གྱིས་རབ་བཞེས་ནསཿ བུ་ལོན་ལན་ཆགས་ཤ་འཁོན་རིགསཿ ཡོངས་བྱང་མི་ཕྱུགས་ནད་ཀྱི་རིགསཿ མྱུར་དུ་སོལ་ལ་རང་གནས་སྙོགསཿ འདི་ན་འདུག་པའི་གནས་མ་མཆིསཿ སོ་སོར་རང་རང་གནས་སུ་གཤེགསཿ གལ་ཏེ་དམ་མེད་ལོག་ལྟ་ཅནཿ མི་འགྲོའི་གནོད་འཚེའི་ལས་བརྩོམ་ནཿ བདག་ཉིད་ཡེ་ཤེས་བྱ་ཁྱུང་གིཿ གསང་གསུམ་ལས་བྱུང་ཁྲོ་བོ་ཁྱུང་ཿ སྲིད་གསུམ་དུས་གསུམ་བརླག་ནུས་དམགཿ ནམ་མཁའ་ས་གཞི་བར་སྣང་ཁམསཿ ཐོག་སེར་འཁྲུགས་པའི་རྣམ་འགྱུར་གྱིསཿ ཧཱུཾ་ཕཊཿཁྲོཾ་སྒྲ་སྒྲོགས་བཞིན་པསཿ རྡུལ་དུ་བརླག་པར་གདོན་མི་ཟཿ དེ་བས་མྱུར་དུ་འགྲོ་བར་གྱིསཿ ཞེས་དང་བདེན་པའི་སྟོབས་བརྗོད་མཐརཿ རྩ་སྔགས་གཤམ་བཅས་བརྗོད་པས་བསྐྲདཿ དེ་ནས་བསྲུང་བྱ་བྱ་ཁྱུང་གིཿ གསང་བ་གསུམ་དུ་བསྒྲུབ་པའི་ཕྱིརཿ ཕུང་ཁམས་སྐྱེ་མཆེད་དངོས་འཛིན་དྲིཿ སྦྱངས་པའི་དམིགས་འདོན་འདི་བཞིན་བྱཿ སླར་ཡང་སྐུ་གསུམ་ཞིང་ཁམས་ཀྱིཿ རྒྱལ་བ་རྒྱ་མཚོ་སྲས་དང་བཅསཿ ཁྱུང་གི་རྣམ་པར་སྤྱན་དྲངས་པསཿ ནམ་མཁའ་བར་སྣང་ས་གཞིའི་ཁམསཿ ཡོངས་གང་ཧཱུཾ་ཁྲོཾ་ཕཊ྄ཿཀྱི་སྒྲཿ འབྲུག་སྟོང་ལྡིར་ལྟའི་ང་རོ་དང་ཿ དྲག་ཤུལ་རྩལ་གྱི་འཛུམ་རླབས་དང་ཿ ཁྱུང་ལས་མཆེད་པའི་མེ་འོད་ཀྱིསཿ ས་གཞི་འདར་ཞིང་རྒྱ་མཚོ་འཁྱོམསཿ རི་རབ་གཡོ་འགུལ་ལྷ་མིན་འབྲོསཿ མཆོག་དམན་ཀླུ་རྣམས་བརྒྱལ་ཞིང་འབོགཿ སྡེ་བརྒྱད་དྲེགས་ཚོགས་དཔའ་ཞུམ་པའིཿ ཁྲོ་རྒྱལ་འཆོལ་པ་ཁྱུང་གི་དམགཿ ནམ་མཁའི་ཁམས་ནས་ཐོག་སེར་བཞིནཿ བར་སྣང་དབྱིངས་ནས་འཐོར་རླུང་ལྟརཿ ས་གཞིའི་ངོས་ནས་མེ་མཆེད་ལྟསཿ འུར་ཆེམ་དྲག་པོའི་རྒྱ་མཚོ་ལཿ སེར་རྒོད་འབབ་བཞིན་བསྲུང་བྱ་ཡིཿ སྒོ་གསུམ་དལ་དུ་དབྱེར་མེད་འདྲེསཿ དེ་མཐུས་སྔོན་ལས་འཕྲལ་རྐྱེན་གྱིསཿ བསྐྲུན་པའི་བཞི་བརྒྱ་རྩ་བཞིའི་ནདཿ སྟོང་ཕྲག་བརྒྱད་ཅུའི་བགེགས་རིགས་སྤྱིཿ ཁྱད་པར་ས་བདག་ཀླུ་གཉན་གྱིཿ མཐོང་རེག་བསམ་པའི་དུག་རིགས་དང་ཿ རྒྱལ་བསེན་གཟའ་སོགས་སྡེ་བརྒྱད་ཀྱིཿ ནད་གདོན་གྲིབ་དང་དུག་རིགས་སོགསཿ ལྷག་མེད་རྫས་ལ་མེ་མཆེད་བཞིནཿ སྐུད་ཅིག་ཙམ་གྱིས་རབ་གཞོམ་ནསཿ སྡུག་བསྔལ་རྒྱུ་འབྲས་སྟོངས་པར་གྱུརཿ ཞེས་པས་བསྲུང་བྱ་གནས་གྱུར་ལྷཿ བསྐལ་མེ་རབ་འབར་ཡེ་ཤེས་ལྔའིཿ ངོ་བོར་བསམ་པའི་ཀློང་རུམ་དུཿ ཀླུ་བདུད་རྡོ་རྗེར་གསལ་བ་ཡིཿ གནས་ལྔར་འབྲུ་ལྔས་མཚན་པ་ལསཿ འོད་འཕྲོས་ཕྱོགས་བཅུ་དུས་གསུམ་གྱིཿ རྒྱལ་བ་སྲས་བཅས་སྤྱན་དྲངས་ནསཿ བསྟིམས་པས་སྲིད་གསུམ་གཉེན་པོར་བསམཿ རྩ་སྔགས་གཤམ་བཅས་བཟླས་པས་བསྲུངས ཿ རྗེས་སུ་འཁོར་གསུམ་དམིགས་མེད་ངང་ཿ བཀྲ་ཤིས་བསྔོ་སྨོན་ནན་དུ་བྱཿ དེ་ལྟར་ཁྱུང་སྒྲུབ་ལས་ཚོགས་ཀྱིཿ གདོན་ཁྲོལ་འཕྲལ་རྐྱེན་ཁ་བསྒྱུར་འདིཿ ཀུན་གཞིའི་སྒྲོམ་ནས་འདོན་སྐུལ་བཿ འཇིགས་བྲལ་དཔའ་བོ་གདོང་ལྔ་པའིཿ སྨིན་གྲོལ་ནུ་ཞོ་ཚོམ་མེད་དུཿ འཐུང་བའི་སེང་ཕྲུག་ཤེས་བྱའི་བློཿ ཡོངས་གསལ་དེའི་ངོར་ཕབས་པའི་དགེསཿ བཟང་ངན་འབྲེལ་ཐོགས་འགྲོ་བའི་ཁམསཿ ཕྱམ་གཅིག་འཕྲལ་ཕུགས་དགའ་བདེའི་རྒྱུརཿ གྱུར་ཅིག་སརྦ་མང་ག་ལཾཿ དགེའོཿ དགེའོཿ དགེའོཿ


previousསྐུ་གསུམ་ཁྱུང་སྒྲུབ་ལས་ཚོགསཿ གདོན་ཁྲོལ་འཕྲལ་རྐྱེན་ཁ་བསྒྱུར།next