Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཨོ་རྒྱན་དུས་གསུམ་མཁྱེན་པ་སློབ་བུ་རྗེ་འབངས་ཉེར་ལྔ་དང་བཅས་པའི་གསོལ་འདེབས་བར་ཆད་ཀུན་སེལ་བསྟན་པ་རྒྱས་བྱེད་སྔ་འགྱུར་བསྟན་པའི་སྨག་རུམ་འཇོམས་པའི་འོད་ཟེར་སྟོང་འབར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཨོ་རྒྱན་དུས་གསུམ་མཁྱེན་པ་སློབ་བུ་རྗེ་འབངས་ཉེར་ལྔ་དང་བཅས་པའི་གསོལ་འདེབས་བར་ཆད་ཀུན་སེལ་བསྟན་པ་རྒྱས་བྱེད་སྔ་འགྱུར་བསྟན་པའི་སྨག་རུམ་འཇོམས་པའི་འོད་ཟེར་སྟོང་འབར།next

ཨོ་རྒྱན་དུས་གསུམ་མཁྱེན་པ་སློབ་བུ་རྗེ་འབངས་ཉེར་ལྔ་དང་བཅས་པའི་གསོལ་འདེབས་བར་ཆད་ཀུན་སེལ་བསྟན་པ་རྒྱས་བྱེད་སྔ་འགྱུར་བསྟན་པའི་སྨག་རུམ་འཇོམས་པའི་འོད་ཟེར་སྟོང་འབར།

༄༅། །ཨོ་རྒྱན་དུས་གསུམ་མཁྱེན་པ་སློབ་བུ་རྗེ་འབངས་ཉེར་ལྔ་དང་བཅས་པའི་གསོལ་འདེབས་བར་ཆད་ཀུན་སེལ་བསྟན་པ་རྒྱས་བྱེད་སྔ་འགྱུར་བསྟན་པའི་སྨག་རུམ་འཇོམས་པའི་འོད་ཟེར་སྟོང་འབར་ཞེས་བྱ་བ་བཞུགས། །ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། གླིང་བཞིའི་མཆོག་གྱུར་ལྷོ་རྒྱལ་འཛམ་གླིང་གི། །བྱང་ཕྱོགས་བོད་ཀྱི་བསམ་ཡས་མཆིམས་ཕུའི་གནས། །བྲག་དམར་ཀེའུ་ཚང་རང་བྱུང་ལྷུན་གྲུབ་ཀྱི། །གཞལ་ཡས་ཁང་ཆེན་དབུས་སུ་སྤྲུལ་པའི་སྐུ། །སྟོན་པའི་ཞལ་སྐྱིན་ཨོ་རྒྱན་ཐོད་ཕྲེང་རྩལ། །བོད་ཁམས་འདུལ་བའི་དུས་ལ་བབ་དགོངས་ནས། །གནས་མཆོག་དེ་རུ་སྨིན་གྲོལ་ཆོས་ཀྱི་སྒོ། །ལེགས་པར་ཕྱེས་ཤིང་ཆོས་རྒྱལ་ཁྲི་སྲོང་རྗེའི། །གཙོར་གྱུར་འབངས་རིགས་ཉེར་ལྔ་སྨིན་གྲོལ་གྱི། །གདམས་པས་རིག་འཛིན་ས་ལ་བཀོད་པའི་ཚེ། །སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེས་ནས། །གནས་དེ་བསིལ་བའི་ཚལ་དང་མཉམ་གྱུར་ཀྱང་། །སླར་ཡང་འོག་མིན་གནས་སུ་བྱིན་བརླབས་ནས། །རིམ་པ་དང་པོའི་ལས་ལ་ཞུགས་པའི་ཚེ། །རང་རང་ལྷ་སྐལ་གང་ཡིན་བ རྟགས་ཆེད་དུ། །ས་སྙིང་མེ་ཏོག་ངོ་མཚར་ལྡན་པ་རེ། །དེར་འདུས་སློབ་མའི་གཙོར་གྱུར་ཚོགས་རྣམས་ལ། །གཏད་ཅིང་སློབ་དཔོན་ལྷ་སྔགས་ཏིང་འཛིན་གྱི། །ངང་དུ་བཞུགས་བཞིན་སྣང་སྲིད་སྣོད་བཅུད་ཀུན། །དཀྱིལ་འཁོར་རྣམ་པ་གསུམ་དུ་རྒྱས་བཏབ་ནས། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གནོན་སྐབས། །ལྷ་འདྲེའི་ཁེངས་བཟློག་སྤྱི་དང་ཁྱད་པར་དུ། །མཆིམས་ཕུའི་རི་རྩེའི་རྫ་རྣམས་ཉིལ་བྱུང་བར། །སློབ་དཔོན་ལྟ་སྟངས་དང་བཅས་སྡིགས་མཛུབ་ཀྱིས། །གཟིར་ཞིང་ཧཱུྃ་གི་སྒྲ་གདངས་བརྗོད་མ་ཐག །རྫ་རྣམས་གྱེན་ལྡོག་ཧཱུྃ་གི་གཟུགས་སུ་གྱུར། །ནག་ཕྱོགས་ཕམ་ནས་སློབ་དཔོན་རྒྱལ་རྔ་བརྡུངས ། །དེ་སོགས་བསྐལ་བཟང་འདྲེན་པ་སྟོང་རྩ་ཡི། །མཐུ་སྟོབས་ནུས་པ་གཅིག་བསྡུས་པདྨ་སྐྱེས། །ཨོ་རྒྱན་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྔ་འགྱུར་བསྟན་པ་དར་ཞིང་རྒྱས་པ་དང་། །གཞན་སྡེའི་གྲུབ་མཐའི་རྒོལ་བས་མི་ཚུགས་ཤིང་། །ཆོས་དང་སྲིད་ཀྱི་དཔལ་ཡོན་ཕུན་ཚོགས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ལྷུན་གྲུབ་མཛོད། །དེ་སྐབས་ཨོ་རྒྱན་ཆེན་པོ་པད་འབྱུང་གིས། །སྒྲུབ་ཆེན་བཀའ་བརྒྱད་དབང་བཞི་བསྐུར་བའི་ཚེ། །མེ་ཏོག་དཀྱིལ་འཁོར་ལྷར་ཕྱོགས་ལྟོས་མེད་དུ། །ཕུལ་ཚེ་གནུབས་པཎ་ནམ་མཁའི་སྙིང་པོ་ཡི། །མེ་ཏོག་དཔལ་ཆེན་བཛྲ་ཧེ་རུ་ཀའི། །དལ་དུ་བབས་པས་ལྷ་དེར་རྟེན་འབྲེལ་འགྲིགས། །ལྷོ་བྲག་མཁར་ཆུར་བསྒྲུབས་པས་གྲུབ་རྟགས་སུ། །ཉི་ཟེར་ཆིབས་ནས་མཁའ་ལ་གཤེགས་བཞུང་མཛད། །གྲུབ་དབང་ཁྱེད་ཀྱི་ཡོན་ཏན་དྲན་བཞིན་དུ། །དད་གུས་མོས་པས་གསོལ་བ་སྙིང་ནས་འདེབས། །བྱིན་རླབས་དངོས་གྲུབ་ཐུགས་ཀྱི་ཀློང་ནས་སྩོལ། །གནུབས་ཡུལ་རོང་དུ་སྐུ་འཁྲུངས་རྣལ་འབྱོར་མཆོག །བུདྡྷ་ཛྙཱ་ནའི་མེ་ཏོག་ལྷོ་ཕྱོགས་སུ། །འཇམ་དཔལ་གཤིན་རྗེའི་དལ་དུ་བབས་གྱུར་པས། །ལྷ་མཆོག་དེ་དང་རྟེན་འབྲེལ་འགྲིགས་བཞིན་དུ། །སྒྲགས་ཀྱི་ཡོངས་རྫོང་ལྷ་དེ་བསྒྲུབས་འབྲས་ཀྱིས། དགྲ་སྡེ་ཡོངས་བཅོམ་བྲག་ལ་ཕུར་བུ་བཏབ། །རྣལ་འབྱོར་ཁྱོད་ཀྱི་ཡོན་ཏན་དྲན་བཞིན་དུ། །དད་གུས༴ བྱིན་རླབས་དངོས་གྲུབ༴ དབུ་རུ་ངན་ལམ་ཡུལ་དུ་སྐུ་འཁྲུངས་པ། །དགེ་སློང་རྒྱལ་བ་མཆོག་དབྱངས་ཞེས་གྲགས་པའི། །མེ་ཏོག་ནུབ་ཕྱོགས་དབང་ཆེན་ལ་ཕོག་པས། །དབེན་རྩང་དབང་ཆེན་བསྒྲུབས་པས་གྲུབ་རྟགས་སུ། །རྟ་མགྲིན་སྐུར་གྱུར་གཙུག་ནས་རྟ་སྐད་བཏོན། །གྲུབ་དབང་ཁྱོད་ཀྱི་ཡོན་ཏན༴ དད་གུས༴ བྱིན་རླབས༴ སྒྲགས་མདའ་མཁར་ཆེན་རྒྱལ་པོའི་སྲས་མོ་རུ། །སྐུ་འཁྲུངས་ཁྲི་སྲོང་བཙུན་མོར་ཁབ་བཞེས་ཀྱང་༑ ཁྱིམ་སྤངས་སློབ་དཔོན་གཟུངས་མ་མཛད་གྱུར་ཚེ། །མེ་ཏོག་བྱང་ཕྱོགས་ཕུར་པའི་དཀྱིལ་འཁོར་ལ། །ཕོག་བཞིན་མོན་ཁའི་ནེ་རིང་སྒྲུབ་ཕུག་ཏུ། །ལྷ་དེ་བསྒྲུབས་པས་སྒྲུབ་རྫས་ཕུར་པ་དེ། །མཁའ་ལ་འཕུར་ནས་ཕ་མའི་ཟ་འདྲེ་བསྒྲལ། །ཁྱད་པར་གཞན་གྱིས་བསད་པའི་མི་རོ་ལ། །རྣམ་ཤེས་བཀུག་ནས་འཕྲལ་དུ་སོས་པར་མཛད། །མཁའ་འགྲོ་ཁྱེད་ཀྱི་ཡོན་ཏན་དྲན་བཞིན་དུ། །དད་གུས༴ བྱིན་རླབས༴ འབྲོག་མིའི་རིགས་འགྱུར་གུ་རུས་རྗེས་བཟུང་བཞིན། །མེ་ཏོག་ཤར་ལྷོ་མ་མོའི་དཀྱིལ་འཁོར་ལ། །བབས་པས་རྟེན་འབྲེལ་བདེན་པ་ཇི་བཞིན་དུ། །ཡར་སྟོད་ཤམ་པོ་གངས་ཀྱི་ར་བ་རུ། །མ་མོ་རྦོད་གཏོང་བསྒྲུབས་པས་གྲུབ་རྟགས་སུ། །སྣང་སྲིད་མ་མོ་དབང་བསྡུས་བྲན་དུ་བཀོལ། །གཞན་དོན་ཕྲིན་ལས་ནུས་སྟོབས་ཐོགས་པ་མེད། །དཔལ་གྱི་ཡེ་ཤེས་ཡོན་ཏན་དྲན༴ དད་གུས༴ བྱིན་རླབས༴ ལྷ་རིགས་བརླངས་ལས་སྐུ་འཁྲུངས་སྐྱེས་བུ་མཆོག །མེ་ཏོག་ནུབ་བྱང་མཆོད་བསྟོད་དཀྱིལ་འཁོར་ལ། །བབས་པ་རྟེན་འབྲེལ་བདེན་པ་ཇི་བཞིན་དུ། །མོན་ཡུལ་སྤ་གྲོ་སྟག་ཚང་སེང་ཕུག་ཏུ། །མཆོད་བསྟོད་བསྒྲུབས་པས་གྲུབ་རྟགས་དྲེགས་པའི་སྡེ། །དབང་བསྡུས་བྲན་བཀོལ་རླངས་ཆེན་དཔལ་སེང་གེའི། །ཡོན་ཏན་དྲན་བཞིན་སྙིང་ནས་གཙང་དུ་བ་གོར་རིགས་སུ་སྐུ་འཁྲུངས་ཤིང་། །མེ་ཏོག་བྱང་ཤར་དྲག་སྔགས་དཀྱིལ་འཁོར་ལ། །བབས་བཞིན་ལི་ཡུལ་ལྕང་ར་སྨུག་པོ་དང་། །གཡའ་མ་ལུང་དུ་དམོད་པ་དྲག་སྔགས་སྐོར། །བསྒྲུབས་པས་སྟོབས་ལྡན་ནག་པོ་མངོན་པར་གྲུབ། །ཡེ་ཤེས་སྤྱན་ལྡན་བཻ་རོ་ཙ་ན་ཡི། །ཡོན་ཏན་འཇམ་དབྱངས་མི་ཡི་གཟུགས་སུ་སྤྲུལ་པའི་གར། །ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི། །མེ་ཏོག་དབུས་ཀྱི་ཆེ་མཆོག་དཀྱིལ་འཁོར་ལ། །བབས་པས་རྟེན་འབྲེལ་བདེན་པ་འཕྱུག་མེད་བཞིན། །དཔལ་གྱི་བསམ་ཡས་དབུ་རྩེ་རིམ་གསུམ་དུ། །སྒྲུབ་ཆེན་བཀའ་བརྒྱད་དཀྱིལ་འཁོར་ཉམས་བླངས་ནས། །གྲུབ་རྟགས་རྒྱ་ནག་དང་ནི་གེ་སར་ཡུལ། །བྷ་ཏ་ཧོར་གྱི་སྒོམ་གྲྭ་བར་པ་སོགས། །དབང་བསྡུས་བྲན་དུ་བཀོལ་བའི་རྫུ་འཕྲུལ་དང་། །ཏིང་འཛིན་གཡོ་བ་མེད་པའི་གྲུབ་པ་ཐོབ། །ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གི། །ཡོན་ཏན་དྲན༴༴༴དེ་ཡན་ཆད་ནི་སྒྲུབ་ཆེན་བཀའ་བརྒྱད་ཀྱི་བཀའ་བབ་བརྒྱད་ཡིན་ཞིང་། །ལྷོ་ནུབ་བླ་མ་རིག་འཛིན་ནི་སློབ་དཔོན་ཆེན་པོ་གཙོ་བོར་བཞུགས་པ་དེས་འཐུས་སོ། །མདོ་སྨད་རྒྱལ་མོ་རོང་དུ་སྐུ་འཁྲུངས་ཤིང་། །བཻ་རོས་རྗེས་བཟུང་གཡུ་སྒྲ་སྙིང་པོ་ཞེས། །རྫོགས་ཆེན་དོན་རྟོགས་གསེར་གྱི་རྡོ་རྗེར་སྤྲུལ། །ཁྱེད་ལ་གསོལ་འདེབས་མཆོག་ཐུན་དངོས་གྲུབ་སྩོལ། །གཉགས་ཀྱི་རིགས་འཁྲུངས་སློབ་དཔོན་པདྨ་དང་། །བི་མ་མི་དྲས་རྗེས་བཟུང་རྣལ་འབྱོར་མཆོག །ཡེ་ཤེས་གཞོན་ནུས་བྲག་ལས་བདུད་རྩི་འབྱིན། །ཁྱེད་ལ་གསོལ་འདེབས༴ སྣ་ནམ་རིགས་འཁྲུངས་སློབ་དཔོན་པདྨ་ཡིས། །རྗེས་བཟུང་དབང་བསྐུར་བྱིན་བརླབས་རྣལ་འབྱོར་པ། །རླུང་ལྟར་ཐོགས་མེད་རྡོ་རྗེས་བདུད་དཔུང་འཇོམས། །ཁྱེད་ལ་གསོལ༴ སོ་རིགས་ལས་འཁྲུངས་སློབ་དཔོན་ཆེན་པོ་ཡིས། །རྗེས་བཟུང་སྨིན་ཅིང་གྲོལ་བྱེད་རྣལ་འབྱོར་པ། །མཁའ་སྤྱོད་གནས་བསྒྲོད་ཛྙཱ་ན་གྷོ་ཥ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མགར་བའི་རིགས་འཁྲུངས་མཚོ་སྐྱེས་རྡོ་རྗེ་ཡིས། །རྗེས་བཟུང་དབང་བསྐུར་བྱིན་བརླབས་རྣལ་འབྱོར་པ། །ལྷ་དཔལ་རྒྱ་སྟག་གཉའ་བ་ནས་འཛིན་པ། །ཁྱེད་ལ་གསོལ་འདེབས༴ སྣ་ནམ་རིགས་འཁྲུངས་མཚོ་སྐྱེས་རྡོ་རྗེ་ཡིས། །རྗེས་བཟུང་སྨིན་གྲོལ་གདམས་པས་རྒྱུད་གྲོལ་བའི། །བྱ་ལྟར་མཁའ་ལྡིང་སྣ་ནམ་ཡེ་ཤེས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །མཁར་ཆེན་རིགས་འཁྲུངས་ཨོ་རྒྱན་པདྨ་ཡིས། །རྗེས་བཟུང་མཐུ་དབང་དངོས་གྲུབ་ལེགས་བྱིན་པའི། །དཔལ་གྱི་དབང་ཕྱུག་ཕུར་པ་གདེངས་ཚད་འགུམ། །ཁྱེད་ལ་གསོལ༴ འདན་མའི་རིགས་འཁྲུངས་ཨ་ཙཪྱ་ཉིད་ཀྱི། །རྗེས་བཟུང་གསང་སྔགས་དངོས་གྲུབ་རྒྱུན་བསྩལ་བས། །མི་བརྗེད་གཟུངས་ཐོབ་རྩེ་མངས་རྣལ་འབྱོར་ལ། །གསོལ་བ༴ སྐ་བའི་རིགས་འཁྲུངས་པདྨས་བྱིན་བརླབས་པའི། །ལོ་ཙའི་ཆག་གྱུར་གཞན་སེམས་མངོན་སུམ་བཞིན། །ཡོངས་མཁྱེན་རྣལ་འབྱོར་དབང་ཕྱུག་དཔལ་བརྩེགས་ལ། །གསོལ་བ༴ ཤུད་བུའི་རིགས་འཁྲུངས་པདྨ་སཾ་བྷ་ཝས། །གྲུབ་གཉིས་དངོས་གྲུབ་ལེགས་བྱིན་རྣལ་འབྱོར་པ། །ཆུ་བོ་གྱེན་ལྡོག་ཤུད་བུ་དཔལ་སེང་ལ། །གསོལ་བ༴ འབྲེ་རྒྱུད་ལས་འཁྲུངས་རྒྱལ་དབང་པདྨ་ཡིས། །བྱིན་བརླབས་དྲོད་ཀྱིས་ལེགས་པར་སྨིན་བྱས་པ། །རོ་ལངས་གསེར་བསྒྱུར་རྒྱལ་བའི་བློ་གྲོས་ལ། །གསོལ་བ༴ གུ་རུ་པདྨས་རྗེས་བཟུང་སྐྱེས་བུ་མཆོག །སྨིན་གྲོལ་གདམས་པས་རྒྱུད་གྲོལ་ནམ་མཁའི་བྱ། །དམིགས་པས་འཛིན་ནུས་ཁྱེའུ་ཆུང་ལོ་ཙཱ་བར༑ གསོལ་བ༴ པདྨ་བཛྲ་རྗེས་བཟུང་སྐྱེས་བུ་མཆོག །རྡོ་རྗེ་ཐེག་པའི་རིམ་གཉིས་མཐར་ཕྱིན་འབྲས། །བྱང་གཡག་མཐུས་བཀུག་དྲན་པ་ནམ་མཁའ་ལ། །གསོལ་བ༴ འོ་བྲན་རྒྱུད་འཁྲུངས་པདྨ་ཐོད་ཕྲེང་གིས། །སྔགས་ཀྱི་སྒོར་བཅུག་དབང་བསྐུར་བྱིན་བརླབས་པས། །ཉ་ལྟར་ཆུར་རྒྱུག་དཔལ་གྱི་དབང་ཕྱུག་ལ། །གསོལ་བ༴ རྨ་ཡི་རིགས་འཁྲུངས་པདྨ་ཀ་ར་ཡིས། །རྗེས་བཟུང་སྔགས་ཀྱི་ལམ་ནས་དྲོད་ཐོབ་པས། །ཕ་བོང་ཟན་ལྟར་གསོལ་མཛད་རིན་ཆེན་མཆོག །ཁྱེད་ལ་གསོལ་འདེབས༴ ལྷ་ལུང་གནས་སུ་སྲིད་བཟུང་པདྨ་སྐྱེས། །རྗེས་བཟུང་བསྒྲལ་འདྲེན་དངོས་གྲུབ་སོགས་བརྙེས་པས། །བྲག་རིར་ཐོགས་མེད་དཔལ་གྱི་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ ལང་གྲོའི་རྒྱུད་འཁྲུངས་གུ་རུ་རིན་པོ་ཆེས། །སྔ་འགྱུར་སྒོར་བཅུག་སྨིན་གྲོལ་བཅུད་བསྩལ་བས། །གནམ་ལྕགས་འཕྲལ་འཕེན་དཀོན་མཆོག་འབྱུང་གནས་ལ། །གསོལ་བ༴ ལང་སུམ་རྒྱུད་འཁྲུངས་པདྨས་རྗེས་སུ་བཟུང་། །རྫོགས་པ་ཆེན་པོའི་དབང་བསྐུར་བྱིན་ཕབས་པས། །སྐྱིལ་ཀྲུང་མཁར་བཅས་རྒྱལ་བ་བྱང་ཆུབ་ལ། །གསོལ་བ༴ དེ་ལྟར་ཨོ་རྒྱན་རྡོ་རྗེ་འཆང་དབང་གིས། །ནང་རྒྱུད་ཡོ་ག་གསུམ་གྱི་དཀྱིལ་འཁོར་དུ། །དབང་བསྐུར་བྱིན་ཕབས་སྨིན་ཅིང་གྲོལ་བྱས་པ། །རྗེ་འབངས་ཉི་ཤུ་རྩ་ལྔར་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པས་བྱིན་རླབས་ཀྱིས། །ཚེ་འདིར་མཐོ་རིས་ཡོན་ཏན་བདུན་ལྡན་ཅིང་། །ས་བཅུ་ལམ་ལྔའི་སྤངས་རྟོགས་མཐར་ཕྱིན་ནས། །ཨོ་རྒྱན་རྡོ་རྗེ་འཆང་དང་དབྱེར་མེད་ཤོག །དེང་དུས་སྙིགས་མ་ལྔ་བདོའི་མར་གཤམ་འདིར། །སྔ་འགྱུར་རྙིང་མའི་ཆོས་ལ་རབ་སྡང་བའི། །མཁས་རློམ་སྤྱང་ཀི་རྒྱབ་སེར་འགའ་དང་འགས། །རྒོལ་བ་བྱེད་འདི་མཐུ་རྩལ་ནུས་པས་ཆོམས། །པད་འབྱུང་ཁྱོད་ཉིད་བོད་དུ་མ་བྱོན་ན། །མདོ་སྔགས་ཆོས་ཀྱི་སྣང་བ་མེད་ངེས་ཀྱང་། །ཁྱེད་ཀྱི་དྲིན་ལས་འཕགས་ཡུལ་ཇི་བཞིན་གྱུར། །བཀའ་དྲིན་དྲན་བཞིན་ཐུགས་དམ་རྒྱུད་བསྐུལ་ལོ། །དེང་དུས་གསར་མའི་མིང་གཟུགས་འཛིན་པ་འགས། །ཨོ་རྒྱན་ཆེན་པོའི་བརྒྱུད་འཛིན་དང་བཅས་ལ། །ལོག་ལྟའི་དབང་གིས་སྐྱོན་བརྗོད་སྣ་ཚོགས་བྱེད། །དེ་རྣམས་མཐུ་སྟོབས་ནུས་པས་གདུལ་བར་མཛོད། །ཨུ་རྒྱན་ཆེན་པོའི་མཐུ་སྟོབས་མཁའ་དང་མཉམ། །དེ་བཞིན་རྗེ་འབངས་ཉེར་ལྔ་དེའི་རྗེས་འགྲོ། །དེ་ཕྱིར་ཐུགས་རྗེའི་ཐུགས་དམ་རྒྱུད་བསྐུལ་ལོ། །ལོག་རྟོག་རྒོལ་ངན་བཟློག་པར་མཛད་དུ་གསོལ། །ཁྱེད་རྣམས་ཐུགས་རྗེར་ཉེ་རིང་མ་མཆིས་ཀྱང་། །གུ་རུས་བོད་ཁམས་བསྐྱབས་པའི་བཀའ་དྲིན་དོན། །ཁྱད་གསོད་རྙིང་བསྟན་ཐབས་ཀྱིས་བསྣུབ་པའི་ལས། །བྱེད་པོ་སུ་མཆིས་བཀའ་ཆད་དྲག་པོས་གཞོམ། །ཁྱད་པར་མི་དགེ་སྟོབས་ཀྱིས་རྟོག་གེའི་སྡེས། །རང་ལུགས་འཕྱར་ཞིང་གཞན་ཕྱོགས་ཁྱད་གསོད་པའི། །ལྷ་མིན་སེར་གཟུགས་འགོང་པོར་བརྫུས་པའི་དཔུང་། །མ་ལུས་མཐུ་སྟོབས་དྲག་པོས་ཚར་གཅོད་མཛོད། །གཞན་ཡང་ཕྱི་སྣོད་འཇིག་རྟེན་གཡོ་འཁྲུགས་དང་། །ནང་བཅུད་སེམས་ཅན་ནད་མཚོན་མུ་གེ་ཡིས། །མནར་བའི་རྒྱུ་རྐྱེན་བཙའ་སད་སེར་གསུམ་དང་། །ཐན་པ་འབུ་སྲིན་སོགས་ཀྱིས་གནོད་འཚེ་ཟློགས། །རྟ་ནོར་ལུག་གསུམ་བོང་དྲེལ་ར་ཁྱི་ཕག །རྐང་བཞི་འགྲོ་བའི་སྲོག་འཕྲོག་འགལ་རྐྱེན་རིགས། །དཀོན་མཆོག་སྤྱི་དགྲ་རྣལ་འབྱོར་སྒོས་དགྲ་ལ། །བཟློག་ཅིང་བསྒྱུར་ནས་མིང་ཙམ་མེད་པར་མཛོད། །ལོ་ཟླ་ཞག་དུས་ཟ་མའི་ཀག་རིགས་དང་། །དགྲ་ཇག་ཆོམ་རྐུན་གནོད་ཅིང་འཚེ་བའི་རིགས། །དམིགས་པའི་དགྲར་བཟློག་དགྲ་ཟླ་ཕམ་བྱས་ནས། །དགྲ་སྡེ་གཏན་ནས་བརླག་པའི་མཐུ་རྟགས་སྟོན། །མདོར་ན་ཞི་རྒྱས་དབང་དང་དྲག་པོ་སོགས། །རབ་འབྱམས་ཕྲིན་ལས་བསམ་གྱིས་མི་ཁྱབ་པས། །འགྲོ་རྣམས་ཐབས་མང་དཀའ་བ་མེད་པ་ཡིས། །ཚར་གཅོད་རྗེས་འཛིན་ནུས་པར་མཛད་དུ་གསོལ། །ཨོ་རྒྱན་སློབ་དཔོན་པདྨ་འབྱུང་གནས་དང་། །གྲུབ་པའི་ཁྱུ་མཆོག་རྗེ་འབངས་ཉེར་ལྔ་སོགས། །རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོ་ལྷ། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་བདེན་སྟོབས་ཀྱིས། །བདག་གིས་ཇི་ལྟར་སྨོན་པའི་དོན་རྣམས་ཀུན། །ཐོགས་མེད་ཡོངས་གྲུབ་བསྟན་འགྲོ་སྤྱི་དང་ནི། །ཁྱད་པར་ཟབ་གསང་རྫོགས་པ་ཆེན་པོ་ཡི། །བསྟན་དང་བསྟན་འཛིན་དར་ཞིང་རྒྱས་པར་ཤོག །བསླུ་མེད་མཆོག་གསུམ་བདེན་པའི་བྱིན་རླབས་དང་། །ཆོས་ཉིད་འགྱུར་བ་མེད་པའི་བདེན་པ་དང་། །ཆོས་ཅན་རྒྱུ་འབྲས་བསླུ་མེད་མཐུ་ནུས་ཀྱིས། །སྨོན་ལམ་འདི་རྣམས་ཐོགས་མེད་ཡོངས་འགྲུབ་ཤོག །ཅེས་ཨོ་རྒྱན་དུས་གསུམ་མཁྱེན་པ་སློབ་བུ་རྗེ་འབངས་ཉེར་ལྔ་དང་བཅས་པའི་གསོལ་འདེབས་བར་ཆད་ཀུན་སེལ་བསྟན་པ་རྒྱས་བྱེད་སྔ་འགྱུར་བསྟན་པའི་སྨག་རུམ་འཇོམས་པའི་འོད་ཟེར་སྟོང་འབར་ཞེས་བྱ་བ་འདི་ཉིད་སྤེལ་བའི་དུས་ལ་བབ་པར་རིག་ནས་བླ་མ་དམ་པ་ཉི་ཤུའི་གྲངས་ལྡན་གྱིས་རྗེས་སུ་བཟུང་བའི་རྣལ་འབྱོར་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་བགྲང་བྱ་བདུན་ཅུ་དོན་ལྔའི་ཁར་སླེབས་ཚེ་ངག་ནས་ཇི་ལྟར་སྨོས་པ་བཞིན་དད་དམ་ནོར་འཆང་ཀུན་བཟང་འཆི་མེད་ཀྱིས་ཡི་གེར་ཕབ་པའི་དགེ་བས་སྔ་འགྱུར་རྡོ་རྗེ་ཐེག་པའི་བསྟན་པ་དང་བསྟན་འཛིན་གྱི་སྡེ་རྣམས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དགེའོ། །དགེའོ། །དགེའོ།། །།


previousཨོ་རྒྱན་དུས་གསུམ་མཁྱེན་པ་སློབ་བུ་རྗེ་འབངས་ཉེར་ལྔ་དང་བཅས་པའི་གསོལ་འདེབས་བར་ཆད་ཀུན་སེལ་བསྟན་པ་རྒྱས་བྱེད་སྔ་འགྱུར་བསྟན་པའི་སྨག་རུམ་འཇོམས་པའི་འོད་ཟེར་སྟོང་འབར།next