Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་ཆོས་བདེ་ཆེན་ལམ་མཆོག་ལས་ཟབ་ལམ་འཕོ་བའི་གདམས་པ་བདེ་ཆེན་ཞིང་ཁམས་བགྲོད་པའི་མྱུར་ལམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་ཆོས་བདེ་ཆེན་ལམ་མཆོག་ལས་ཟབ་ལམ་འཕོ་བའི་གདམས་པ་བདེ་ཆེན་ཞིང་ཁམས་བགྲོད་པའི་མྱུར་ལམ།next

དམ་ཆོས་བདེ་ཆེན་ལམ་མཆོག་ལས་ཟབ་ལམ་འཕོ་བའི་གདམས་པ་བདེ་ཆེན་ཞིང་ཁམས་བགྲོད་པའི་མྱུར་ལམ།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ ཟབ་ལམ་འཕོ་བའི་གདམས་པ། བདེ་ཆེན་ཞིང་ཁམས་བགྲོད་པའི་མྱུར་ལམ་ཞེས་བྱ་བ་བཞུགས། །

རབ་འབྱམས་ཞིང་གི་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་གཅིག་དྲིལ་བ། །འོད་མཚན་སྟོང་འབར་འཆི་མེད་ཚེ་ཡི་ལྷ། །བྱང་ཆུབ་བར་དུ་སྐྱབས་མགོན་མཆོག་ཏུ་བསྙེན། །རྡོ་རྗེ་ཐེག་པ་སྔ་ཕྱིའི་འགྱུར་གཉིས་ཀྱི། །གདམས་པའི་བཅུད་འཛིན་རྩ་བརྒྱུད་བླ་མ་རྣམས། །རང་བྱུང་རྡོ་རྗེར་བཟླུམ་སྟེ་བྱང་ཆུབ་བར། །བདག་སེམས་པདྨའི་གདན་ལ་འདུ་འབྲལ་མེད། །སྡུག་བསྔལ་རྒྱུ་འབྲས་སྤངས་པའི་བདེ་ཆེན་ཞིང་། །དཀའ་ཚེགས་མེད་པར་མཐོང་བའི་མྱུར་ལམ་མཆོག །མ་བསྒོམ་སངས་རྒྱས་ཟབ་ལམ་འཕོ་བའི་ཆོས། །གང་དེའི་གདམས་པའི་སྙིང་པོ་འདིར་གསལ་བྱ། །དེ་ལ་འདིར་རྡོ་རྗེ་ཐེག་པ་སྔ་ཕྱིའི་འགྱུར་གཉིས་ལས་ལམ་རིམ་ཀུན་གྱི་མཆོག་དང་། རབ་དང་ཕུལ་དུ་བསྔགས་པའི་ཟབ་མོའི་ལམ་མཆོག་འཕོ་བའི་གདམས་པ་གསལ་བར་བྱེད་པ་ལ་རྣམ་གྲངས་གཉིས་ལས། དང་པོ་ནི་ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། །ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་པས། མདོ་སྔགས་གཉིས་ལས་སྔགས་ཁྱད་པར་དུ་འཕགས་ཚུལ་དང་། །འཕོ་བ་དངོས་བསྟན་པ་གཉིས་ལས། དང་པོ་ནི། མདོ་ལམ་ནས་གྲངས་མེད་པ་གསུམ་གྱི་མཐར་སངས་རྒྱས་ཐོབ་པར་འདོད་ལ་སྔགས་ལམ་པས་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བར་འདོད་པས་ཁྱད་པར་འཕགས་པ་ཡིན་ཏེ། ཚུལ་གསུམ་སྒྲོན་མེ་ལས། །དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། དབང་པོ་སྣོན་པོའི་དབང་བྱས་ཏེ། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོ། དེའི་གདུལ་བྱ་དང་ལམ་ཇི་ལྟར་བགྲོད་པའི་ཚུལ་ནི། །དུས་འཁོར་རྩ་རྒྱུད་ལས། །གདོལ་པ་སྨྱིག་མ་མཁན་ལ་སོགས། །མཚམས་མེད་ལྔ་ནི་བྱས་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་སོ། གཉིས་པ་ལའང་རྣམ་གྲངས་གཉིས་ལས། །དང་པོ་ཁྱད་པར་འཕགས་ཚུལ་ནི། །རྡོ་རྗེ་གདན་བཞིའི་རྒྱུད་ལས། །ཉེས་པ་ཀུན་གྱིས་གོས་པ་ཡང་། །འཕོ་བའི་སྦྱོར་བ་སྦྱར་བས་གྲོལ། །སྡིག་གིས་ཀུན་ནས་མི་གོས་ཏེ། །འཁོར་བའི་ཕ་རོལ་མཆོག་ཏུ་གྲོལ། །ཞེས་སོ། གཉིས་པ་འཕོ་བ་དངོས་ལའང་གསུམ་ཏེ། གང་ཟག །འཕོ་དུས། །གདམས་པའོ། དང་པོ་ནི་རྣལ་འབྱོར་པ་རབ་ཕྱག་རྫོགས་སོགས་ཀྱི་དོན་མངོན་ཏུ་གྱུར་ནས་དབུགས་ཆད་པ་དང་གྲོལ་བ་དུས་མཉམ་གྱི་གདེང་དང་ལྡན་པ་དག་ལ་ནི་འཕོ་བ་སྦྱང་བ་དང་། འདེབས་པ་གང་ཡང་མི་དགོས་ཏེ། །འཕགས་ཡུལ་གྱི་པཎ་གྲུབ་མང་པོ་དང་། །བོད་ཀྱི་རྗེ་འབངས་ཉེར་ལྔ་སོགས་འདས་ཚུལ་ལྟར་དང་། །རྗེ་མར་པ་གཤེགས་ཁར་སྐུ་ལུས་བསྲངས་ནས། །བུ་ཀུན་འཕོ་བ་འདི་ལྟར་གྱིས་གསུངས་ནས། །སྤར་ཆོག་མཛད་པས་དབུའི་གཙུག་གི་རུས་པ་ཚལ་བུ་ཡར་བའི་ཤུལ་ནས་འོད་ཁ་དོག་ལྔ་ལྡན་བྱ་སྒོང་ཙམ་ཞིག་ནམ་མཁར་ཐིམ་པ་ཀུན་གྱིས་མཐོང་བ་དང་། གྲུབ་ཐོབ་མེ་ལོང་རྡོ་རྗེས་ཚོགས་འཁོར་གྱི་དབུས་སུ་ཞལ་ཆེམས་ཀྱི་མགུར་གསུངས་མཐར། །དབུ་གཙུག་ནས་འོད་དཀར་པོ་སྦ་ཕུབ་ཙམ་ཞིག་ནམ་མཁར་འཕགས་པ་ཇེ་ཆེར་གྱུར་པར་འཇའ་འོད་དང་ཐིག་ལེས་ཁྱབ་པར་མཛད་པ་དང་། རྗེ་མི་ལ་ཡབ་སྲས། སྒམ་པོ་ཡབ་སྲས་སོགས། གསར་རྙིང་གི་སྐྱེས་ཆེན་མང་པོས་མཛད་ཚུལ་ངོ་མཚར་རྨད་དུ་བྱུང་བ་ནི་ཤིན་ཏུ་མང་ངོ་། དེ་དག་ནི་དང་བ་བསྐྱེད་པའི་ཕྱིར་བྲིས་པ་ལས་ད་ལྟར་གསར་རྙིང་གང་གི་ཁྲོད་ནའང་དེ་ལྟ་བུ་ཤིན་ཏུ་དཀོན་ཀྱང་། གཏན་མེད་པ་ཡང་མ་ཡིན་ནོ། །གང་ཞིག་རྩ་བའི་དམ་ཚིག་ཉམས་ཤིང་བཤགས་པས་མ་སྦྱང་བའི་ལྡེབ་༡པ་ཆད་ཡོད། སྦྱོངས་ཀྱི་འཕོ་བ་ནི། །སྤྱིར་ཁྲིད་རིམ་གང་དག་གི་དཀྱུས་ནས་འབྱུང་བ་ལྟར། །བླ་མ་ཉམས་མྱོང་ཅན་ལ་ཞུས་ནས་རྟགས་ཐོན་དུ་སྦྱོང་དགོས་པ་ཡིན་ལ། །ཁྱད་པར་མན་ངག་འདི་ཉིད་ཀྱི་ལུགས་ལ་སྦྱོར་དངོས་རྗེས་གསུམ་མོ། །དང་པོ་ལ་ཡང་གསུམ་སྟེ། དང་པོ་སྐྱབས་སུ་འགྲོ་བ་ནི། ན་མོ་དེང་ནས་བཟུང་སྟེ་བླ་མེད་བྱང་ཆུབ་བར། །བདག་སོགས་རིགས་དྲུག་འཁོར་བའི་སེམས་ཅན་རྣམས། །མགོན་པོ་འོད་དཔག་མེད་པའི་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་པས་སྐྱབས་སུ་མཆི། །ལན་གསུམ་སོགས་གང་ནུས་པ་ལྡབ། གཉིས་པ་སེམས་བསྐྱེད་པ་ནི། ཧོ། ཐོག་མཐའ་མེད་པ་རིགས་དྲུག་རྒྱུད་ལྔའི་འགྲོ། །འོད་དཔག་མེད་པའི་གོ་འཕང་ལ་འགོད་ཕྱིར། །སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །ཟབ་ལམ་འཕོ་བའི་རྣལ་འབྱོར་བསྒོམ་པར་བྱ། །གོང་ལྟར་བྱ། གསུམ་པ་ཡན་ལག་བདུན་པ་ནི། ཧོཿ བདག་ལུས་རབ་འབྱམས་རྒྱ་མཚོའི་རྡུལ་སྙེད་དུ། །སྤྲུལ་ནས་འཆི་མེད་མགོན་པོར་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་ཀུན། །བདེ་ཆེན་ཞིང་གི་ལྷ་ཚོགས་རྣམས་ལ་འབུལ། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་ཉེས་ལྟུང་ཀུན། །གནོང་འགྱོད་དྲག་པོའི་སེམས་ཀྱིས་མཐོལ་ལོ་བཤགས། །བདེན་གཉིས་ཀྱིས་བསྡུས་དགེ་ཚོགས་ཇི་སྙེད་ལ། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ངོ་། །གདུལ་བྱའི་དབང་པོའི་སྐལ་བ་བསམ་པ་བཞིན། །ཆོས་འཁོར་རྒྱུན་ཆད་མེད་པར་བསྐོར་བར་བསྐུལ། །རྒྱལ་བ་སྲས་བཅས་མྱ་ངན་མི་འདའ་བར། །སྲིད་མཐའི་བར་དུ་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །འགྲོ་རྣམས་བདེ་ཆེན་ཞིང་ཁམས་ཐོབ་ཕྱིར་བསྔོ། དེ་དག་གི་དམིགས་རིམ་རྣམས་ཀྱང་གསལ་ཐེབས་པར་བྱའོ། །གཉིས་པ་དངོས་གཞི་ལ་ཡང་རྣམ་གྲངས་ལྔ་ལས། དང་པོ་བཅའ་བའི་ལུས་ཀྱི་གནད་རྣམ་སྣང་ཆོས་བདུན་དང་ལྡན་པའི་ངང་ནས་ཕྱི་ལུས་ཀྱི་སྟོང་ར་ལྷར་གསལ་བ་ནི། སེམས་གཞན་དུ་སྐད་ཅིག་ཀྱང་མ་ཡེངས་པའི་ངང་ནས། ༀ་སྭ་བྷཱ་ཝ་ སོགས། ཆོས་ཐམས་ཅད་རང་བཞིན་གྱི་འོད་གསལ་བའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པད་ཉི་དང་བམ་རོའི་གདན་ལ་རང་ཉིད་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱིས་སྤྱོད་པའི་ཡུམ་མཆོག་རྡོ་རྗེ་རྣལ་འབྱོར་མ་དམར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་ཤིང་། རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོག་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ཕྱར་ཞིང་། །གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། །ཡབ་ཧེ་རུ་ཀའི་ངོ་བོ་ཁཊྐཾ་མཆན་ཁུང་གཡོན་དུ་བཅུག་ཅིང་། །ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང་། །གཡོན་བརྐྱང་བའི་སྟབས་ཀྱིས་འགྱིང་བ། །ཐོད་སྐམ་ལྔས་དབུ་བརྒྱན་ཐོད་རློན་ལྔ་བཅུའི་དོ་ཤལ། །རུས་པའི་རྒྱན་གྱིས་སྤྲས་པ། །སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། །གསལ་ལ་འཛིན་པ་མེད་པ་ཆུ་ནང་དུ་ཟླ་བ་ཤར་བ་ལྟ་བུ། །སྒྲིབ་གཡོགས་ཐོགས་རེག་དང་བྲལ་བའི་ལུས་དབུས་སུ། གཉིས་པ་ནང་རྩའི་སྟོང་ར་ནི། རྩ་དབུ་མ་བདེ་བ་མཚོན་ཕྱིར་ཕྱི་དཀར་བ། །གསལ་བ་མཚོན་ཕྱིར་ནང་དམར་བ། མི་རྟོག་པ་མཚོན་ཕྱིར་དབུས་སྔོ་སང་ངེ་བ། ངན་སོང་གི་སྒོ་བཀག་ཕྱིར་མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་སྨྱུག་ཚིགས་འགག་པ་ལྟར་ཕུག་རྡུགས་སུ་བཟླུམ་པ། ཐར་པའི་སྒོ་དབྱེ་ཕྱིར་ཡར་སྣེ་སྤྱི་བོའི་ཚངས་པའི་བུ་གར་རྒྱ་མཐོངས་ཕྱེས་པར་ལྟར་ཧད་པོར་ཡོད་པ། བྱང་ཆུབ་ཀྱི་ལམ་མཚོན་ཕྱིར་ཤིན་ཏུ་དྲང་སྦོམ་ཕྲ་སྦ་སྨྱུག་འབྲིང་ཙམ། དེ་ཡང་པདྨའི་འདབ་མ་ལྟར་སྲབ་པ་ཏིལ་གྱི་མར་མེ་ལྟར་གསལ་བ། །རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་དམར་བ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ་སྟེ་མཚན་ཉིད་བཞི་ལྡན་གྱི་སྙིང་གའི་ཐད་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུའི་རྩེ་མོར། གསུམ་པ་འཕོ་བྱ་རླུང་སེམས་གསལ་བ་ནི། རླུང་གི་དཀྱིལ་འཁོར་ལྗང་གུ་གཡོ་བ་དང་བཅས་པའི་སྟེང་དུ་སེམས་ཀྱི་ངོ་བོ་འོད་ཀྱི་ཐིག་ལེ་དཀར་ལ་དམར་མདངས་ཅན། །སྲན་མ་ཙམ་ཞིག་འཕར་འདར་གྱི་རྣམ་པས་གནས་པར་བསམ། བཞི་པ་འཕོ་ཡུལ་ལྷག་པའི་ལྷ་བསྐྱེད་པ་ནི། རང་གི་སྤྱི་བོར་ཁྲུ་གང་ཙམ་གྱི་ནམ་མཁར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་དང་གཉིས་སུ་མེད་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྣང་མཐའ་ཡས་འཆི་མེད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་གཟི་བརྗིད་ཀྱི་རྒྱལ་པོ་སྐུ་མདོག་པདྨ་ར་གའི་ལྷུན་པོ་ལ་ཉིན་བྱེད་འབུམ་གྱིས་འཁྱུད་པ་ལྟ་བུ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ལྷུང་བཟེད་འཛིན་པ། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་དབུ་ལ་གཙུག་ཏོར། ཞབས་ལ་འཁོར་ལོ་སོགས། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལྡན་པ། ཆོས་གོས་རྣམ་གསུམ་སོགས། མཆོག་གི་སྤྲུལ་སྐུ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། །ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་འདུས་པའི་ངོ་བོ་འོད་དང་འོད་ཟེར་མུ་མཐའ་མེད་པར་འཕྲོ་བཞིན་བཞུགས་པར་བསྒོམ། །དེའི་གཡས་སུ་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དཀར་པོ་ཕྱག་གཡོན་དུ་པདྨའི་སྡོང་པོ་འཛིན་པ། གཡོན་དུ་རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་ཀྱི་ངོ་བོ་དཔལ་གསང་བའི་བདག་པོ་མཐིང་ག་ཕྱག་གཡོན་སྡོང་པོ་དང་བཅས་པའི་པདྨས་བཏེགས་པའི་རྡོ་རྗེ་བསྣམས་པ། །གཉིས་ཀའི་ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་ཞབས་བཞེངས་སྟབས་བྱང་ཆུབ་སེམས་དཔའི་ཆས་རྫོགས་པ་པདྨའི་གདན་ལ་བཞུགས་པའོ། །དེའི་མཐའ་སྐོར་དུ་སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་སོགས། མདོར་ན་བདེ་བ་ཅན་གྱི་ཞིང་གི་རྟེན་དང་བརྟེན་པར་བཅས་པ་མ་ལུས་ཤིང་ལུས་པ་མེད་པའི་དཔལ་ཡོན་ཕུན་སུམ་ཚོགས་པ་འོད་དང་འོད་ཟེར་གྱི་ཕུང་པོ་ཆེན་པོ། མཆོག་ཏུ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པར་བསམ་ལ། །དེ་དག་གི་སྟེང་འོག་ཕྱོགས་མཚམས་རྣམས་སུ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས། དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་འཇའ་ཚོན་སྣ་ཚོགས་འཁྲིགས་པའི་ཀློང་ན་བཞུགས་པར་བསྒོམ་མོ། དེ་དག་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་བྱིན་རླབས་མཐུ་རྩལ་བདེན་པའི་སྟོབས་ཀྱིས་བདག་སོགས་ལས་ངན་གྱི་དབང་དུ་སྐད་ཅིག་ཙམ་ཡང་མ་གཏོང་ལ། །མགོན་པོ་འོད་དཔག་ཏུ་མེད་པའི་ཐུགས་དགོངས་པའི་ཀློང་དུ་ད་ལྟ་ཉིད་དུ་འཚང་རྒྱ་བར་ཤོག་ཅིག་སྙམ་པའི་འདུན་པ་ཡང་ནས་ཡང་དུ་བྱ་བ་གལ་ཤིན་ཏུ་ཆེའོ། ལྔ་པ་གསོལ་བ་འདེབས་པ་ལ་ཡང་རྙིང་མ་དང་གསར་མའི་ལུགས་གཉིས་ལས། དང་པོ་ནི། ཨོ་རྒྱན་ཆེན་པོས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །སེམས་ཐེ་ཚོམ་དང་བྲས་བའི་བསམ་པ་འགྲུབ། ཞེས་གསུངས་པ་དང་། བྱིན་རླབས་ནི་དད་པ་ཁོ་ནའི་རྗེས་སུ་འགྲོ་ངེས་པ་ཡང་། གཤིན་རྗེ་གཤེད་ཀྱི་རྒྱུད་ལས། །ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་པ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང་། །མན་ངག་དམ་པ་བསྟེན་བྱས་ཀྱང་། །སློབ་མར་ཡིད་གཉིས་ཡོད་གྱུར་ན། །དེ་ལ་དངོས་གྲུབ་རིང་བར་བཤད། ཞེས་སོ། །དེས་ན་ཡིད་གཉིས་ཐེ་ཚོམ་མེད་པའི་ངང་ནས་ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདི་ལྟར་གདབ་པོ། ཨེ་མ་ཧོཿ གནས་རང་སྣང་དོན་གྱི་འོག་མིན་ནཿ ཡིད་དད་བརྒྱའི་འཇའ་གུར་འཁྲིགས་པའི་ཀློང་ཿ སྐྱབས་ཀུན་འདུས་རྩ་བའི་བླ་མ་ནིཿ སྐུ་ཐ་མལ་མ་ཡིན་དྭངས་མའི་ལུསཿ དཔལ་སངས་རྒྱས་སྣང་མཐའི་ངོ་བོར་བཞུགསཿ ཡིད་མོས་གུས་གདུང་བས་གསོལ་བ་འདེབསཿ ལམ་འཕོ་བ་འབྱོང་བར་བྱིན་གྱིས་རློབསཿ གནས་འོག་མིན་བགྲོད་པར་བྱིན་གྱིས་རློབསཿ དབྱིངས་ཆོས་སྐུའི་རྒྱལ་ཟིན་པར་ཤོགཿ ཧྲཱིཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿ ལྔ་ཚར་དང་སྟབས་གཅིག་འཕོཿ མཇུག་རླུང་གི་གནད་ནི། རླུང་ཕྱིར་དབྱུང་ནས་ནང་དུ་མི་རྔུབ་པར་ཧིཀཿ ཉེར་གཅིག་གམ་བདུན་རེ་བརྗོད་ཚེཿ གོང་གི་དམིགས་པའི་སྐབས་ཀྱི་རླུང་དཀྱིལ་དྲག་ཏུ་གཡོས་ཏེ། སེམས་ཀྱི་ངོ་བོ་ཐིག་ལེ་དེ་བསྐྱོད་པས་སྐར་མདའ་བཞིན་འོད་དཔག་མེད་ཀྱི་ཐུགས་ཀར་རླུང་སེམས་དབྱེར་མེད་དུ་ཐིམ་པར་བསམ་ལ། ཧིཀཿ བདུན་རེས་ཡར་སྤར་བའི་དམིགས་པ་ཁོ་ནའི་མཐར་ལན་རེ་གཉིས་ཙམ་ལས་མར་མ་བབ་ན་རྟགས་འབྱོང་སླ་བ་མྱོང་གྲུབ་ཡིན་པས་དེ་བཞིན་འཚལ། ཡང་གཏེར་སྟོན་ཆེན་པོ་ཉི་ཟླ་སངས་རྒྱས་ཀྱི་འཕོ་བ་ནི། གོང་གི་དམིགས་པ་རྣམས་ནི་སྔར་བཞིན་གསལ་གདབ་ལ། ཡིད་གཞན་དུ་མ་ཡེངས་པའི་ངང་ནས་འདི་ལྟར་རོ། ༈ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོཿ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབསཿ ཟབ་ལམ་འཕོ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། མཆོད་དོ་སྐྱབས་སུ་མཆིའོ། འབྱོང་བར་བྱིན་གྱིས་རློབསཿ མྱུར་ལམ་མཁའ་སྤྱོད་འགྲུབ་པར༴ བདག་སོགས་འདི་ནས་ཚེ་འཕོས་གྱུར་མ་ཐགཿ བདེ་བ་ཅན་དུ་སྐྱེ་བར༴ སངས་རྒྱས་འོད་དཔག་མེད༴ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ༴ སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོཿ སྤྲུལ་སྐུ་པདྨ་འབྱུང་གནས་ལ༴ སངས་རྒྱས་འོད་དཔག་མེད༴ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༴ སངས་རྒྱས་འོད༴ གཏེར་སྟོན་ཉི་ཟླ་སངས་རྒྱས་ལ༴ སངས་རྒྱས་འོད༴ དྲུག་ལྡན་བརྒྱུད་པའི་བླ་མ༴ སངས་རྒྱས༴ དྲིན་ཅན་རྩ་བའི་བླ་མར༴ སངས་རྒྱས༴ ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ༴ སངས་རྒྱས༴ མཁའ་འགྲོ་ཆོས་སྐྱོང་སྲུང་མ། ཟབ་ལམ༴ མྱུར་ལམ༴ བདག་སོགས༴ བདེ་བ་ཅན༴ ཞེས་སོགས་དམིགས་པ་དང་སྤར་ཆོག་གོང་ལྟར་རོ། ༈ །སླར་ཡང་གནས་ཆོས་ཀྱི་འཕོ་བ་འདི་ཡང་འཕོ་བྱ་འཕོ་ཡུལ་སོགས་མིང་གནད་ལ་མ་ཡེངས་པའི་ངང་ནས། ཨེ་མ་ཧོ། ཤིན་ཏུ་ངོ་མཚར་འོད་དཔག་མེད་མགོན་དང་ཿ ཐུགས་རྗེ་ཆེན་པོ་ཕྱག་རྡོར་མཐུ་ཆེན་ཐོབ། །བདག་གིས་རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབསཿ རྣམ་ཤེས་བདེ་ཆེན་འཕོ་བར་བྱིན་གྱིས་རློབསཿ ཞེས་གོང་ལྟར་དམིགས་པ་དང་སྤར་ཆོག་བྱའོཿ ༈ གཉིས་པ་སྔགས་གསར་མའི་ལུགས་ལའང་འཕོ་བའི་གདམས་པ་མང་དུ་ཡོད་ཀྱང་གང་ཟག་སྙན་བརྒྱུད་དང་། བཀའ་བབ་དོན་གྱི་བརྒྱུད་པ་ལྟར་འགོད་པ་ལ། འཕོ་བྱ་འཕོ་ཡུལ་འཕོ་བྱེད་སོགས་སྤྱིར་ནི་གོང་ལྟར་དང་། སྒོས་སུ་སྙིང་གའི་ཐིག་ལེ་དེ་ཧཱུཾ་སྔོན་པོ། འཕོ་ཡུལ་གྱི་ཐུགས་ཀ་ནས་ཐུགས་རྗེའི་དཔྱང་ཐག་ཡེ་ཤེས་འོད་ཟེར་འཇའ་ཚོན་གྱི་ཆུན་པོ་ལྟ་བུ་བྱུང་ནས་རང་གི་སྙིང་གའི་ཧཱུཾ་ཡིག་ལ་རེག་པས་རྣམ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་དེ་སྦུབས་མཆུ་ནས་ཆུ་དྲངས་པ་བཞིན། །འཇའ་ཚོན་གྱི་ཐག་པ་བརྒྱུད་དེ་སངས་རྒྱས་ཀྱི་ཐུགས་ཀར་ཐིམ་པའི་དམིགས་པ་དང་སྦྲགས་ཏེ་སྤར་ཆོག་བྱེད་དགོས་པའི་ཁྱད་པར་ཙམ་མོ། གསོལ་འདེབས་ནི། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །བཅོམ་ལྡན་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །ཟབ་ལམ་འཕོབ་འབྱོང་བར་བྱིན་གྱིས་རློབས། །སྒྱུ་མའི་གྲོང་ཁྱེར་མི་རྟག་ཆུ་བུར་ལུས། །མི་གཙང་ལས་ཉོན་འཁྲུལ་པའི་གནས་ཁང་ན། །རང་རིག་འོད་གསལ་སེམས་ཉིད་ཆོས་ཀྱི་སྐུ། །སྣང་མཐའ་ཡས་པའི་ཞིང་དུ་འཕོ་བར་ཤོག །ཤར་ཟ་ཧོར་ནོར་བུའི་དགོན་པ་ན། །ཏེ་ལོ་ཤེས་རབ་བཟང་པོ་གསང་བའི་བདག །བཟོད་མེད་གདུང་ཤུགས་དྲག་པོ་མན་ཚིག་དྲུག་པོ་འདི་ཀུན་ལ་སྦྱར་རོ། བྱང་ཕུ་ལ་ཧ་རིའི་དགོན་པ་ན། ནཱ་རོ་ཡེ་ཤེས་དངོས་གྲུབ་པཎྜི་ཏ། བཟོད་མེད་སོགས་འགྲེའོ། །ལྷོ་གྲོ་བོ་ལུང་གི་དགོན་པ་ན། །སྒྲ་བསྒྱུར་མར་པ་ཆོས་ཀྱི་བློ་གྲོས་རྗེ། །བཟོད་མེད༴༴༴༴༴༴ ནུབ་ལ་ཕྱི་གངས་ཀྱི་ར་བ་ན། མི་ལ་བཞད་པ་རྡོ་རྗེ་གྲུབ་པའི་གཙོ། །བཟོད་མེད༴༴༴༴༴༴ ཤར་དྭགས་ལྷ་སྒོམ་པོའི་གནས་མཆོག་ན། །ཆོས་རྒྱལ་ཟླ་འོད་གཞོན་ནུ་རིན་པོ་ཆེ། །བཟོད་མེད༴༴༴༴༴༴ རྣམ་དག་བཤད་སྒྲུབ་རྒྱ་མཚོའི་ཕོ་བྲང་ན། །རྒྱལ་བསྟན་འཛིན་སྐྱོང་སྤེལ་མཛད་བརྒྱུད་འཛིན་སྡེ། །བཟོད་མེད༴༴༴༴༴༴༴ མཆོག་ཐུན་དངོས་གྲུབ་རྒྱ་མཚོའི་མངའ་བདག་མཆོག །རྒྱུད་སྡེ་བཞི་དྲུག་ཡི་དམ་དཀྱིལ་འཁོར་ལྷ། །བཟོད་མེད༴༴༴༴༴༴ བཀའ་གསང་དམ་ཚིག་རྡོ་རྗེའི་གན་མཛོད་ལ། །དབང་བསྒྱུར་མཁའ་འགྲོ་ཆོས་སྐྱོང་མཐུ་སྟོབས་བདག །བཟོད་མེད༴༴༴༴༴༴ འཕོ་བྱ་འཕོ་བྱེད་འཕོ་ཡུལ་ཀུན་རྫོབ་ཆོས། །ཡོད་མེད་ལ་སོགས་མཐའ་ལ་མི་གནས་པ། །སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །དོན་དམ་ཆོས་ཉིད་འཕོ་བ་མངོན་གྱུར་ཤོག །ཅེས་པ་འདི་ཉིད་ཀྱི་དམིགས་གནད་བཤད་མ་ཐག་པ་བཞིན་སྤར་ཆོག་ཡང་ནས་ཡང་དུ་བྱའོ། །དེ་ལྟ་བུའི་བརྒྱུད་ཚུལ་སྔ་ཕྱིའི་འགྱུར་གཉིས་ཀྱི་ཆུ་བོ་བདག་ལ་གཅིག་ཏུ་འདྲེས་ཕྱིར་སྐྱབས་ཡུལ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ནས་འཕོ་བ་མྱུར་དུ་འབྱོང་བའི་གསོལ་འདེབས་ནི། ཨེ་མ་ཧོཿ མ་ལུས་འགྲོ་བའི་སྐྱབས་མཆོག་བཅོམ་ལྡན་འདསཿ མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབསཿ བདག་སོགས་ལས་ཉོན་དབང་དུ་མི་གཏོང་བར། །ཁྱེད་ཐུགས་མཁའ་དབྱིངས་ཀློང་དུ་བསྟིམ་པར་མཛོད། །ཀྱེ་མ་ལྔ་བརྒྱའི་སྙིགས་མའི་མཐུས་ནོན་བདག་དང་འགྲོ། །དམ་ཆོས་བསྒྲུབ་པའི་ལོང་མེད་གློ་བུར་འཆི། །འདི་ལ་མགོན་པོ་ཁྱེད་ཀྱིས་མི་གཟིགས་ན། །དུས་ལས་ཡོལ་མིན་ཐུགས་རྗེའི་འཇུག་པ་གང་། །ཀྱེ་མ་མྱུར་མགྱོགས་ཐུགས་རྗེས་ལྕགས་ཀྱུའི་སྒྱུ་འཕྲུལ་གྱིས། །འཁོར་བའི་འདམ་ན་བདག་སེམས་ཐིག་ལེ་གཟུགས། །སྐད་ཅིག་ཡུད་ཙམ་མགོན་ཁྱེད་ཐུགས་གསང་དང་། །དབྱེར་མེད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །ཀྱེ་མ། འཆི་མེད་མགོན་པོ་སྤྱན་རས་གཟིགས་དབང་དང་། །རྡོ་རྗེ་འཛིན་སོགས་སངས་རྒྱས་བྱང་སེམས་ཚོགས། །ཉན་རང་དང་བཅས་བདེ་ཆེན་དཀྱིལ་འཁོར་ལ། །གསོལ་བ་འདེབས་སོ་འཕོ་བ་མངོན་གྱུར་ཤོག །ཀྱེ་མ། ཆོས་ཅན་རྟེན་ཅིང་འབྲེལ་འབྱུང་འཕོ་བ་ཡང་། །རང་བཞིན་མེད་པ་སྒྱུ་མ་རྨི་ལམ་འཕྲུལ། །དོན་དམ་མཐའ་བཞིར་མི་གནས་དབུ་མའི་ལམ། །མངོན་གྱུར་རྫོགས་ཆེན་འབྲས་བུ་ཡོངས་སྨིན་ཤོག །ཅེས་གོང་གི་དམིགས་པ་གཉིས་གང་རུང་ལྟར་སྤར་འབེབས་གནད་དང་ལྡན་པར་བྱའོ། །གསུམ་པ་རྗེས་ལ་ཡང་རྣམ་པ་གསུམ་ལས ། དང་པོ་ཐུན་བསྡུ་བའི་ཚེ། ཐིག་ལེ་མར་བབས་སྙིང་དབུས་པད་གདན་ལ་གཡོ་མེད་དུ་གནས་པ་ལ་སེམས་ཡུན་རིང་དུ་བཟུང་མཐར། །སྤྱི་བོའི་ལྷ་ཚོགས་རྣམས་ཀྱང་འཁོར་རྣམས་གཙོ་བོ་ལ་ཐིམ། གཙོ་བོའི་ཕྱག་གི་ལྷུང་བཟེད་ནས་བདུད་རྩི་ལུད་པ་རང་གི་སྤྱི་གཙུག་ཏུ་ཐིམ། །ལུས་གང་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་མོས་ནས་ཚེ་གཟུངས་ཅི་ནུས་བཟླ། མཐར་གཙོ་བོ་འོད་ཕུང་གི་རྣམ་པ་རང་གི་སྤྱི་བོ་ནས་ཐིམ་པས་རང་གི་སྒོ་གསུམ་དང་སངས་རྒྱས་ཀྱི་གསང་བ་གསུམ་དབྱེར་མེད་དུ་འདྲེས་པར་མོས་པ་དང་། །དབུ་མའི་ཡར་སྣེ་ཟླ་དཀྱིལ་དང་སྣ་ཚོགས་རྡོ་རྗེས་བཀག་པར་བསམ་མོ། །གཉིས་པ་ནི་བདེ་སྨོན་སོགས་སྨོན་ལམ་གྱི་རྗེས་སུ་བསྔོ་བས་རྒྱས་གདབ་པར་བྱའོ། །དེས་འཕོ་བ་སྦྱོང་ཐབས་རྣམས་རྫོགས། །གསུམ་པ་ཅེས་ཀྱང་ཕན་པ་མེད་ཅིང་འཆི་ངེས་ལ་བབ་ ཚེ། འཕོ་བ་ལས་ལ་སྦྱར་བ་ནི། ཚེ་འདི་སྣང་གི་ཆགས་སྡང་ཐམས་ཅད་སྙིང་ནས་སྤོངས་ལ་གོང་ལྟར་གྱི་དམིགས་གནད་རྣམས་གསལ་བར་བྱས་ལ། སྙིང་ཁའི་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེའམ་ཧཱུཾ་ཡིག་དེ་དཔག་ཆེན་གྱིས་མདའ་ལྟར་སངས་རྒྱས་ཀྱི་ཐུགས་ཀར་སྤར་ཆོག་གང་ནུས་ཀྱིས་འཕོས་ལ་མར་འབེབ་ཀྱི་དམིགས་པ་མི་བྱའོ། ༈ འཕོ་ཁྲིད་དུ་ཧྲཱིཿ ལྔ་ཚར་གྱི་དོན། རང་གི་ཕུང་པོ་ལྔ། ཁམས་ལྔ། དུག་ལྔ། རླུང་ལྔ་ལ་སོགས་ཀྱི་རྟེན་འཕོ་བྱ་འོད་ཀྱི་ཐིག་ལེ་དེ་ཉིད་ཧྲཱིཿ ལྔ་བརྗོད་པའི་སྒྲས་འཕོ་ཚེ། ཐོབ་བྱ་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་སངས་རྒྱས་སྣང་བ་མཐའ་ཡས་སོ། །ཕཊཿ ཀྱི་སྒྲ་དོན་མང་དུ་ཡོད་ཀྱང་། སྐབས་འདིར་སྐུ་ལྔ་དབྱེར་མེད་དུས་བསྟིམས་ནས་གཉིས་སུ་འཛིན་པ་གཅོད་པའི་དོན་ནོ། །འདི་དག་གི་དོན་ཤེས་པར་བྱ་བ་ལས་སྐུ་ལྔའམ་དྲུག་གི་དམིགས་པ་སོ་སོར་དགོས་པ་ནི་མ་ཡིན་ནོ། དེ་ཡང་ལྡེབ་༡༦པ་མན་མཇུག་མ་ཚང་། །


previousདམ་ཆོས་བདེ་ཆེན་ལམ་མཆོག་ལས་ཟབ་ལམ་འཕོ་བའི་གདམས་པ་བདེ་ཆེན་ཞིང་ཁམས་བགྲོད་པའི་མྱུར་ལམ།next