Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀློང་ཆེན་སྙིང་ཐིག་གི་ཆོ་གའི་འགྲིགས་རིམ་དང་དམིགས་འགྲེལ་སྤེལ་མར་བཤད་པ་མུ་ཏིག་འཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་ཐིག་གི་ཆོ་གའི་འགྲིགས་རིམ་དང་དམིགས་འགྲེལ་སྤེལ་མར་བཤད་པ་མུ་ཏིག་འཕྲེང་བ།next

ཀློང་ཆེན་སྙིང་ཐིག་གི་ཆོ་གའི་འགྲིགས་རིམ་དང་དམིགས་འགྲེལ་སྤེལ་མར་བཤད་པ་མུ་ཏིག་འཕྲེང་བ།

༄༅། །ཀློང་ཆེན་སྙིང་ཐིག་གི་ཆོ་གའི་འགྲིགས་རིམ་དང་དམིགས་འགྲེལ་སྤེལ་མར་བཤད་པ་མུ་ཏིག་འཕྲེང་བ་བཞུགས།

ན་མོ་གུ་རུ་པདྨ་བཛྲ་ཡེ། །འོད་མཚན་སྟོང་འབར་འཆི་མེད་ཚེ་ཡི་ལྷ། །རྫུས་སྐྱེས་མཆོག་གི་སྤྲུལ་སྐུའི་རྣམ་རོལ་དུ། །ལེགས་ཤར་འགྲོ་བའི་སྐྱབས་མགོན་པདྨ་འབྱུང་། །བདག་སོགས་འགྲོ་བའི་བདེ་ཆེན་འཁོར་ལོ་རོལ། །གང་ཞིག་དྲན་པའི་མོད་ལ་མཆོག་ཐུན་གྱི། །དངོས་གྲུབ་ཐོབ་པའི་ཐབས་མཆོག་གངས་ཀྱི་རིར། །མཁྱེན་བརྩེའི་འོད་སྟོང་ཟེར་གྱིས་ལེགས་བཞུའི་རྒྱུན། །སྐལ་བཟང་གདུལ་བྱའི་ཞིང་ས་འདིར་འབེབས་སོ། དེ་ཡང་འདིར་ཀུན་མཁྱེན་ཆེན་པོ་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་འདོན་འགྲིགས་སུ་བསྟར་བའི་ཐོག་མར། ཚིག་བདུན་གསོལ་འདེབས་སྐུ་གསུམ་གསོལ་འདེབས་དང་བསམ་པ་ལྷུན་གྲུབ་སྒྲོལ་མ། རྗེ་འབངས་ཉེར་ལྔའི་གསོལ་འདེབས་དང་། བར་ཆད་ལམ་སེལ་ཀློང་སྙིང་བརྒྱུད་འདེབས་བཅས་བཏང་ནས། ཆོ་ག་དངོས་ལ་འཇུག་པའི་དང་པོ་སྐྱབས་སུ་འགྲོ་བ་ནི་མདུན་གྱི་ནམ་མཁར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རིག་འཛིན་པདྨ་འབྱུང་གནས་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་བསྐོར་བ་ཡིད་ངོར་གསལ་བའི་དྲུང་དུ་རང་གི་ཚེ་འདིའི་ཕ་མ་གཉིས་དགྲ་བགེགས་གཉིས་ཏེ། བཞི་པོ་དེའི་གཙོར་བྱས་མཁའ་མཉམ་གྱི་སེམས་ཅན་ཐམས་ཅད་རང་དང་ལྷན་ཅིག སྐྱབས་འགྲོ་འདོན་པར་མོས་ནས། ན་མོ་བདག་དང་མཐའ་ཡས་སོགས། སྐྱབས་འགྲོ་གང་ནུས་བལྡབ། དེ་ནས་སེམས་བསྐྱེད་ཀྱི་དོན་ནི། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་ལ། དེ་ཐམས་ཅད་བདེ་བའི་མཆོག་བླ་ན་མེད་པ་རིམ་གཉིས་ཀྱི་ལམ་ལ་རྨོངས་པས་སྡུག་བསྔལ་ཁོ་ནའི་རྒྱུ་དང་འབྲས་བུ་ལ་སྤྱོད་པ་འདི་རྣམས་བདག་གིས་རིག་འཛིན་བླ་མའི་གོ་སར་དབུགས་དབྱུང་བར་བྱའོ་སྙམ་པའི་སྨོན་སེམས་དང་། དེའི་ཐབས་ལ་གཞོལ་བ་འཇུག་སེམས་བཅས་གཉིས་ཀ་ཚང་བའི་ངང་ནས། ཧོ་རིག་འཛིན་དཀྱིལ་འཁོར་སོགས། སེམས་བསྐྱེད་ལན་གྲངས་གང་ནུས་བལྡབ། ཡན་ལག་བདུན་པའི་དོན་ནི། འདི་རྒྱུ་དུས་ཀྱི་ཚོགས་བསགས་ལྟར་གཟུང་འཛིན་སྤེལ་བ་མ་ལགས་ཏེ། འབྲས་དུས་ཀྱི་གནས་ལུགས་ཇི་བཞིན། ལམ་གྱི་གནས་སྐབས་དང་ཚུལ་མཐུན་པར་བརྗོད་པ་ནི། ཧོ་ཆུ་ལས་ཆུ་བུར་སོགས་ནི། ཆོས་སྐུ་ལས་ལོངས་སྐུ་དེ་ལས་སྤྲུལ་སྐུའི་དཀྱིལ་འཁོར་མཁའ་དབྱིངས་སུ་ཤར་བའི་འཇའ་སྤྲིན་བཞིན་སྣང་ལ་རང་བཞིན་མ་གྲུབ་པར་གསལ་བའོ། དེའང་ལམ་གྱི་ཁྱད་པར་ཐོད་རྒལ་ནི། སྣང་བ་བཞིའི་དང་པོ་མཚོན་བྱ་སྐུ་དང་ཡེ་ཤེས་ཀྱི་ལམ་རྟགས་མཚོན་བྱེད་ཐིག་ལེ་སྟོང་པའི་སྒྲོན་མ་དང་། རིག་པ་ལུ་གུ་རྒྱུད་ཀྱི་སྒྲོན་མ་སོགས་ཀྱི་ཕྱག་འཚལ་དང་། དེ་ལས་ཀྱང་སྣང་བའི་འཕེལ་སྒོ་ཇེ་ཆེར་སོང་ནས། ཐིག་ལེའི་ནང་དུ་སྐུའི་རྣམ་པ་ཅུང་ཟད་ཤར་བའམ་ཤར་གྲབས་བྱས་པ་ཚུན་ལ་མཆོད་པའི་ཐ་སྙད་བཞག་པའོ། དེ་ལས་ཀྱང་སྐུ་ལྔ་ཚོམ་ནས་སྣང་ཡུལ་ཐམས་ཅད་ཁྱབ་ཚུན་ཆད་བཤགས་བྱ་བཤགས་བྱེད་ལས་འདས་པས་དེ་ལྟར་བརྗོད་པའོ། དེ་ནས་ཕྱི་ནང་གི་སྣང་བ་ཐམས་ཅད་སྐྱེར་དགུའི་ཟླ་བ་གནམ་སྟོང་དབྱིངས་སུ་འཁྱིལ་བ་ལྟར་རྣམ་པར་མི་རྟོག་པའི་ངང་དུ་ཞི་བ་ལ་ཆོས་ཉིད་ཟད་པ་ཞེས་བསྒོམ་བྱ་དང་སྒོམ་བྱེད་ལས་གྲོལ་བ་རྗེས་སུ་ཡི་རང་བའི་ས་བཅད་བྱས་པའོ། དེའི་ཚེ་མི་སློབ་པའི་ལམ་མངོན་དུ་གྱུར་པ་ལ་མདོ་སྔགས་སྤྱི་དང་། རྫོགས་ཆེན་གྱི་ཁྱད་པར་ལས་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་གནས་གྱུར་ནས་རྡུལ་གཅིག་གི་གོ་ན་རྡུལ་སྙེད་ཀྱི་རྒྱལ་བའི་ཞིང་ཁམས། དེས་ཀྱང་མཁའ་ཁྱབ་ཀྱི་འགྲོ་བའི་དོན་རྒྱུན་ཆད་མེད་པར་བྱེད་ནུས་པ་ལ་ཆོས་འཁོར་སྐོར་བར་བསྐུལ་བའོ། འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པདྨ་ཀཱ་ར་དང་། བི་མ་ལ་ཇི་བཞིན་མྱ་ངན་ལས་མི་འདའ་བར་སྲིད་པ་ཇི་སྲིད་ཕན་བདེ་སྤེལ་བའི་བྱེད་པོར་བཞུགས་ཞེས་འཁོར་བ་དང་སྒོ་མཐུན་པའི་གསོལ་བ་བཏབ་པའོ། དེ་ལྟ་བུའི་ཟག་བཅས་ཟག་མེད་ཀྱི་དགེ་ཚོགས་ཅི་མཆིས་པ་ཐམས་ཅད་ཡེ་ཤེས་ཆེན་པོའི་དབྱིངས་སུ་དྲིལ་ཏེ། ཆོས་ཐམས་ཅད་ཀྱི་ནང་དབྱིངས་བརྗོད་པའི་མཐའ་དང་བྲལ་བ་དེ་འཁོར་འདས་གཉིས་ཀའི་སྤྱི་གཞིའམ། གཞི་ཡིན་ཀྱང་བསྔོ་བའི་ཡུལ་ཡང་དག་པ་མ་ཡིན་ཏེ་སྟོང་པ་ཕྱོགས་གཅིག་ཡིན་པའི་ཕྱིར་རོ། དེ་ནས་སྟོང་ཆེན་ནམ་མཁའ་ལྟ་བུ་དེ་ལས། འཁྲུལ་གྲོལ་གྱི་ལམ་མམ་རང་བཞིན་གྱི་གཤིས་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་རྨ་བྱའི་སྒོ་ང་རུམ་ན་ཡོད་པའི་སྐབས་སམ། ཤེལ་འོད་ཉི་མས་མ་བསླངས་པ་ལྟ་བུའི་གནས་དེ། ད་ལྟའི་རིག་པ་སྐད་ཅིག་མའི་གདངས་བགྲེས་རྒུད་དང་བྲལ་བ་འདི་གཞོན་ནུ་ཡིན་ལ། བུམ་སྐུ་ཞེས་པ་སྐུ་དང་། ཞིང་ཁམས་ཕྱིར་མ་གསལ་ཀྱང་ནང་དུ་མ་འགག་པ་གོང་གསལ་བཞིན་རྨ་བྱའི་སྒོ་ང་དང་། ཤེལ་འོད་ཀྱི་དཔེས་བསྟན་པ་བཞིན་ནོ། ཚུལ་དེ་ལྟ་བུའི་དོན་ཁོང་དུ་ཆུད་པས་ཡན་ལག་བདུན་པ་བཏང་མཐར་སྐྱབས་ཡུལ་གསལ་བ་རང་ལ་བསྟིམས་ནས་དམིགས་མེད་དུ་བཞག །དེ་ནས་བགེགས་བསྐྲད་པ་ནི། འདི་ལ་གཉིས་ཏེ་དྲང་ངེས་གཉིས་སོ། དང་པོ་ལྟར་ན་ཚེ་སྔོན་གཞན་སྲོག་བཅད་པས་ད་ལྟའི་ཚེ་སྲོག་ལ་འཚེ་བ་མང་བ། བརྡུང་བརྡེག་བྱས་པས་ན་ཚ་མང་བ། འཕྲོག་བཅོམ་བྱས་པས་དབུལ་ཕོངས་བ་སོགས་ནི་ལན་ཆགས་སམ་ཤ་འཁོན་དུ་གཏོགས་བའི་བགེགས་ཡིན་ལ་དེ་ལས་གཞན་པ་རང་རྒྱུད་ཀྱི་ཞེ་སྡང་གིས་བསྐྱེད་པས་ཕོ་གདོན་རྒྱལ་པོ་འདོད་ཆགས་ཀྱིས་མོ་གདོན། གཏི་མུག་གིས་ཀླུ་གདོན། དེ་ལས་གྱེས་པ་བསམ་གྱིས་མི་ཁྱབ་ཀྱང་། བསྡུ་ན་མ་རིག་པ་གཅིག་པོས་འཕྲུལ་ལས་མ་བྱུང་བ་གཅིག་ཀྱང་མེད་དེ། དཔེར་ན་གཉིད་དང་རྨི་ལམ་བཞིན་ནོ། དེ་བགེགས་གཏོར་གྱི་དངོས་མཚན་སྦྱངས་རྗེས་འདོད་པའི་ཡོན་ཏན་ལྔ་ཞེས་གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ་རེག་བྱ་འཇམ་པ། ཟད་མི་ཤེས་པ་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལྟར་གྱུར་པ་འཁོར་བ་མ་སྟོང་གི་བར་དུ་སྦྱིན་ཡུལ་རྣམས་ཚིམ་པའི་ནུས་ལྡན་དུ་བསམ་ནས། ཧྲཱི། སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་སོགས་ཀྱིས་བགེགས་བསྐྲད། སྐབས་འདིར་རང་ཉིད་ངོ་བོ་སློབ་དཔོན་ཆེན་པོ་ལ་རྣམ་པ་པདྨའི་རིགས་ཀྱི་ཁྲོ་བོ་རྟ་མགྲིན་རོལ་པ་བསྐལ་པ་འཇིགས་དུས་ཀྱི་མེ་བཞིན་ཤིན་ཏུ་དམར་ཞིང་ཚམ་རྔམས་བཟོད་པར་དཀའ་བ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ་དམར་སེར་རལ་པ་གྱེན་དུ་བརྫེས་ཤིང་ཐོད་སྐམ་ལྔ་ཡིས་བརྒྱན་པའི་རྩེ་མོར་རྟ་མགོ་ལྗང་ཞུར་རྟ་སྐད་ལྷང་ལྷང་འཚེར་བས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། གར་གྱི་ཉམས་དགུ་དུར་ཁྲོད་ཀྱི་ཆས་བརྒྱད་ལ་སོགས་པས་འཇིགས་པར་སྤྲས་པ། ཞབས་གཉིས་གྱད་ཀྱི་འདོར་སྟབས་ཀྱིས་ལོག་འདྲེན་བརྫིས་པ། ཕྱག་གཡས་མི་མགོས་སྤུད་པའི་དབྱུག་ཏོ་མེ་འབར་བས་བསྡིགས་ཤིང་འཇོམས་པར་བྱེད་པ། གཡོན་སྡིགས་མཛུབ་ལས་སྤྲུལ་པའི་ཁྲོ་ཆུང་བསམ་གྱིས་མི་ཁྱབ་པ་སྤྲོ་བསྡུ་བྱས་པས་ལོག་འདྲེན་རྣམས་སྤ་བཀོང་བའི་བརྟུལ་ཞུགས་ཀྱི་ནུས་པས་གདོང་མི་བཟོད་པའི་བསྐལ་པའི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་ང་རྒྱལ་བརྟན་པོར་བཟུང་ནས་སྦྱིན་པའི་ཡས་གཏད། བདེན་པའི་ཆོས་བཤད་ཀྱང་མི་འགྲོ་ཞིང་། སླར་འཚེ་བའི་རིགས་སུ་གྱུར་པ་རྣམས་བྱ་ཁྱུ་རྡོས་སྐྲོག་པའམ། ར་ལུག་སེར་བ་དྲག་པོས་བཞིན་དེད་ནས་རྒྱ་མཚོ་ཆེན་པོའི་ཕ་མཐར་གསུངས་པ་དང་། དཔག་ཚ་རྒྱང་གྲགས་ཟེར་བའི་ས་ཚིགས་ཀྱི་དབྱེ་བ་གསུངས་ཀྱང་། འདིར་བསྒྲལ་བའི་ཞིང་བཅུ་དང་ཉམས་པ་བདུན་སོགས་སྤྱི་སྒོས་ཀྱི་དགྲ་ཟླར་གྱུར་པའི་ཡུལ་དུ་དེད་པར་བསམ་པ་ནི། ཟ་ལམ་དགྲ་ལ་བསྟན་པའི་དོན་ཡང་ཚང་བས་དེ་ཕྱིར་དེ་ལྟར་བྱས་ན་འཐད་དམ་སྙམ་དོན་དམ་པར་བགེགས་ཞེས་བྱ་བའི་དངོས་པོ་ཅན་དུ་ཡོད་ན་མི་འདྲ་མོའམ་དུད་འགྲོ་ལྟ་བུར་མཐོང་ཆོས་སུ་གྱུར་པ་གཅིག་དགོས་རྒྱུ་ལ་དེ་འདྲ་ནི་མི་འདུག །དངོས་མེད་ཞིག་ཡིན་ན་དངོས་མེད་ཀྱིས་དངོས་པོ་འཇིག་མི་ནུས་ཏེ། ནམ་མཁའ་འདིས་འབྱུང་བ་གཞན་ལ་བཤིག་པའམ། རང་ཉིད་ཀྱི་འགྱུ་དྲན་དངོས་མེད་འདི་ཁོ་ནས་སུ་ཡང་འཇོམས་མི་ནུས་པས་ཕྱིར། བགེགས་རང་གཉིས་འཛིན་ལས་བྱུང་བའི་དོན་རྟོགས། བགེགས་དུ་འཛིན་མཁན་དང་། འཛིན་རྒྱུའི་བགེགས་ཤར་བའི་རྣམ་རྟོག་གཉིས་ཀ། ཐག་ཁྲ་ལ་སྦྲུལ་དང་ལ་ཁའི་ཐོ་ཡོར་མིར་བཟུང་ནས་འཇིགས་སྐྲག་སྐྱེས་པ་ལས་གྲོལ་བའི་གནས་སྐབས་ལྟར་ཡིན་ནོ། དེའི་ཕྱིར་ན་དྲང་དོན་ལ་བགེགས་སོགས་ཀུན་རྫོབ་ཀྱི་ཆོས་སོ་ཅོག་ཐམས་ཅད་ཡོད་པའི་ཚུལ་དང་། དོན་དམ་ལ་ཡོད་པ་ཡང་མ་ཡིན་ཏེ། སྔ་མ་ལྟར་ལ་མེད་པའང་མ་ཡིན་ཏེ་ཕྱོགས་སུ་མ་ལྷུང་ཞིང་མཐར་འཛིན་བྲལ་བས་ཕྱིར་རོ། སྲུང་འཁོར་ལ་ཡང་ཀུན་རྫོབ་དོན་དམ་གཉིས་སོ། དང་པོ་ནི་མ་དག་པ་འཁོར་བའི་དབང་ཡུལ་དུ་སྣང་བའི་ས་རྡོ་རི་བྲག་ལ་སོགས་མི་དམིགས་པའི་ངང་ལ་རྡོ་རྗེའི་རྡུལ་ཕྲ་མོས་གཏམས་པའི་ས་གཞི་དེའི་སྟེང་དུ་རྡོ་རྗེའི་གུར་ལྕགས་རྨོག་ཁ་སྦུབ་པ་ལྟ་བུ། དེའི་བླར་རྡོ་རྗེའི་བླ་བྲེ་དེའི་ཕྱི་རོལ་དུ་མཁར་གྱི་ལྕགས་རི་ལྟ་བུའི་རྡོ་རྗེའི་ར་བ་གུར་གྱི་ཕྱི་རོལ་ནས་གཡོགས་པའི་ཚུལ་གྱི་རྡོ་རྗེའི་དྲྭ་བ་རྒྱ་གྲམ་གྱི་དབྱིབས་ཅན་བར་མཚམས་ཀུན་ཏུ་རྒྱ་གྲམ་ཕྲ་མོས་གཏམས་པ། དེ་ལ་དེ་ལྟ་བུའི་ཚ་ཚ་མཆེད་པའི་ར་བ་དང་རྩེ་སྤྲོད་དུ་ཡོད་པ། རྩེ་མོར་རྡོ་རྗེའི་ཏོག་བལྟས་པ་ཙམ་གྱིས་མིག་ཚིག་པའི་འོད་ཟེར་འབར་བ་རྡོ་རྗེའི་ར་བའི་ཕྱི་རོལ་ནས་ཡུམ་ལྔའི་ངོ་བོའི་ཕྱོགས་བཞི་དབུས་ལྔ་ནས་ལས་མཐུན་གྱི་མེ་དཔུང་ཁ་ཏོག་སྣ་ལྔའི་འཇིག་རྟེན་སྲིད་པའི་གནས་ཡོངས་སུ་བསྲེག་པའི་ནུས་སྟོབས་དང་ལྡན་པ་ཁྲོ་ཆུང་གི་རྣམ་པའི་མེ་སྟག་གི་ཚ་ཚ་འཕྲོས་པས་ལོག་འདྲེན་རྣམས་ཀྱང་བྱ་སྒྲོ་མེས་ཚིག་པ་ལྟར་གཞོབ་ཐུལ་དུ་གཏོང་བ། མདོར་ན་ཚུར་ལ་གནོད་བྱེད་གང་གིས་ཀྱང་གླགས་མི་ནུས་ཤིང་། ཕར་ལ་བདུད་སྡེའི་དཔུང་བཅས་འཇོམས་པའི་སྲུང་བའི་འཁོར་ལོར་བསམ་པའོ། གཉིས་པ་ནི། སྲུང་བྱ་བདག་དང་སྦྱིན་བདག །བསྲུང་བྱེད་ལྷ་དང་སྲུང་མ་སོགས་གཉིས་སུ་འཛིན་པའི་རྟོག་པ་དག་པའི་དབྱིངས་ཆེན་པོ་དེ་ལ་དགའ་ར བ་དབང་ཕྱུག་འཁོར་དང་བཅས་པས་བརྫི་བར་ནུས་པ་མ་ཡིན་ནོ། དེ་ལྟ་བུའི་དོན་ཤེས་པའི་ངང་ནས། ཧྲཱི། སྣང་སྲིད་དག་པ་རབ་འབྱམས་ལ༔ ཞེས་སོགས་བརྗོད། བྱིན་འབེབས་ནི། བདག་དང་དཀྱིལ་འཁོར་རྫས་བཅས་ཀྱི་ཉེས་སྐྱོན་དག་པ་དང་། སྔགས་ཀྱི་སྣོད་དུ་རུང་ཞིང་བཅུད་ཆགས་པའི་ཕྱིར་ཡེ་ཤེས་ལྷའི་བྱིན་ནུས་དབབ་པ་ནི་རང་ཉིད་སྨིན་གྲོལ་གྱི་དམ་ཚིག་ལ་གནས་བཞིན་པའི་སྟེང་། དད་གུས་མོས་པ་ཆེན་པོ་བྱིན་རླབས་ཀྱི་སྒོ་ཡིན་པས། །ཕྱོགས་བཅུ་རབ་འབྱམས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། རྩ་གསུམ་ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་ཐུགས་རྗེའི་རོལ་རྩལ་གདུལ་བྱའི་དད་པའི་རྗེས་སུ་འགྲོ་བ་ཡིན་པས། ཁྱེད་རྣམས་ཀྱི་སྔོན་སྨོན་དང་ཐ་ཚིག་གི་དབང་གིས་མཚན་མ་རྫས་ཀྱི་དཀྱིལ་འཁོར་སོགས་དམིགས་པའི་ཡུལ་འདི་རྣམས་དག་པ་ཡེ་ཤེས་ཆེན་པོའི་རང་བཞིན་དུ་བྱིན་གྱིས་རློབས་པར་མཛད་དུ་གསོལ། ཞེས་མོས་ནས། ཧཱུཾ་སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས༔ སོགས་ཀྱི་བྱིན་ཕབས་མཐར། ལྷ་ཚོགས་རྣམས་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་བྱིན་རླབས་ཐམས་ཅད་སྐུ་ཕྱག་རྒྱ་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་གྱི་རྣམ་པས་མཚོ་ཆེན་པོ་ལ་ཆར་བབས་པ་བཞིན་དུ་བདག་དང་བསྲུང་བྱ་རྟེན་རྫས་སོགས་གནས་དང་ཡོ་བྱད་རྣམས་ལ་ཐིམ་པར་བསམ་མོ། མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཕྱིའི་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་རྣམས་སོ། འདི་རྣམས་ཕྱིའི་འཇིག་རྟེན་ལས་བྱུང་བ་སྔགས་ཕྱི་པ་དང་མཚུངས་པ་ལྷའི་ཕྱེ་སྤྱོད་ཡུལ་ཡིན་པས་ཕྱིར་རོ། ནང་མཆོད་གཟུགས་མཛེས་པ་སྒྲ་སྙན་པ་དྲི་ཞིམ་པ་རོ་མངར་བ་རེག་བྱ་འཇམ་པ། སྨན་རག་གཏོར་གསུམ་དང་བཅས་པའོ། འདི་དག་ནང་བཅུད་ལས་འབྱུང་བ་དང་། སྔགས་ནང་རྒྱུད་དང་མཚུངས་ལ་ལྷའི་ནང་དབང་པོའི་སྤྱོད་ཡུལ་ཡིན་པས་སོ། གསང་བ་བདེ་སྟོང་བླ་ན་མེད་པའི་མཆོད་པ་དང་བཅས་པ། དངོས་པོར་འཛིན་པའི་རྣམ་རྟོག་བསལ་ཕྱིར་ༀ་གྱིས་སྦྱངས། ཨཱས་ཱས་སྣོད་བཅུད་དག་པར་བསྒྱུར། ཧཱུཾ་གིས་རྒྱ་ཆེན་རྒྱུན་མི་འཆད་པར་སྤེལ་ནས། ཕྱི་ནང་སྣོད་བཅུད་མཆོད་པའི་སྤྲིན་སོགས་ནས་རང་སྔགས་ཀྱིས་བརླབས་སོ། དངོས་གཞི་ལྷ་བསྐྱེད་ནི། ཕ་རྒྱུད་ལྟར་རྡོ་རྗེའི་ཆོ་ག་གསུམ་དང་། མ་རྒྱུད་ལྟར་མངོན་བྱང་ལྔ། དེ་གཉིས་ཀ་དེ་བཞིན་ཉིད་དང་ཀུན་སྣང་རྒྱུའི་ཏིང་ངེ་འཛིན་གསུམ་པོས་ཁོག་ཕུབས་ནས་རྟེན་འབྲེལ་བཅུ་གཉིས་དང་སྐྱེ་གནས་རྣམ་པ་བཞིའི་བག་ཆགས་སྦྱོང་ཚུལ་གྱིས་བསྐྱེད་རིམ་གང་ཟག་གི་བློ་རིམ་དང་སྦྱར་ཏེ་གསུངས་པ་ཡིན་ལ། དེ་ལ་འཆི་སྲིད་ཆོས་སྐུ། བར་སྲིད་ལོངས་སྐུ། སྐྱེ་སྲིད་སྤྲུལ་སྐུར་སྦྱོང་བས་མཚོན་ཏེ། ཕར་ཕྱིན་ཐེག་པར་ས་བཅུ་ལམ་ལྔ་གྲངས་མེད་གསུམ་གྱིས་རྫོགས་དགོས་པར་བཤད་པ་དང་། སྔགས་སུ་བྱ་རྒྱུད་ལ་མི་ཚེ་བཅུ་དྲུག་སྤྱོད་རྒྱུད་ལ་བདུན། རྣལ་འབྱོར་ལ་གསུམ། རྣལ་འབྱོར་བླ་མེད་ལ་ཚེ་གཅིག་ལ་བྱང་ཆུབ་སྙིང་པོ་མངོན་དུ་བྱེད་པས་ཁྱད་པར་འཕགས་པ་དང་། ནང་རྒྱུད་སྡེ་གསུམ་ལ་རིམ་གྱིས་འཕགས་ཆོས་ཡོད་པས། འདིར་ཡང་དེའི་ལུགས་སུ་མཚོན་བྱ་སྐུ་གསུམ་གྱི་སངས་རྒྱས་ལ། མཚོན་བྱེད་འགྲོ་བ་རིགས་དྲུག་གི་ཆར་གཏོགས་པའི་སེམས་ཅན་ཐམས་ཅད་རིག་འཛིན་བླ་མའི་ལྷ་ཚོགས་ཀྱི་གསང་བ་གསུམ་དུ་བསྒྲུབ་སྐད་ཅིག་དྲན་རྫོགས་སམ། རྫུས་སྐྱེས་དང་དྲོོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱོང་བ་དང་ཚུལ་མཐུན་ཏེ། དཔེར་ན་མཁའ་དབྱིངས་སུ་ཆར་སྤྲིན་ནམ་ཆུ་ནང་དུ་ཟླ་གཟུགས་སྣང་བ་ལྟར། ཧཱུཾ་མ་བཅོས་རིག་པ་སྟོང་གསལ་ངང་ཆོས་སྐུ་དང་། ལྷག་མཐོང་སྣང་ཆའི་ཞེས་ལོངས་སྐུ། རྟེན་འབྲེལ་ཀུན༔ ལྷུན་གྲུབ་དག་པ་རབ་འབྱམས་ཀྱིཿ དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པའི༔ ཞེས་སྐུ་གསུམ་གྱི་གནས་ཚུལ་དང་མཚུངས་པའི་རྟེན་དང་བརྟེན་པར་བཅས་པ་ཆོ་ག་རང་གཞུང་གིས་གསལ་བཞིན་དང་བསྙེན་ཡིག་སོགས་ལས་ཤེས་པར་བྱ་བ་ལས་འདིར་ཡི་གེར་འཇིགས་སོ། དེ་ལྟར་རིག་འཛིན་བླ་མའི་དཀྱིལ་འཁོར་དུ་མཆོག་གསུམ་སྐུ་གསུམ་རྩ་གསུམ་ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་ཆུ་བྲན་རྒྱ་མཚོར་འདུས་པའི་དཔེ་བཞིན་གཉིས་སུ་བྱར་མེད་པ། འཁོར་བའི་གནས་རིགས་རྣམས་ཀྱང་བདག་ཉིད་ཀྱི་སྒོ་གསུམ་དང་ལྷན་ཅིག་ཏུ་རིག་འཛིན་བླ་མའི་སྐུར་སྒྲུབ་པ་ཡིན་པ་ལ་ཡིན་པའི་ངེས་པ་འདྲོངས་པའི་ངང་ནས་ལྷ་ཚོགས་རྣམས་ཀྱི་གནས་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན། ༀ་དཀར་ཨཱ་དམར་ཧཱུཾ་མཐིང་གསུམ་གསལ་བ་ལས་འོད་ཟེར་འཕྲོས་པས་སྐུ་གསུམ་དག་པའི་ཞིང་ཁམས་ན་བཞུགས་པའི་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པ་སྤྱན་དྲངས་པར་བསམ་མོ། དེ་ལ་ཡང་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས་སྤྱན་འདྲེན་དགོས་རྒྱུ་ལ་ཡང་། དེ་ལྟ་བུའི་ཡུལ་ཞིག་ག་ཤེད་ན་ཡོད་སྙམ་གྱི་གཉིས་འཛིན་མཁན་རྣམས་ལ་སོ་སོར་རིས་ཆད་དུ་ཡོད་མོད་ཀྱང་བློ་ལྡན་རྣམས་ཀྱིས་ཀུན་རྫོབ་དང་དོན་དམ་གྱིས་བསྡུས་པའི་ཆོས་སོ་ཅོག་གི་དབྱིངས་ཆེན་པོ་འདི་ལས་གཞན་མི་ཚོལ་ཏེ་བཙལ་ཀྱང་མི་རྙེད་པའི་ཕྱིར་རོ། དེས་ན་འཁོར་བའི་རང་བཞིན་གནས་མཐོ་དམན་ཐམས་ཅད་ཀུན་གཞི་མ་རིག་པ་གཉིད་ལྟ་བུ་ལས། འཁྲུལ་ལམ་དུ་འཕྱན་ཏེ་འཁྲུལ་བའི་རྩལ་རྨི་ལམ་མ་སད་པ་བཞིན་བདེ་སྡུག་བར་མ་སྣ་ཚོགས་མྱོང་བ་ཡིན་ལ། དེའི་སྐབས་སུ་ཡང་བདེ་གཤེགས་སྙིང་པོ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་ནོར་བུ་འདམ་ཁྲོད་ན་ཡོད་དུས་དང་། གནམ་སྟོང་ཟླ་བ་བླ་འོག་ལོག་དུས་བཞིན་ཇེ་ངན་ལ་སྤུ་ཙམ་ལ་སོང་བའི་དོན་ཤེས་ན་ཆོས་ཀྱི་དབྱིངས་ལོགས་ན་མེད་པའི་དོན་ཤེས་པས། དེའི་ཕྱིར་ན་སྐུ་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་གསུམ་གྱིས་འཁོར་བའི་གནས་རིགས་ཐམས་ཅད་ཁྱབ་ཡོད་དེ། དཔེར་ན་འོ་མ་ལ་མར་གྱིས་ཁྱབ་པ་དང་། དངུལ་རྡོ་དངུལ་གྱིས་ཁྱབ་པ་འབྱུང་བཞིའི་ཁམས་ནམ་མཁས་ཁྱབ་པ་བཞིན་ནོ། དེ་ལྟ་ན་གློ་བུར་གྱི་དྲི་མས་སྒྲིབ་མ་སྒྲིབ་ཀྱི་ཁྱད་པར་ལས། སེམས་ཅན་དང་སངས་རྒྱས་ཀྱི་ཁྱད་ཞུགས་པ་ཡིན་པས་ཡེ་ནས་འཁྲུལ་མ་མྱོང་བའི་ལྷ་ཚོགས་རྣམས་འཁྲུལ་རྟོག་གིས་སྦགས་པའི་སེམས་ཅན་གྱི་དྲི་མ་འཁྲུད་པའི་ཆེད་དུ་སྤྱན་འདྲེན་པ་ནི། ཧཱུཾ་སྔོན་གྱི་བསྐལ་པ་དང་པོ་ལ༔ སོགས་ཀྱི་མཐར་དབྱེར་མེད་དུ་བསྟིམས་ནས། བཞུགས་གསོལ་ནི། ཧཱུཾ་ཐབས་ཀྱིས་བསྐྱེད་པའི་དཀྱིལ་འཁོར་འདིར༔ ཞེས་པས་ལྷ་ཚོགས་རྣམས་ཤེས་རབ་དབྱིངས་ནས་ཞེས་ཆོས་ཀྱི་དབྱིངས་ནས་སྤྱན་དྲངས་པ་རྣམས་ཆུ་ལ་ཆུ་བཞག་པ་ལྟར་རོ་གཅིག་ཏུ་འདྲེས་པར་བསམ་མོ། ཕྱག་འཚལ་ལ། ཧཱུཾ་ལྷ་ཉིད་རང་ལ་རང་ཉིད་ལྷ༔ ཞེས་པས། ལྷ་ཚོགས་རྣམ་རང་རིག་གི་རྩལ་དུ་ཤར་བའམ་སྤྲུལ་པ་ཡིན་པས་ཕྱིར་ལྷ་དང་རང་གཉིས་སོ་སོར་འཛིན་པའི་འདུ་ཤེས་བྲལ་བའི་ངང་དེར་གནས་པ་ལ། ཐབས་ཀྱི་ཆ་ཁྱད་དུ་མི་གསོད་ཕྱིར་རྟེན་ཅིང་འབྲེལ་འབྱུང་གི་ཚོགས་བསག་པའི་ཕྱིར་ཕྱག་འཚལ་བའི་ཚེ། ཚུར་ལའང་ཕྱག་ལན་བྱས་པས་བདག་དང་ལྷར་འཛིན་གྱི་རྟོག་པ་བསལ་བའོ། མཆོད་འབུལ་གྱི་ཚེ། གོང་དུ་མཆོད་འབུལ་གྱི་རྫས་བྱིན་བརླབ་སྐབས་སུ་བཤད་པའི་ཕྱི་ནང་གསང་གསུམ་གྱི་ཡོ་བྱད་ཐམས་ཅད་མཆོད་པའི་ལྷ་མོ་བསམ་ལས་འདས་པས་ཁྱེར་ཏེ་ལྷ་ཚོགས་རྣམས་ལ་ཕུལ་བ་ཙམ་གྱིས་དགྱེས་ཤིང་བརྩེ་བ་ཆེན་པོས་བཞེས་ནས་སོ་སོའི་ལོངས་སྤྱོད་པས་མཁའ་མཉམ་གྱི་འགྲོ་བའི་ཚོགས་རྣམ་པ་གཉིས་རྫོགས་ཏེ་སྐུ་གཉིས་ཀྱི་ས་བོན་ཐེབས་པར་བསམ་མོ། དེ་ལའང་མཆོད་པའི་རྫས་རྣམས་དངོས་པོ་དག་པ་རང་ཉིད་ཀྱི་བཟའ་བཏུང་ལས་ཀྱང་གཙང་ཞིང་འཕགས་པ་ཉུང་བས་བཤོལ་བ་དང་། མང་པོ་ཕྲི་བས་མཐའ་གཉིས་སུ་མ་ལྷུང་བ་གལ་ཆེ། མང་ཉུང་གང་ཡང་རུང་སྟེ། ཅིའི་ཕྱིར་ན་ལུང་པ་ཁེངས་པའི་མཆོད་རྫས་བཤམས་ཀྱང་། དངོས་བཤམས་སྔགས་དང་ཏིང་ངེ་འཛིན་གྱིས་སྦྱངས་སྤེལ་བསྒྱུར་གསུམ་གྱིས་ཡིད་སྤྲུལ་དང་ཆབས་གཅིག་མཆོད་སྦྱིན་བྱེད་དགོས་རྒྱུ་ལས་མི་ལ་སྟོན་མོ་བྱེད་པ་དང་། །དུད་འགྲོ་སོགས་ལ་བཟའ་བཏུང་སྦྱིན་པ་ལྟ་བུའི་དངོས་པོ་ཁོ་ནས་བྱེད་ལས་ལ་ལྟོས་པ་མ་ཡིན་པའི་ཕྱིར་རོ། འོ་ན་འབྱོར་ལྡན་ཡིན་ཀྱང་ཉུང་ངུ་ཙམ་གྱིས་ཆོག་གམ་སྙམ་ན། དེ་ཉིད་སེར་སྣའི་བློ་ཡིན་པས་མི་རུང་སྟེ། དབུལ་པོའི་ཚོགས་བསགས་ཀྱི་སྒོ་མི་འགོག་པའི་ཕྱིར་དེ་ལྟར་བརྗོད་པའོ། འབྱོར་བ་ཆེ་ཆུང་གང་གིས་ཀྱང་སྦྱོར་དངོས་རྗེས་གསུམ་རྣམ་པར་དག་པ་ཞིག་གལ་ཆེ་ཞིང་། དངོས་རྫས་ཇི་ལྟར་འཛོམས་ཡང་དམིགས་པས་མ་བཅིང་བ་དང་། ཡིད་སྤྲུལ་ཇི་ལྟར་མཁས་ཀྱང་རྟེན་འབྲེལ་ཁྱད་དུ་མི་གསོད་པའི་ཐབས་ལ་མཁས་པར་བྱའོ། བསྟོད་པ་ནི། རང་ལས་སྤྲུལ་བའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་ལྷ་ཚོགས་རྣམས་ཀྱི་མདུན་སར་རབ་ཏུ་སྙན་པའི་གླུ་དབྱངས་བྲོ་གར་དང་བཅས་ཏེ་གསང་བ་གསུམ་གྱི་དཔལ་དང་ཡོན་ཏན་ཆེ་བ་བརྗོད་པའི་ཚེ་འབྱུང་བ་བཞིའི་ཁམས་ནས་ཀྱང་དེ་ལྟར་གྲགས་པར་བསམ། མཐར་ལྷ་མོ་རྣམས་རང་ལ་བསྟིམ་པའོ། བཟླས་དམིགས་དངོས་ནི་བསྙེན་ཡིག་བཀའ་བཙན་པས་དེར་མཁྱེན་པར་བྱ་བ་ལས་འདིར་ཡང་ཟློས་མི་དགོས་པས་བཞག་གོ། ལར་བཟླས་པ་ལ། རྡོ་རྗེའི་བཟླས་པ་ནི་རླུང་ནང་དུ་རྔུབ་ཚེ་ༀ་ཨཱཿཧཱུྃ་གསུམ་དང་ཁོང་དུ་གནས་དུས་བཛྲ་གུ་རུ་པདྨ་དང་། ཕྱིར་འབྱིན་དུས་སིདྡྷི་ཧཱུཾ་ལྟ་བུའི་རིགས་འགྲེས་ཤེས་པར་བྱའོ། འགོག་པའི་བཟླས་པ་རླུང་བཟུང་ནས་སྔགས་འབྲུ་ལ་མི་ཡེངས་པར་ཡིད་ངོར་ལན་མང་དུ་གསལ་བྱར་བྱ་བའོ། །ཡིད་བཟླས་རླུང་མི་བཟུང་བར་གོང་ལྟར་བྱེད་པའོ། ཤུབ་བུའི་བཟླས་པ་ནི་སྔགས་སྒྲ་གཞན་གྱིས་མི་ཐོས་བར་བཟླ་བ། རིག་བྱེད་འདོན་པ་ལྟ་བུའི་བཟླས་པ་སྐད་གསང་མཐོན་པོར་བཟླ་བ་སྟེ་རྒྱུད་ལས་ལྔར་བཤད་པ་ཡོད་དོ། སྐབས་འདིར་བསྙེན་སྔགས་ཅི་ཙམ་བཟླས་པའི་ཕྱེད་ཆའི་གྲངས་ཀྱི་སྒྲུབ་སྔགས་ཀྱང་བཟླས་ནས་ཚེ་སྒྲུབ་བྱ་བ་ནི། ཧྲཱིཿ ཚེ་དབང་རིག་འཛིན་པདྨ་འབྱུང་༔ ཞེས་པ་རང་གཞུང་ལྟར་བཏང་མཐར། རྡོར་བཟླས་དང་འགོག་བཟླས་ཡིད་བཟླས་གང་རུང་གིས་ཧྲཱི༔ ཁོ་ན་བཟླ་བའི་འདུན་པ་སྐད་ཅིག་མི་ཡེངས་པར་བྱ། སྐྱོ་ན་ཚེ་བསྙེན་ཅི་ནུས་བཟླས་མཐར་དམིགས་གནད་དང་ལྡན་པས་ཚེ་བསྐུལ་བྱས་མཐར་རྡོ་རྗེ་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་བཏང་ནས། ཧྲཱིཿ མ་བཅོས་སྤྲོས་བྲལ་ཤོ་ལོ་ཀ་གཅིག་དང་། གཞན་ཡང་རིག་འཛིན་སྤྲུལ་པའི་དཀྱིལ་འཁོར་དུ༔ ཞེས་ཤོ་ལོ་ཀས་བསྟོད་ནས་ཡིག་བརྒྱ་ལན་གསུམ་གྱིས་ནོངས་པ་བཤགས་ཤིང་བརྟན་པར་བྱའོ། འདི་ལ་བསྙེན་སྒྲུབ་ཁོ་ནའི་ཚེ་དངོས་གྲུབ་བླང་བ་ནས་བཟུང་རྗེས་ཆོག་ནི་རིམ་པར་ཚང་བར་བྱ་དགོས་པ་ཉིད་དོ། དེ་ཡང་ཚེ་སྒྲུབ་དང་དབང་སྒྲུབ་སོགས་ཀྱི་ཚེ་མདུན་བསྐྱེད་བསྡུ་རིམ་མི་དགོས་ཤིང་། བདག་བསྐྱེད་ཉེར་བསྡུ་ལྷར་ལྡང་བཅས་རྫོགས་ནས་ཐུན་མཚམས་ཀྱི་ལྷའི་ང་རྒྱལ་གྱིས་ལས་གང་རུང་ལ་འཇུག་པའོ། ཚེས་བཅུ་སོགས་དུས་མཆོད་ལྟ་བུ་ལ། ཚེ་བསྐུལ་ཚར་ནས་མཆོད་བསྟོད་རྒྱས་བསྡུས་ཅི་རིགས་ཀྱི་མཐར། བསམ་པ་མྱུར་འགྲུབ་མ་བཏང་ནས། དྲག་པོ་དཔལ་ཆེན་འདུས་པའམ། མིན་ན་རྟ་ཁྱུང་འབར་བའི་རང་གཞུང་ན་གསལ་བའི་སྔོན་འགྲོའི་རིམ་པ་རིག་འཛིན་ལྟར་གྲུབ་རྗེས་དངོས་གཞི་ལྷ་བསྐྱེད་ཀྱི་ཚེ་རིག་འཛིན་ཞི་བའི་ལྷ་ཚོགས་སྐད་ཅིག་གནས་འགྱུར་གྱི་ཚུལ་དུ་དྲག་པོ་རྟ་ཁྱུང་འབར་བའི་སྐུར་གསལ་ཞིང་། གནས་གསུམ་རྡོ་རྗེ་གསུམ་གྱིས་རྒྱས་བཏབ་ནས། སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་འཛབ་བཟླས་བསྟོད། བསམ་པ་མྱུར་འགྲུབ་བཅས་གོང་ལྟར་ལ་སེང་གདོང་མའི་ལྷ་བསྐྱེད་ལ་བབ་ཚེ་རིག་འཛིན་དྲག་པོ་ཡེ་ཤེས་རྡོ་རྗེའི་རྣམ་འགྱུར་སྒྱུ་མའི་ཆོ་འཕྲུལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བདུད་འདུལ་སེང་གེའི་གདོང་པ་ཅན་དུ་བསྒྱུར་ནས་རང་གཞུང་ལྟར་གཙོ་འཁོར་ཡོངས་རྫོགས་བསྐྱེད་པ་ནས་དབང་བསྐུར་རྒྱས་གདབ་སྤྱན་འདྲེན་ནས་བཟུང་སྔ་མ་བཞིན་ནོ། གོང་དུ་ཆོ་ག་སོ་སོའི་མཇུག་ཏུ་མཆོད་པ་བསྡུས་པ་རེ་བཏང་ཞིང་བསྟོད་པ་བྱས་པས་འཐུས་ལ། འདིར་སེང་གདོང་མའི་བསྙེན་སྒྲུབ་ཀྱི་སྔགས་གང་ནུས་བཟླས་མཐར། སྲུང་ཟློག་གི་དམིགས་པ་སྔགས་ཀྱི་ཐལ་རྡེབ་བཅས་གྲུབ་ནས་མཆོད་ཕྲེང་ནི་རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་རྡོ་རྗེ་ལྷ་མོ་བཅུ་དྲུག་པོ་རེ་རེ་ལ་བསམ་གྱིས་མི་ཁྱབ་པ་སྤྲུལ་ཏེ་རིམ་པ་བཞིན་རང་རང་གིས་མཆོད་རྫས་ཀྱི་ཡོ་བྱད་ཕུལ་བས་སྐུ་གསུང་ཐུགས་ཀྱི་རྒྱུད་མཉེས་ཤིང་དམ་ཚིག་ཉམས་ཆག་དག །མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ་མཐར། མཆོད་ལྷ་རྣམས་རང་ཉིད་ཀྱི་ཐུགས་ཀར་བསྡུ་བའོ། དེ་ནས་གོང་དུ་སོང་བའི་ཆོ་ག་སྤྱིའི་ཚོགས་མཆོད་སྟབས་གཅིག་ཏུ་བྱ་བ་ལས། ཚོགས་འཁོར། ཚོགས་མཆོད། དཔའ་བོའི་དགའ་སྟོན་དཔའ་མོའི་དགའ་སྟོན་སོགས་མང་དུ་ཡོད་ཀྱང་། དོན་ལ་དགའ་ལྡན་ལྷའི་ཚོགས། འབྱོར་ལྡན་མིའི་ཚོགས། རྣལ་འབྱོར་ཕོ་མོ་ཡ་བྲལ་དུ་མ་སོང་བ་བསྐྱེད་རྫོགས་ཀྱི་དོན་ཤེས་ཤིང་དམ་ལ་གནས་པ་ཁོ་ན་ལས། ཉམས་ཆག་བཤགས་སྦྱངས་ཀྱིས་སོར་མ་ཆུད་པར་མ་དག་ཚོགས་གྲལ་དུ་འདུས་ན། དཔའ་བོ་མཁའ་འགྲོ་རྣམས་ཚོགས་མཆོད་ལ་ཉེ་མི་ནུས་པའི་སྐྱོན་དུ་འགྱུར་བར་བཤད་དོ། དེས་ན་མངོན་ཤེས་མེད་པས་སྐྱོན་ཅན་ཤེས་པར་མི་འགྱུར་བའི་ཕྱིར་ཚོགས་གྲལ་དུ་འགོད་མ་ཐག་བདེ་གཤེགས་སྤྱི་བཤགས་སོགས་ཀྱིས་ཉམས་ཆག་དག་པར་བྱ་བ་གལ་ཆེ། ལར་ཡང་འཕགས་ཡུལ་དུ་གསེར་སྲང་དྲུག་ཅུའི་རིན་མན་ཆད་ཚོགས་འཁོར་དུ་གཏོང་བའི་སྲོལ་ཡོད་པར་གྲགས་ཀྱང་། བོད་འདིར་ཁམས་དབུས་གཉིས་སུ་ཕྱེ་བའི་ཁམས་འདིར། ཚོགས་ཀྱི་ལག་ལེན་ལ་སྤྲོ་བ་ཡོད་པ་ཡང་དཀོན་ཞིང་། ལ་ལ་ཙམ་ཡོད་ནའང་བརྙས་སྟབས་དང་དེས་ཆོག་ཙམ་ལས་མི་འདུག །བོད་ན་མཆོག་དམན་ཐམས་ཅད་ཚོགས་གྲལ་ལ་སྤྲོ་བ་ཆེ་ཞིང་། སྐབས་དེར་བསྐྱེད་རྫོགས་གདེང་ཐོབ་མིན་ཇི་ལྟར་ཡང་སྔགས་ཀྱི་བརྟུལ་ཞུགས་ལ་འདུན་པའི་ཚུལ་ལས་མི་ཡེངས་པ་ལྟ་བུས་སྣང་བ་འགྱུར་ནུས་པ་ཞིག་ཡོད་འདུག །ལར་ཆོས་ཐམས་ཅད་རྟེན་འབྲེལ་བཟང་ངན་གྱི་རྗེས་སུ་འགྲོ་བ་ཡིན་པས་བསམ་སྦྱོར་ཐམས་ཅད་རྣམ་པར་དག་པ་གལ་ཆེ་བས་ཚོགས་ཀྱི་རྫས་ལ་བརྙས་སྨོད་ཀྱི་མྱང་རེག་སྤང་བ་དང་། ཚོགས་ཀྱི་རྫས་མང་པོ་རང་ཉིད་ཀྱིས་ལོངས་སྤྱོད་འདུན་གྱིས་བསོག་འཇོག་བྱེད་པ་སོགས་ངན་རྟོག་གི་དྲི་མས་མ་གོས་པར་བྱའོ། དེ་ལྟ་བུའི་ཚུལ་གྱི་ཚོགས་མཆོད་འབུལ་བ་ལ། ཚོགས་གསོག་པའི་ཡུལ་རྩ་གསུམ་དམ་ཅན་སྲུང་མ་དང་བཅས་པ་མདུན་མཁར་སྐད་ཅིག་ལ་བྱོན་པར་བསམ་ནས། རིག་འཛིན་གཞུང་ལྟར་ཚོགས་བྱིན་བརླབ་ནས་བཟུང་ལྷག་མ་བཅས་གྲུབ་ནས་སེང་གདོང་མའི་ཚོགས་ཀྱང་སྤྲོ་ན་བྱ་ལ། མ་ལྕོགས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ། སྐབས་འདིར་མ་མགོན་ལྕམ་དྲལ་ཚེ་རིང་མ་བཅས་བཀའ་གཏེར་སྲུང་ཅི་རིགས་བཏང་ནས་ཆད་ཐོ་ནས་བཟུང་བསྔོ་སྨོན་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱ་བ་ཡིན་ནོ། དེ་ལྟར་ཀློང་ཆེན་སྙིང་ཐིག་གི་ཆོ་གའི་འདོན་འགྲིགས་དང་ཆབས་ཅིག་གོ་དོན་གྱི་རིམ་པ་ཅུང་ཟད་ཙམ་བརྗོད་པ་ལས་དཔེ་ཆར་བལྟ་བ་དང་། རྟོག་དཔྱོད་ཞིབ་མོ་མ་འཛོམས་པའི་སྟབས་ཀྱིས་ནོར་འཁྲུལ་སོགས་མཆིས་ན་སྐྱོན་བསལ་གནང་བར་མཛོད། །ཅེས་པ་འདི་ཡང་༧འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་མཛད་པའོ། །དགེའོ། །དགེའོ། །དགེའོ།། །།


previousཀློང་ཆེན་སྙིང་ཐིག་གི་ཆོ་གའི་འགྲིགས་རིམ་དང་དམིགས་འགྲེལ་སྤེལ་མར་བཤད་པ་མུ་ཏིག་འཕྲེང་བ།next