Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐྱབས་མགོན་གྲུབ་པའི་དབང་པོས་བླ་མ་རིན་པོ་ཆེ་འཇིགས་མེད་སྐལ་བ་བཟང་པོ་ལ་གནང་བའི་ལུང་བསྟན།
   
   


 
previousསྐྱབས་མགོན་གྲུབ་པའི་དབང་པོས་བླ་མ་རིན་པོ་ཆེ་འཇིགས་མེད་སྐལ་བ་བཟང་པོ་ལ་གནང་བའི་ལུང་བསྟན།next

སྐྱབས་མགོན་གྲུབ་པའི་དབང་པོས་བླ་མ་རིན་པོ་ཆེ་འཇིགས་མེད་སྐལ་བ་བཟང་པོ་ལ་གནང་བའི་ལུང་བསྟན།

༄༅། །སྐྱབས་མགོན་གྲུབ་པའི་དབང་པོས་བླ་མ་རིན་པོ་ཆེ་འཇིགས་མེད་སྐལ་བ་བཟང་པོ་ལ་གནང་བའི་ལུང་བསྟན་བཞུགས། །

ཤར་ཕྱོགས་ནས་གཡུ་འབྲུག་དགུང་ལ་ཡལ། །ལྷོ་རྒྱ་སྟག་ཚོགས་རང་གནས་ནགས་ན་བོད། །ནུབ་དམར་པོ་རིའི་མཆོད་སྡོང་མས་ནས་སློང་། །བྱང་རི་དྭགས་ཀྱི་རྒྱལ་པོས་རྒྱལ་ས་འཛིན། །ཡུལ་རྨ་ལུང་གི་བྱང་ཐང་ཡངས་པ་རུ། །རོང་ལྷམ་ནག་ཅན་གྱི་ཆགས་བཏབ་ནས། །དབང་ལ་ཨད་ཀྱི་མགོ་བོ་ཟིལ་གྱིས་གནོན། །དེའི་རྐྱེན་གྱི་ཕྱོགས་གཞན་ཀུན་ཀྱང་འདུད། །ཁྱོད་གསོན་དང་གཞོན་ནུ་སྐལ་བ་ཅན། །གནས་སྐབས་སུ་བདེ་སྡུག་སྣ་ཚོགས་པ། །མྱང་བ་ལ་རེ་དོགས་མ་མཛད་དང་། །སྐབས་ཤིག་ནས་དོན་གཉིས་ལྷུན་གྲུབ་འབྱུང་། །འོན་ཀྱང་ནི་འབྱུང་འགྱུར་འདི་ལྟར་ཤར། །སྤྲེལ་ལོ་ལ་བདུད་སྡེ་ཕམ་འགྱུར་ཡང་། །མཁའ་ལྡིང་གིས་རྗེ་མོ་དབྱིངས་སུ་འཁྱེར། །ཁྱི་བཞིན་དུ་ཉུལ་ནས་སེང་གེའི་ཟླ། །ཕག་ངུར་མོ་ཡིས་དབུས་ཀྱི་གསེར་ཏོག་བཅག །བྱི་བ་ཡིས་དྲོད་ཀྱིས་དབུ་རྩེ་འབར། །གླུང་ཁོང་ཁྲོ་ཡི་ར་ཡིས་མི་མཐུན་བཟློག །སྟག་ཟ་བྱེད་ཀྱིས་ཕྱོགས་མཚམས་དོགས་པས་འགེང། །ཡོས་རྗེས་བོ་རུ་རློམ་འགའ་བྱ་ཡིས་འཁྱེར། །འབྲུག་བོད་ཁམས་ལ་སྨན་པའི་རྟེན་འབྲེལ་འགྲིགས། །སྦྲུལ་དུག་ཅན་གྱི་ལྕེ་ཡིས་མ་གཞོམ་ན། །རྟ་སྐད་ཀྱི་གླུ་དབྱངས་དབུས་སུ་ལེན། །ལུག་ལ་བ་ཡི་རྗེས་འགྲོར་ཁྱོད་གྱུར་ཅིག ། ༈ ཡང་གསོན་དང་ཡ་རབ་ཨ་བོ་ལགས། །དུས་རྒྱལ་མོ་ཁྱི་ལོ་ཤར་ཕན་ནས། །སླར་བཅུ་གསུམ་གྲངས་རྫོགས་ཚུན་ཆད་དུ། །མི་མཆོག་དམན་འབྲིང་གསུམ་གོ་ས་འཆོལ། །ཆོས་སྙིང་ནས་སྒྲུབ་མཁན་རྣམས་འགྱུར་བ་མེད། །སྟོད་དབང་ཆེན་གོང་འོག་ལྷ་མིན་གྱིས། །ཡིད་དཀྲུགས་ནས་རྣལ་དུ་ཕེབས་པར་དཀའ། །བར་ཨ་སྐྱོང་ཕྱི་ཟླུམ་ནང་མདོག་ཁྲ། །བར་ཙ་ཏུར་ནི་སྣེལ་མ་བྲེགས་རྗེས་འབྲང་། །དེ་མར་བཟུང་གི་སྡེ་ཕལ་དགྲ་ཟུན་འཆོལ། །གཞན་རྡོ་གསེར་སོགས་ལྷ་འདྲེ་ཁེངས་ལོག་གིས། །བསམ་སྦྱོར་གཉིས་རེས་མཐོ་རེས་དམའ་ངོམ། །སྨད་རྒྱ་རོང་ཡང་དགྲ་གཉེན་ལྷ་མི་སོགས། །བོད་ལོག་གི་སྒྱུ་འཕྲུལ་མིག་མང་རྩེ། །སྟོད་སྡེ་དགེ་ཡང་ལུགས་ཟུང་འདྲ་མིན་ངོམ། །ཧོར་ཁག་རྣམས་རང་ཕུང་རང་བརླག་བརྩོན། །འོན་ཀྱང་ནི་སློབ་དཔོན་པདྨ་ཡི། །ཐུགས་རྗེ་ཡིས་བསྐུལ་བའི་རྣལ་འབྱོར་པ། །འགའ་འགའ་ཡིས་ཕན་བདེར་སྦྱོར་ཡང་སྲིད། །མདོར་ཁྱོད་རང་ཤོགས་པ་སུ་གང་ཞིག །གཞན་གནོད་ལས་བཤོལ་ན་སྒོས་སུ་བདེ། །དུས་ད་ནས་ཆོས་དང་འཇིག་རྟེན་ཟུང་། །དུས་སྔོན་དང་མཚུངས་དཀའ་འགྱུར་ལྡོག་མང་། །སྟེང་མཁའ་དབྱིངས་ཀློང་ནས་གནམ་ལྕགས་དང་། །མེ་ཆར་སོགས་དུས་མིན་འབབས་ཀྱང་སྲིད། །ས་གཞི་ཡང་གཡོ་དང་ས་སྒྲ་དང་། །ས་འཇིག་དང་ཆུ་ལོག་མང་དུ་འབྱུང་། །འབྱུང་བཞི་པོ་ཆ་མི་སྙོམས་པའི་རྒྱུས། །བཙའ་སད་དང་ཐན་པས་ལོ་གོ་ཉེས། །ཡུལ་འབྲོག་སོགས་ཁྱད་མེད་ཡོངས་ལ་གནོད། །དེར་ཕན་ངེས་ཀྱི་རིམ་གྲོ་སྨན་བླ་དང་། །བཀའ་ཐང་དང་ལེའུ་བདུན་བསམ་ལྷུན་འབུམ། །སྒྲོལ་མ་འབུམ་ཐུབ་པའི་མཚན་བརྗོད་འབུམ། །གླིུང་བཞི་ཡི་སྤྱི་མདོས་ཁེངས་ལོག་མདོས། །བྱ་སྟོན་དང་བྱིས་པར་སྟོན་མོ་དང་། །སྤྲང་སྦྱིན་དང་སྲོག་བླུ་སྡིག་གཅོད་དང་། །ཟོ་ཏོར་ཀུན་མཉེས་པའི་ཐབས་ལ་བརྩོན། །ཚུལ་དེ་ལྟ་བུས་རང་གཞན་ཡོངས་ལ་ཕན། །ཁྱོད་རེ་ཞིག་ནས་པད་འབྱུང་གིས་བསྐུལ་ནས། །ཆོས་སྙིང་ནས་སྒྲུབ་འདོད་བློ་སྐྱེས་ཚེ། །བློ་རྩེ་གཉིས་སྤོངས་དང་དོན་ཆེན་འགྲུབ། །སྐྱབས་མཆོག་གསུམ་བདེན་པའི་མཐུ་སྟོབས་ཀྱིས། །ལུང་བསྟན་ཚད་ཀུན་དགེ་བའི་བཀྲ་ཤིས་ཤོག ། ༈ ཀུན་གསལ་གྱི་མདོག་གི་མིང་ས་རུ། །ཨ་ཟུང་ལྡན་གྱི་སྡེ་དགོན་ཆགས་ཀྱང་སྲིད། །དེའི་ཡུལ་དུ་པྲི་ཏ་སར་སོགས་དར། །ཁྲོ་གསེར་ཟུང་འཁྲུགས་པས་ཉེས་མེད་འགའ། །སྐྱོན་ཅན་དུ་འགྲོ་བའི་འདུམ་དབེན་ལྟོས། །མགོ་ལོག་ཕུ་པ་དེ་ཕྱི་ལ་སྙེག ། འབུམ་གཉིས་ལ་གསར་རྙིང་འདྲེས་ལམ་འཚོལ། །བར་ཙ་ཏུར་ལུགས་ཟུང་ཟླ་བ་སྤེལ། །སྨད་འཛི་མདོ་ནས་དབང་བར་བླ་གཟུགས་འགའ། །ལྔ་ལམ་དུ་ཞུགས་ནས་གཤེད་དུ་འཆོལ། །རྗེ་ཧཱུཾ་ནག་གི་སྤྲུལ་པས་ཟིལ་གྱིས་གནོན། །སྐྱིད་ཚལ་དུ་པདྨའི་བྱིན་རླབས་འཕོ། །མགོ་ལོག་འགོང་པོའི་ཁ་དར་བ། །དེ་ཚེ་དེ་ཡི་ཁ་གནོན་འགྱུར། ༈ ན་མོ་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧོ། སྐུ་གསུམ་ཞིང་ཁམས་ཀྱི་རྒྱལ་བ་རྒྱ་མཚོ་ཡི། །མཁྱེན་བརྩེ་ནུས་པ་ཡི་སྤྱི་གཟུགས་པདྨ་སྐྱེས། །གང་དང་དབྱེར་མེད་རྗེ་འཇིགས་མེད་གླིང་པའི་མཐུས། །རྟེན་འབྲེལ་བདེན་པ་འདི་ཡོངས་སུ་དགེ་བར་མཛོད། །ལེགས་པར་གསན་མཛོད་དང་སྐལ་བཟང་གདུལ་བྱའི་ཚོགས། །ཁོ་བོ་བགྲང་བྱའི་ཁུར་སྤུངས་པས་སྒོ་གསུམ་རིབ། །འདུ་བ་འཁྲུགས་རྐྱེན་གྱིས་རླུང་སེམས་བག་མི་ཕེབས། །དེ་ཕྱིར་རྟེན་འབྲེལ་གྱི་བརྟགས་པའང་དེ་རྗེས་འབྲངས། །འོན་ཀྱང་མི་དབང་རྗེ་དཔང་དུ་བཞག་ནས་སུ། །རྗེ་བཙུན་དབང་མོ་ཡི་བཀའ་ཕེབས་དང་བླངས་ནས། །འབྱུང་འགྱུར་ལུང་བསྟན་གྱི་རི་མོ་འདི་བཞིན་ངོམ། །མེ་གླང་ལོ་ཤར་ནས་དུས་ངན་མགོ་ཚུགས་ཀྱང་། །སྔུ་ཕྱིའི་འགྱུར་གཉིས་ཀྱི་རྣམ་འདྲེན་བསྟན་འཛིན་འགའི། །ཐུགས་རྗེའི་ནུས་སྟོབས་ཀྱི་ཅུང་ཟད་སྐྱོབ་བམ་སྙམ། །དེ་ལྟར་ཡིན་མོད་ཀྱང་ལྷ་དང་ལྷ་མིན་སྡེ། །རྩོད་ཅིང་ཕམ་རྒྱལ་གྱི་ཆོ་ལོ་འགྱེད་གྱུར་ན། །མི་རྣམས་དགེ་བཅུ་སོགས་རྣམ་དཀར་སྤེལ་བ་དང་། །བསོད་ནམས་མ་ཡིན་པའི་ལས་ངན་རྒྱུ་སྤངས་ན། །ལྷ་རྣམས་རྒྱལ་འགྱུར་ཞིང་ལྷ་མིན་ཕམ་ནས་སུ། །མི་རྣམས་བདེ་སྐྱིད་ལ་སྤྱོད་པར་ངེས་ན་ཡང་། །དེང་དུས་སྙིགས་མ་ཡི་བསམ་སྤྱོད་མཐུ་ཆེ་བས། །མཆོག་དམན་གང་ཐད་ནས་རང་ཚུགས་ལྷོད་གྱུར་པས། །བཟང་ངན་རབ་འབྲིང་དང་ཐ་མ་གོ་ལོག་ཅིང་། །བག་མེད་བབ་ཅོལ་གྱི་སྤྱོད་པ་ཁྲ་བོའི་གཟུགས། །དབུས་གཙང་ཁམས་གསུམ་དུ་འབྱུང་བས་ཁམས་རེ་འདུས། །རུ་བཞིའི་བོད་ཆུང་ངུར་གོ་ལོག་སྣ་ཚོགས་འབྱུང་། །ཁྱད་པར་གཙང་ཡུལ་དུ་ཡ་གའི་འབྱུང་བྱ་དགོད། །རྐྱེན་གྱིས་བྱ་རིགས་འགའ་བྲེལ་བཞིན་བྱེར་ཞིང་འདུ། །ཤར་ངང་པའི་ཁྱུ་རྒྱ་ཁྲས་བྲེལ་ཞོག་སློང་། །བྷོ་དྲའི་ཡོངས་རྟགས་ཀྱི་མཆོད་སྡོང་མས་ནས་སློང་། །རྐྱེན་དེས་དགའ་སྐྱོ་ཡི་མིག་མང་ཅིར་ཡང་རྩེ། །ཁྲིམས་ཀྱི་ལས་འཛིན་འགའ་འཕྱང་མོ་ཉུག་འགྱུར་ཞིང་། །དཀར་ནག་ཁྲ་གསུམ་གྱི་མངོན་རྟོགས་སྣ་ཚོགས་ངོམ། །རང་སྡེའི་མི་དབང་གི་ཙ་ཏུར་མུ་ཁ་ཡང་། །བགྲང་བྱ་ཆུ་ཕོ་ཡི་འབྱུང་བ་ཡོལ་ཚུན་དུ། །བསམ་གཏན་བཞི་པ་ཡི་ཏིང་ངེ་འཛིན་བསྒོམ་ནས། །ལྷ་མའི་སྡེ་ཟུང་འདྲ་ངལ་བ་ཐོབ་ནས་སླར། །ཕན་བདེའི་རྒྱུ་འབྲས་ལ་འབད་ཅིང་རྩོལ་སྒྲུབ་བྱེད། །མཆོག་དམན་ཕལ་མོ་ཆེ་ཆགས་སྡང་རྨོངས་རྗེས་འབྲང་། །སླར་ཡང་ཆུ་ལྷའི་ཕྱོགས་འབྱོན་བཞེད་གང་བབས་ཀྱང་། །རྟེན་འབྲེལ་ཐོག་ཁེལ་དུ་འགྱུར་མིན་ཤོ་རྩེ་བཞིན། །དེ་ཕྱིར་གདན་ཁྲི་དང་མི་འབྲལ་གལ་ཆེན་གནད། །རྒྱལ་པོ་ཡ་རབས་ཀྱི་མྱུ་གུ་སྔོན་དང་རྗེས། །ཞབས་བརྟན་རིམ་གྲོ་ཡི་སྲུང་མ་དཔུང་བསྐྱེད་ན། །ཉེར་འཚེ་མང་འགྱུར་ཡང་དེ་དབང་འགྲོ་བ་མིན། །རྗེ་བཙུན་ཕན་བདེ་ཡི་འབྱུང་གནས་མ་ཎི ཀ། །བགྲང་བྱ་སོ་བདུན་གྱི་གྲངས་སུ་སླེབ་ཚུན་དུ། །ཀེག་འཚེ་ཕྲན་བུ་ུའགའ་འདུག་ཀྱང་མི་དོགས་ཏེ། །ཞབས་བརྟན་རིམ་གྲོ་ཡིས་རིམ་བཞིན་བཟློག་པར་ངེས། །ལུགས་ཟུང་དཔལ་ཡོན་གྱི་འབྱུང་གནས་རྒྱལ་ཁབ་དེར། །རྒྱལ་ཁབ་སྔོན་ཡོད་ཀྱི་ལུགས་སྲོལ་ཇི་བཞིན་དུ། །ཕན་བྱེད་ལྷ་མཆོད་ཅིང་གསོད་བྱེད་འདྲེ་བཀར་ན། །མགོ་ཞབས་ལུས་ཚུད་ལྟའི་ལུགས་མཐུན་འབྱུང་མོད་ཀྱང་། །མཆོག་སྦྱིན་ཡུལ་གཉིས་ཀྱི་གོ་ས་ལོག་གྱུར་ན། །ཡུལ་དེར་དར་རྒུད་དང་གང་སྟོང་སྣ་ཚོགས་འབྱུང་། །དེ་ཕྱིར་སྔོན་དར་གྱི་ལུགས་ཟུང་རྗེས་འགྲོ་གལ། །རྒྱལ་ཁབ་ཆེན་པོ་དེའི་ཁྲིམས་སྲུང་རྒན་རབས་དང་། །མཁྱེན་ལྡན་འགྱུར་མེད་ཀྱི་རིགས་ལྡན་སུ་ཡང་རུང་། །གཞན་གནོད་རྒྱུ་བཅས་ལ་མི་དགའ་ཕན་སེམས་ལྡན། །རྒྱལ་ཁྲིམས་ཟས་ནོར་ལ་མི་བཙོང་གཡོ་རུ་ཟུང་། །གཟུ་བོའི་བློ་ལྡན་འགའ་གབ་སྦས་ཚུལ་མཆིས་སྲིད། །དེ་དག་རྒྱལ་པོ་ཡི་ཞབས་འབྲིང་བྱེད་གྱུར་ན། །རྒྱལ་སྲིད་མི་ཉམས་ཤིང་ཡུན་རིང་བརྟན་ངེས་ལགས། །སྤྱིར་ཡང་རྒྱལ་ཁབ་དེར་བཟང་ངན་བདེ་དོགས་ལན། །མཐུན་མིན་ལ་སོགས་པ་རེ་འགའི་མངོན་རྟོགས་སྟོན། །མཐོ་དམན་འབྲིང་གསུམ་ཡང་དེ་རྗེས་འགྲོ་ངེས་ཤིང་། །ལ་ལ་གཞན་དག་ལ་མི་དགའ་ནང་དུ་གྱུ། །དེར་ཡང་ཅི་ཞིག་ན་དེ་ལ་ཐེ་ཚོམ་ནས། །རབ་སོ་གཉིས་པ་ཡི་ཆུ་ཁར་ཕྱིན་ལྟར་འགྱུར། །འགའ་ཞིག་ཁ་ཞེ་གཉིས་མི་མཚུངས་སོ་སོ་ཡང་། །ནན་གྱིས་མཚུངས་འདྲ་ཡིས་མངོན་རྟོགས་བཅོས་ནས་སུ། །རྒྱལ་ཁྲིམས་འཇིགས་པ་ཡི་སྔོན་རྒྱུག་རྒྱབ་རྟེན་བྱེད། །དེ་འདྲའི་སྤྱོད་ལམ་དང་རྣམ་འགྱུར་དཔྱོད་དང་ནི། །རྒྱལ་ཁྲིམས་ཉམས་བྱེད་ཀྱི་འགོང་པོ་མིར་བརྫུས་ཡིན། །དེ་དག་ཐབས་མཁས་ཀྱི་སྤྱོད་པས་མ་བཏུལ་ན། །ཞབས་འོག་རྡེལ་འཕར་ནས་སྤྱན་ལ་ཕོག་གིས་དོགས། །དེ་ཕྱིར་ཉེ་འཁོར་ན་བརྟགས་ཞུས་ཕན་བྱེད་གལ། །ས་སྟག་ས་ཡོས་ཀྱི་གནམ་ལོ་ཤར་ཕན་ནས། །བགྲང་བྱ་དྲུག་བདུན་ཚུན་ཆབ་འབངས་གཞན་བྱེད་ཀུན། །རང་ཡུལ་ལྐོག་གྱུར་དཔེ་ར་ཡིག་གཉིས་པའི་ཁྱུས། །པུཥྤའི་ཚལ་ཆེན་ལ་དགའ་བཞིན་འཇུག་འདོད་ཀྱང་། །རང་ཉིད་ཐབས་མཁས་སུ་མ་གྱུར་གཞན་དུ་འབྲོས། །དེ་ཕྱིར་ཐབས་མཁས་ཀྱི་སྤྱོད་པས་སྲིད་སྐྱོང་འཚལ། །མ་ཧཱ་ར་ཛ་ཉིད་བྱམས་བརྩེའི་ཐུགས་ལྡན་ཡང་། །གསར་སྐྱེས་ཞབས་འབྲིང་རྣམས་རང་སྡེ་མནར་ཆེ་བས། །མི་ཁ་གཏམ་ངན་གྱི་རླུང་གིས་གཞན་ཡུལ་ཕལ། །ཁྱབ་འདི་རང་ཞབས་ཀྱི་ཟ་འདོད་ལ་ལས་བྱས། །དེ་དག་མི་ཁ་ཡི་སྣ་འདྲེན་འགོང་ཐེལ་ཡིན། །མདོར་ན་རྒྱལ་བསྟན་དང་རྒྱལ་ཁྲིམས་རྣམ་པ་གཉིས། །མི་ཉམས་བྱེད་པོ་དེ་ཕན་བདེའི་འབྱུང་གནས་ཡིན། །ད་ལྟ་ལྟོ་འགྲོ་ཡི་སེམས་ལྡན་ལྕེ་གཉིས་པ། །ཁ་དཀར་སྙིང་ནག་གིས་ངོ་བསྟོད་ལྐོག་སྨད་རིགས། །འདྲེ་སྲིན་བྱུར་གསུམ་པོ་མི་ཁོག་ཞུགས་པ་ཡིན། །དེ་ཕྱིར་དེ་རིགས་ཀུན་ལྡང་མེད་བྲོ་རྒྱས་ཐོབ། །མདོར་ན་གཞན་དག་ལས་ཕྲོགས་པའི་ཟས་ནོར་གྱིས། །དཀོན་མཆོག་མཆོད་པ་དང་རྒྱལ་པོར་སྲི་ཞུ་བགྱིད། །འདི་དག་བུ་བསད་ནས་ཕ་མ་གསོ་དང་མཚུངས། །དེ་ཕྱིར་ཚུལ་མིན་གྱི་སྤྱོད་པ་བྱེད་པ་ཀུན། །ལྟ་སྣང་མཛེས་མོད་ཀྱང་ཐེའུ་རང་འགོང་པོའི་སྡེ། །ཡིན་ཕྱིར་དེ་དག་ཀྱང་རིང་དུ་བསྐྲད་པ་གཅེས། །ཆོས་སྲིད་བསྟན་པ་ཡི་མངའ་བདག་ས་དབང་མཆོག །འཕགས་མཆོག་མི་རྗེ་ཡི་རྡོ་རྗེ་འཛིན་པ་གང་། །ཞབས་པད་བརྟན་བྱེད་ཀྱི་རིམ་གྲོའི་གཙོར་གྱུར་པའི། །འགལ་སྤོང་འཕྲོད་བཞེས་ཀྱི་ཐབས་དང་རྟེན་འབྲེལ་རིགས། །ལོགས་སུ་གསལ་བ་ལ་དགོངས་པ་ཞིབ་འཇུག་འཚལ། །གཞན་ཡང་ཤར་ཕྱོགས་ཀྱི་རྒྱ་སྟག་ཚང་འགྲོགས་ནས། །བོད་ཡུལ་ཕལ་མོ་ཆེ་ཉུལ་ཞིང་ཕན་གནོད་རྩོམ། །རྐྱེན་དེས་མཆོག་དམན་འགའ་དགའ་སྐྱོའི་ཉམས་མྱོང་སྟོན། །ལྷོ་ཕྱོགས་རིགས་འཚོལ་གྱི་གཅན་གཟན་སྣ་ཚོགས་ཁྱུ། །བྱང་ཕྱོགས་རི་དྭགས་སྡེ་ཟ་ཕྱིར་རློམ་སེམས་སྐྱེ། །ནུབ་ཕྱོགས་ལུགས་ཟུང་ཆོས་མཛེས་པའི་ཐགས་བྲན་ཡང་། །རང་དབང་མ་གྱུར་རྗེ་གཞན་དབང་སྟོབས་ཀྱིས་འབྲེག །བྱང་ཕྱོགས་ཙི་ན་དང་ཡོ་འགེལ་སྟོབས་འགྲན་པའི། །གཡུལ་གྱི་ཕྲུ་མ་རེ་བོད་ལ་འདེབས་ཀྱང་སྲིད། །བོད་ཡུལ་རུ་བཞི་ལ་སྔར་མེད་ལུགས་ཟུང་ཆོས། །དར་ཞིང་དགའ་སྐྱོ་དང་བདེ་སྡུག་འཆོལ་བར་མངོན། །མངའ་རིས་སྐོར་གསུམ་ལ་གསར་རྙིང་སྡེ་འདྲེས་ཤིང་། །གྲུབ་ཐོབ་སྣ་ཚོགས་ཀྱིས་ཚོས་མདོག་ཐགས་མང་བྲན། །དཔལ་ལྡན་ས་སྐྱ་ས་གསར་རྙིང་ལྗོན་ཚོགས་རྒྱས། །ངོར་བ་རྡོ་བརྐོས་ཀྱི་རི་མོ་བསུབས་མེད་བརྟན། །དགེ་ལུགས་ཚུར་མཐོང་གི་ཆོས་བརྒྱད་འཇའ་ལྟར་བཀྲ། །བཀའ་བརྒྱུད་ཡ་བཞི་ཡི་ཆུ་མགོ་གངས་དང་འབྲེལ། །རྙིང་མ་གཞན་ཕན་གྱི་ཕྲིན་ལས་སྐྱབས་ཀྱང་རྒྱས། །བོན་སྡེ་གཏེར་རྫས་ལྟར་སྦས་ཀྱང་རང་རྡོལ་འབྱུང་། །དེ་དག་ཐམས་ཅད་དང་འཁོན་མེད་རྟོགས་འགྱུར་གནད། །མ་ཅིག་ལབ་སྒྲོན་གྱི་གཅོད་གཞུང་མདོ་སྔགས་རྙིང་། །ཉི་ཟླ་ཇི་བཞིན་དུ་དུས་མཐའི་འགྲོ་ཁམས་ཁྱབ། །ཞི་བྱེད་གཏེར་རྫས་ལྟར་སྦས་ཀྱང་ནམ་ཞིག་མངོན། །གཏེར་ཆོས་ས་རྡོ་ལྟར་ལོད་ཀྱང་འབྲས་མེད་མིན། །འོན་ཀྱང་བརྗོད་བྱ་དང་རྗོད་བྱེད་འགལ་བ་ཕལ། །མཁྱེན་ལྡན་དམ་པ་ཚོས་དབྱེ་བསལ་ལོས་རེ་བྱེད། །གླིུང་ཚང་དབྱར་ཆབ་བཞིན་སྣོན་ཕྲི་མང་གྱུར་ཀྱང་། །རེས་འགའ་ཙམ་ལས་ནི་མི་སྟོང་གང་བ་སླ། །ཅི་ཞིག་ལྟར་དཔེ་ན་ལུགས་ཟུག་ཟླ་བྲལ་སྲིད། །ཉག་རོང་སྟོད་སྨད་འགའ་ལྟག་ཆུ་ཆད་པའི་རྫིང་། །སྣོན་པ་དབེན་གྱུར་ན་རིམ་གྱིས་བྲི་ཞིང་ཉམས། །མགོ་ལོག་ཡུལ་ལྗོངས་འགའ་ནགས་ཚལ་ཞུགས་བསྲེགས་ཀྱི། །དཀྱིལ་བསྟིའི་གཅན་གཟན་ཁྱུ་སྡེར་ངོམ་ངར་བསྐྱེད་བཞིན། །ཅི་ཞིག་ལྟར་དཔེ་ན་རང་བྱས་རྣམ་སྨིན་གྱིས། །རང་ཉིད་རྒྱར་ཚུད་དེ་ཅི་བྱར་གཏོལ་མེད་འགྱུར། །དབལ་ཤུལ་ཁག་གསུམ་པོ་ཁྱོ་མེད་སྒེག་མོའི་ཁྱུར། །འབྱོར་བ་ལོངས་སྤྱོད་ཀྱི་དཔལ་དང་ལྡན་ན་ཡང་། །མཆོག་དམན་རབ་འབྲིང་སུས་བདག་གིར་བྱེད་སྙམ་ན། །ཅི་ཞིག་ལྟར་དཔེ་ན་གདུང་བརྒྱུད་གོང་མའི་སྡེའི། །དབང་མེད་ཧ་པྲ་རུ་འཕྲད་ལྟར་གྱུར་ཙ་ན། །ཕྱོགས་གསུམ་དགའ་སྐྱོ་ཡི་རྣམ་འགྱུར་ཅིར་ཡང་ངོམ། །རྒྱལ་རོང་རྒྱལ་ཁབ་ཀུན་མཆོག་དམན་དར་རྒུད་ཀྱི། །མངོན་རྟོགས་མང་བྱུང་ཡང་རང་ཚུགས་མ་ཤོར་ཙམ། །རིན་ཆེན་དང་པོ་ཡི་མིང་འཛིན་ཡུལ་འདི་རུ། །གོ་ལོག་སྣ་ཚོགས་ཀྱི་ཆོ་འཕྲུལ་འབྱེད་སྐྱོན་གྱིས། །རང་ཕུང་རང་བརླག་གི་མངོན་རྟོགས་མང་བྱུང་ཡང་། །མི་དཔོན་ཕལ་མོ་ཆེར་ཡུལ་ལྷས་སྐྱོབ་པའི་ཕྱིར། །རེ་ཞིག་སྐྱོན་མེད་ཙམ་འབྱུང་མོད་འོན་ཀྱང་ནི། །རང་མགོ་ཅི་ཐོན་གྱི་བསམ་སྤྱོད་མང་གྱུར་ན། །ཕལ་ཆེར་གཞན་དབང་དུ་འགྱུར་བ་གདོན་མི་ཟ། །སྦྱིན་བདག་པེ་རི་ཞེས་འབོད་པའི་དཔོན་སྡེ་ཟུང་། །ལྟག་ཆུ་འབྲེལ་བ་ཡི་ཆུར་གནས་མཆོག་དམན་བཞིན། །རེ་ཞིག་བདེ་བ་ལྟར་སྣང་ཡང་ཅིི་ཞིག་ཕན། །སྔོུན་ལས་སྨོན་ལམ་གྱིས་བསྡུས་པའི་སྐྱེ་བོ་འགའ། །བསམ་སྤྱོད་མི་གཟོབ་པའི་ངང་ནས་མི་རྗེའི་ཐུགས། །དཀྲུགས་ན་དེའི་རྐྱེན་གྱིས་ཅིར་འགྱུར་ཤེས་པ་དཀའ། །འོན་ཀྱང་སྔོན་བཞིན་དུ་མཆོག་གསུམ་སྐྱབས་བསྟེན་ནས། །དགེ་སྒྲུབ་སྡིག་སྤོང་གི་བླང་དོར་མ་ནོར་བཞིན། །དཔོན་སྡེ་གོ་ལོག་གི་སྲོལ་ངན་མ་དར་ན། །སྐྱོན་ཆེན་མི་འབྱུང་ངམ་སྙམ་ཡང་སོམ་ཉི་ཡོད། །མ་ཟུར་ཁང་གསར་གཉིས་མི་སྙན་ཆེ་མོད་ཀྱང་། །རང་ཕུང་རང་བརླག་གི་ཐབས་ལ་བརྩོན་སྐྱོན་གྱིས། །གོ་ལོག་སྣ་ཚོགས་ཀྱི་མཐའ་རྟེན་ཅི་འགྱུར་འོང་། །རྗེ་བོ་བཟང་ངན་རང་སྐྱིད་སྡུག་རེས་མོས་ལྟར། །དཔོན་སྡེ་མཐོ་འགྲན་གྱི་སྤོབས་པ་སྐྱེས་གྱུར་ན། །མཆོག་དམན་གཉིས་ཟུང་ལ་གནོད་དམ་འཕྱང་མོ་ཉུག །བྲག་མགོའི་རྒྱལ་ཁབ་ཏུ་ལུགས་ཟུང་རིས་གཅོད་ཀྱི། །ལྟོ་འགྲོའི་སེམས་ལྡན་འགའ་དཀར་ནག་ལྕེ་གཉིས་རྐྱོང་། །རྐྱེན་དེས་ལུགས་ཟུང་སྡེ་དཀར་ནག་ཁྲ་བོར་འགྱུར། །དེ་ལྟའི་བྱེད་པོ་ཡི་མི་གཙང་རུམ་དུ་ཚུད། །ནང་མི་ལ་ལ་ཞིག་བློ་ཡིད་ཕྱིར་འཕྲོ་ཡང་། །ལུས་པོ་ནང་གནས་བཞིན་བྱ་བ་སྣ་ཚོགས་བརྩོན། །ཕྱི་མི་འགའ་འགའ་ཞིག་གཡོ་སྒྱུའི་བཟང་རྫུ་ཡིས། །ནང་དུ་གནས་གྱུར་ཀྱང་ལྷ་མིའི་སྡེ་ལ་གནོད། །རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་ཕ་ཕ་ཕི་ཕི་དང་། །མ་མ་མི་མི་དང་ཉ་ཉ་ཉི་ཉིའོ། །སྤྱིར་ཡང་དུས་ངན་གྱི་མངོན་རྟོགས་དེ་ལྟར་ཡང་། །སྐྱོབ་བྱེད་ནུས་མཐུ་ཅན་གཞན་ན་མེད་མོད་ཀྱང་། །སྙིགས་དུས་སྐྱོབ་པའི་ལྷ་པད་འབྱུང་འགྲོ་བའི་མགོན། །ཡིན་ཕྱིར་དེ་ཉིད་ལ་རྒྱལ་བ་རྒྱ་མཚོ་ཡི། །མཁྱེན་བརྩེ་ནུས་གསུམ་གྱི་དཔལ་ཡོན་མངའ་བས་ན། །གང་དེའི་གསང་གསུམ་གྱི་རྟེན་མཆོག་གསར་བཞེངས་དང་། །ཚེས་བཅུ་རྒྱུན་འཛུགས་དང་གང་དེའི་རྣམ་ཐར་ཆོས། །བྷོ་ཊར་གང་དར་དུ་བཞེངས་ཤིང་མང་དུ་ཀློགས། །ལེའུ་བདུན་འབུམ་ཕྲག་དང་བཛྲ་གུ་རུ་དང་། །དུང་ཕྱུར་མང་པོ་ཡི་གསུང་སྒྲོག་སྐུལ་མ་གདབ། །སྟོན་པ་ཐུབ་པ་ཡི་མཚན་བརྒྱ་རྩ་བརྒྱད་དང་། །དེ་བཞིན་སྒྲོལ་མ་དང་སྤྱན་རས་གཟིགས་དབང་གི །མཚན་བརྒྱ་རྩ་བརྒྱད་ཀྱང་མང་དུ་སྒྲོགས་པ་གལ། །སྤྱིར་ཡང་ས་དགེ་དང་བཀའ་བརྒྱུད་པ་རྣམས་ཀྱིས། །སོ་སོ་རང་རང་གི་རྩ་གསུམ་ཆོས་སྐྱོང་ལ། །བསྐང་བ་མངའ་གསོལ་དང་བསྐང་མདོས་མཆོད་མདོས་ཟབ། །རྙིང་མའི་བཀའ་བརྒྱད་དང་དགོངས་འདུས་ཕུར་བ་དང་། །གུ་རུ་ཞི་དྲག་དང་རྟ་ཕྱག་ཁྱུང་གསུམ་བཅས། །ཕག་ཁྲོས་སེང་གསུམ་སོགས་སྒྲུབ་ལ་བརྩོན་པ་བསྐྱེད ། །གཞན་ཡང་གསར་རྙིང་དང་གཤིན་བོན་ལ་སོགས་པའི། །མཆོད་མདོས་བསྐང་མདོས་དང་བཟློག་མདོས་སྣ་ཚོགས་གཏོང་། །གཞན་ཡང་བཀའ་གཏེར་དང་མདོ་སྔགས་མན་ངག་ལས། །བྱུང་བའི་རབ་འབྱམས་ཀྱི་ཕྲིན་ལས་སྣ་ཚོགས་ཀུན། །ཕྱོགས་རིས་མེད་པ་ཡི་སེམས་ཀྱིས་བསྒྲུབ་པར་བྱ། །དེ་ལྟར་བྱས་གྱུར་ན་ཕན་བདེའི་མངོན་རྟོགས་གཟུགས། །མངོན་སུམ་མཐོང་བ་ལ་ཐེ་ཚོམ་མི་དགོས་སོ། །མཆོག་གསུམ་རྩ་གསུམ་དང་ཆོས་སྐྱོང་བདེན་མཐུ་དང་། །བདག་གི་ལྷག་བསམ་གྱི་ནུས་པའི་སྟོབས་དག་གིས། །རྒྱལ་ཁམས་ཀུན་བདེ་ཞིང་རྒྱལ་བསྟན་དར་ཞིང་རྒྱས། །རྒྱལ་བའི་ཕྲིན་ལས་ཀྱིས་འགྲོ་ཁམས་ཡོངས་སྨིན་ཤོག


previousསྐྱབས་མགོན་གྲུབ་པའི་དབང་པོས་བླ་མ་རིན་པོ་ཆེ་འཇིགས་མེད་སྐལ་བ་བཟང་པོ་ལ་གནང་བའི་ལུང་བསྟན།next