Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
བློ་སྦྱོང་མ་ལིའི་ཕྲེང་བ་སེམས་ལ་རྟོགས་དཔྱོད་སྣ་ཚོགས་གསལ་བའི་མེ་ལོང་བཞུངས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousབློ་སྦྱོང་མ་ལིའི་ཕྲེང་བ་སེམས་ལ་རྟོགས་དཔྱོད་སྣ་ཚོགས་གསལ་བའི་མེ་ལོང་བཞུངས་པ།next

བློ་སྦྱོང་མ་ལིའི་ཕྲེང་བ་སེམས་ལ་རྟོགས་དཔྱོད་སྣ་ཚོགས་གསལ་བའི་མེ་ལོང་བཞུངས་པ།

༄༅། །བློ་སྦྱོང་མ་ལིའི་ཕྲེང་བ་སེམས་ལ་རྟོགས་དཔྱོད་སྣ་ཚོགས་གསལ་བའི་མེ་ལོང་བཞུངས་པ་ལེགས་སོ། །

དུས་གསུམ་སངས་རྒྱས་བླ་མ་དམ་པའི་ཆོས། །འཕང་པའི་དགེ་འདུན་སྐྱབས་གྱུར་ཐམས་ཅད་ལ། །བདག་གིས་གཙོར་བྱས་མ་རྒན་འགྲོ་བ་རྣམས། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིའོ། །བློ་གྲོས་རབ་ལྡན་དཔལ་ལྡན་སྐྱེས་བུ་ལ། །བློ་ངན་བདག་གིས་ཚིག་གཅིག་ཞུ་བ་སྤོབ། །བློ་ངན་དམན་པའི་བདག་དང་བདག་འདྲ་ལ་བློ་ལ་འཛིན་པའི་ཁ་ཏ་ཚིག་གསུམ་བཤད། །བློ་ཕུགས་གཏན་ནས་མི་བསླུ་དཀོན་མཆོག་ཡིན། །བློ་ཆོས་སོང་པའི་མི་རྣམས་ཐམས་ཅད་ཀུན། །བློ་ཆོས་དེ་བས་ལྷག་པ་གཞན་ན་མེད། །བློ་རབས་ཕྱི་མར་མཁོ་བ་དམ་པའི་ཆོས། །བློ་འབྲིང་ཚེ་འདིར་མཁོ་པ་བུ་ནོར་ཟས། །བློ་མཐའ་འདི་ཕྱི་གཉིས་སྡུག་ཕྱོ་རྒྱུ་ཁྲམ། །བློ་ཡུག་ཆོས་ལ་གཏད་ན་ཕོ་རབས་ཡིན། །བློ་ཕུག་རྒྱུ་ལ་གཏད་ན་ཕོ་འབྲིང་ཡིན། །བློ་ཕུག་རྐུས་ལ་གཏད་ན་ཕོ་མཐའ་ཡིན། །དཀོན་མཆོག་སྤྱི་བོར་ཁུར་བའི་མི་དང་གཅིག །ལས་དང་རྒྱུ་འབྲས་རྩི་བའི་མི་དང་གཉིས། །མི་ཚེ་ཆོས་ལ་བསྐྱལ་བའི་མི་དང་གསུམ། །གཏན་བདེ་ཕྱི་མར་སྐྱིད་པའི་མི་གསུམ་ཡིན། །འབྲི་ཀློག་ཡོན་ཏན་ཤེས་པའི་མི་དང་གཅིག །དཔའ་འཛངས་མཁས་གསུམ་འཛོམ་པའི་མིདང་གཉིས། །བཙན་ཕྱུགས་འཕན་གསུམ་འཛོ་པའི་མི་དང་གསུམ། །ཚེ་འདིར་མི་ཡི་སྨོན་པའི་མི་གསུམ་ཡིན། །བཙན་པོ་ཁེ་ཏྲག་ཅན་གྱི་བུ་དང་གཅིག །ཕྱུག་པོ་ཕན་ཐོག་ཅན་གྱི་བུ་དང་གཉིས། །སྨན་པ་སྲོག་སྐྱོབས་བྱེད་པའི་བུ་དང་གསུམ། །ཀུན་ལ་ངོ་ཐང་ཆེ་བའི་མི་གསུམ་ཡིན། །ཕ་མར་དྲིན་ལན་ཤེས་པའི་མི་དང་གཅིག །འཁོར་ལ་ཉེ་རང་མེད་པའི་ཡི་དང་གཉིས། །འགྲོགས་ན་ཕན་ཐོག་ཆེ་བའི་མི་དང་གསུམ། །འདི་གསུམ་བསམ་པ་ཅན་གྱི་མི་གསུམ་ཡིན། །རྣ་རྒྱུས་གཞུང་གསུམ་ཡོད་པའི་མི་དང་གཅིག །མནའ་གཏམ་ཁྲོལ་གསུམ་ཡོད་པའི་མི་དང་གཉིས། །ཕྱོ་རྒྱུ་ངན་སྲིག་མེད་པའི་མི་དང་གསུམ། །འདི་གསུམ་བློ་གཏད་ཐུབ་པའི་མི་གསུམ་ཡིན། །སྡེ་ཆེན་ཁྲིམས་ཁ་ཚ་བའི་དཔོན་དང་གཅིག །ལྷ་སྲིན་བྲན་ཁོལ་བན་བོན་གཉོན་གཉིས། །དཔལ་སྐྱོན་འཇབ་མཁས་ཁྲམ་པ་གཡོ་ཅན་གསུམ། །འདི་གསུམ་མི་རྩི་ཁ་མེད་མི་གསུམ་ཡིན། །ལེ་ལོ་ཡ་ནོ་ལྐོག་མེད་པའི་མི་དང་གཅིག །གསར་མཐོང་རྙིང་བརྗོད་མེད་པའི་མི་དང་གཉིས། །བློ་དྲག་སྤྱོད་བཟག་འཁྲོ་མེད་སེམས་དཀར་གསུམ། །འདི་གསུམ་འགྲོགས་ཡུན་རང་བའི་མི་གསུམ་ཡིན། །རྩེད་གཤོག་དགོངས་རྩོད་པའི་མི་དང་གཅིག །ངག་སྙན་གླ་དབྱང་ལེན་པའི་མི་དང་གཉིས། །ལུས་སེམས་བྱ་སྤྱོད་ཡག་པའི་མི་དང་གསུམ། །འདི་གསུམ་འགྲོགས་ན་འདོད་པའི་མི་གསུམ་ཡིན། །ཟུང་ཟོག་ཞིབ་ཚག་ཡོད་པའི་མི་དང་གཅིག །ཟོག་རྩེ་ཞེ་སྡུག་འགྲོ་འདྲིས་ཆེ་མི་གཉིས། །ཉིན་མཚན་དུས་རྣམས་རིམ་པོ་རྒོད་པོ་གསུམ། །འདི་གསུམ་ཕྱུག་པོར་འགྲོ་བའི་མི་གསུམ་ཡིན། །ཤ་ཆང་རྐུ་རྷམ་དགའ་བའི་མི་དང་གཅིག །མདོ་ཆུང་འཕྱོག་དགའ་རང་བརླག་མི་དང་གཉིས། །འགྲོ་དགའ་ཟསལ་དགའ་བའི་མི་དང་གསུམ། །འདི་གསུམ་དབུལ་པོར་འགྲོ་བའི་མི་གསུམ་ཡིན། །རྣ་རྒྱུས་གཞུང་གསུམ་ཡོད་པའི་མི་དང་གཅིག །མནའ་གཏམ་ཁྲོལ་གསུམ་མེད་པའི་མི་དང་གཉིས། །གཡོ་རྒྱུ་ངན་སྡིག་ཆེ་བའི་མི་དང་གསུ། །འགྲོགས་ན་ཁེ་ཉེན་མང་པའི་མི་གསུམ་ཡིན། །བཙན་པོའི་ནོམ་ངན་ཐག་རིང་མི་དག་གཅིག །དམ་ཚིག་ཆོས་འབྲེལ་ཆེ་བའི་མི་དང་གཉིས། །དཔོན་པོ་རྒྱུས་མེད་ཁྲམ་པ་གཞུང་མེད་གསུམ། །འདི་གསུམ་ནོམ་མི་རྟེབ་པའི་མི་གསུམ་ཡིན། །མངོན་ལྐོག་ལེ་ལོ་ཆེ་བའི་མི་དང་གཅིག །བྱར་མཐོང་རྙེད་བརྗེད་ཆེ་བའི་མི་དང་གཉིས། །བློ་ངན་སྤྲོ་ཐུང་བསམ་ངན་སྤྱོད་ངན་གསུམ། །འགྲོགས་ན་འགྲོགས་ཡུན་ཐུང་བའི་མི་གསུམ་ཡིན། །འདི་ཕྱི་གཉིས་ཕན་ཁྲིམས་ལྡན་བླ་མ་དང་། །འཁོར་སྐྱོང་དགྲ་འདུལ་ཁྲིམས་དྲང་དཔོན་པོ་གཉིས། །མཁན་སློབ་ནད་གསོས་སེམས་དཀར་སྨན་པ་གསུམ། །འདི་གསུམ་ཀུན་ལ་མཁོ་བའི་ཡིད་གསུམ་ཡིན། །ཁྲོ་གཏམ་གདུག་སེམས་ཆེ་བའི་དཔོན་དང་གཅིག །མི་མགུ་མཁོན་དུ་རྐྱེན་པའི་གཉེན་དང་གཉིས། །དམན་སྡང་ཆེ་བའི་ཕུ་ནི་གོང་སྐྱེས་གསུམ། །འདི་གསུམ་རང་འཚོ་བྱེད་པའི་མི་གསུམ་ཡིན། །ཁ་ཏ་མི་ལེན་བདུང་མ་བསམ་མེད་དང་། །སྐྱིད་ལ་མི་འགྲོགས་བུའི་ཕྲུག་སྤྱོད་ངན་དང་། །ཤ་མི་ཚ་བའི་གཡོག་འཁོར་འཁྲེལ་མེད་གསུམ། །འདི་གསུམ་ཁོང་སེམས་དཀྲུག་པའི་མི་གསུམ་ཡིན། །མཐོ་མཐོང་རིུ་རྩེ་ཉུལ་བའི་རྔོན་ཇག་དང་། །དམའ་དམའི་པ་མཐའ་སྐོར་བའི་རྐུན་མ་གཉིས། །བན་བཙུན་སྡོམ་ཉམས་ཁྱིམ་ཐབ་བབས་པ་གསུམ། །སྡུག་བསྔལ་རང་གི་ཉོས་པའི་མི་གསུམ་ཡིན། །དཀོན་མཆོག་རྒྱབ་ཏུ་བོར་བའི་དྲེད་པོ་དང་། །དྲིན་ཆེན་ཁྱད་དུ་གསོད་པའི་ཟོག་པོ་གཉིས། །ལས་དང་རྒྱུ་འབྲས་མེད་པའི་སྐལ་ཆད་གསུམ། །འདི་གསུམ་དམྱལ་བར་འགྲོ་བའི་མི་གསུམ་ཡིན། །ཁོ་ཚོང་འགྲོ་ལ་དགའ་བའི་མི་དང་གཅིག །ཚིག་སྟེང་གཅིག་གི་མི་འདུག་བློ་མང་གཉིས། །བུད་མེད་ཀུན་ལ་འདོད་སྲེད་ཆེ་དང་གསུམ། །བཟང་ངན་ཅི་འགྱུར་མི་ཤེས་མི་གསུམ་ཡིན། །མཁས་པ་ཧ་ཅིང་ང་རྒྱལ་ཆེ་དང་གཅིག །བཙོན་ཧ་ཅིང་སྲིད་སྡེ་དཀྲུག་པ་གཉིས། །རྒྱལ་པོ་ཧ་ཅིང་ཁྲིམས་ཁ་ཚ་བ་གསུམ། །འདུག་པ་མི་བརྟན་པ་ཡིས་མི་གསུམ་ཡིན། །རྒྱལ་ཁྲིམས་བཙན་པོ་དཀྲུག་པའི་མི་དང་གཅིག །ཉན་པོ་མཁས་པའི་ཟས་བོར་རྐུ་མི་གཉིས། །གཉན་པར་ས་རྡོ་རྩི་ཤིང་གཅོད་མི་གསུམ། །རང་སྲོག་རང་གི་གཅོད་པའི་མི་གསུམ་ཡིན། །དཔོན་པོས་མི་མངོན་ལྐོག་ཟས་ཟ་དང་གཅིག །རང་བསླུ་རང་རྐུས་རང་བརྟམ་བྱེད་མི་གཉིས། །དྲིན་ཆེན་ཕ་མ་དབྱུག་བརྡུང་བྱེད་མི་གསུམ། །འདི་གསུམ་རང་མཚང་མི་ཤེས་མི་གསུམ་ཡིན། །བཙན་པོ་གྱོད་ལ་དགའ་བའི་མི་དང་གཅིག །ཕྱུག་པོ་ང་རྒྱལ་ཅན་གྱི་མི་དང་གཉིས། །གླེན་ནས་ཨུ་ཚུགས་ཅན་གྱི་མི་དང་གསུམ། །ཀུན་ལ་མི་མཐུན་པ་ཡི་མི་གསུམ་རེད། །བློ་གྲོས་རབ་དང་ལྡན་པའི་ཞིབ་མོར་དཔྱོད། །དམ་པའི་ཚུལ་དུ་ལབ་པའི་དགེ་བ་འདིས། །ཕྱི་རབ་འགྲོ་རྣམས་བདེ་སྐྱིད་ལྡན་པར་ཤོག །༈ །མཚན་ལྡན་བླ་མའི་བྱིན་རླབས་འཇུག་འདོད་ན། ཁ་ཞེ་མངོན་ལྐོག་མེད་པར་མོས་གུས་འཚལ། བྱ་བ་ཅི་བྱེད་སྐྱོན་དུ་མཐོང་མཁན་རྣམས། །ལོག་ལྟ་སྒྲོས་བསྐུར་མ་འདེབ་སྙིང་གཏམ་ཡིན། །མདོར་ན་རྒྱལ་བའི་བསྟན་པའི་སྒོར་ཞུགས་ནས། །ཐོས་བསམ་བསྒོམ་གསུམ་སྒྲུབ་པ་གང་རུང་འཙལ། །ཚེ་འདིས་ཁོ་ན་དོན་དུ་མ་གཉེར་བར། །ཕྱི་མར་བསམ་ལོ་ཐུང་ཅིག་སྙིང་གཏམ་ཡིན། །མཐོ་དམན་བར་གསུམ་པུ་དང་འགྲོགས་ན་ཡང་། །ལོགས་ཉེས་གང་ཡིན་ཕྱི་ཐག་བསྲིང་བར་འཚལ། །མཐོ་མཐོ་ཀུན་དང་མཇལ་བའི་གྲོགས་པོ་རྣམས། །དགོས་པའི་དུས་སུ་མ་བསླུ་སྙིང་གཏམ་ཡིན། །སྙིང་གཏམ་སྙིང་དང་འདྲ་བ་ཡིད་ལ་ཞོག །སྙིང་འདི་ཕྱིར་ཕྱུང་བསྟན་ན་ཤ་ཞིག་ཡིན། །སྙིང་གཏམ་དེ་བས་ལྷག་གོ་སློབ་བུ་རྣམས། །དཀོན་མཆོག་སྐྱབས་སུ་སོང་ན་ཅི་བསམ་འགྲུབ། །བློ་སྤྱི་བོར་བསྒོམ་ན་བྱིན་རླབས་འཇུག །ཆོས་སྐྱོངས་སྲུང་མ་མཆོད་ན་བར་ཆད་སེལ། །ཡུལ་ལྷ་གཞི་བདག་བརྔན་ན་མཐུན་རྐྱེན་འགྲུབ། །འགོ་བའི་ལྷ་ལྔ་གསོལ་ན་སྡོང་གྲོགས་མཛོད། །ནོར་ལྷ་གཡང་ལྷ་གསོལ་ན་ཕྱ་གཡང་འདུད། །རྗེ་དཔོན་སྙིང་ནས་བརྟེན་ན་ཁ་འཛིན་ཆེ། །ཕ་མ་སྤྱི་བོར་བཀུར་ན་ཀུན་གྱི་སྨོན། །མི་མང་གཉེན་དུ་ཀུགས་ན་སྨོན། །མི་མང་གཉེན་དུ་ཀུགས་ན་རང་དཔུང་བརྗིད། །སྟོབས་ཆེན་མི་དང་འགྲོགས་ན་དོན་ཀུན་འགྲུབ། །ཕྱུག་པོའི་གཉན་དང་འབྲེལ་ན་ལོག་སྤྱོད་ཐོབ། །བློ་ཕུག་རྒན་ལ་དྲིས་ན་བློ་མི་རྡལ། །དོན་མཐུན་ཀུན་ལ་དྲིས་ན་འགྱོད་མི་འབྱུང་། །ལས་ལ་རྟོག་དཔྱོད་མཁས་ན་བླང་དོར་ཤེས། །སེམས་ལ་ཕྲག་དོག་མེད་ན་རང་སེམས་བདེ། །བཟང་ངན་སེམས་ལ་བཟུང་ན་རྗེས་པོར་དགོས། །ནོར་ལ་འཚོའི་སྐྱོང་མཁས་ན་ཕྱུག་པོར་འོང་། །ཟས་ནོར་ལོག་སྤྱོད་འཛོམས་ན་ཀུན་གྱི་རྩི། །གཡོ་རྒྱུ་ཁྱམ་གསུམ་མེད་ན་ཀུན་དང་མཐུན། །ཚིག་ལ་ཤོང་ཡང་ཆེ་ན་ཁ་མཆུ་ཉུང་། གཟའ་ཚང་རྩེ་རྒོད་ཆེ་ན་སྐྱིད་གྲོགས་ཡིན། རྒྱལ་པོ་ཆོག་ཤེས་མེད་ན་རྒྱལ་ཁག་འཁྲུགས། །བློན་པོའི་ཞལ་ལྕེ་འཁྱོག་ན་རྒྱལ་ཁབ་འཇིག །བཙུན་པས་ཁེ་ཚོང་བྱས་ན་སྡོམ་པ་ཉམས། །རྗེ་དཔོན་ཁ་བཙན་ཆེ་ན་གཡོག་འཁོར་དགོན། །སྐྱེས་པ་འགྲོ་འདུག་མང་ན་གྱོད་ལ་ཐུགས། །ཆུང་མ་ཁ་ལྕེ་རྒད་ན་ཀུན་གྱི་ཕྱ། །བུ་མོས་འགོ་ཡང་བྱས་ན་མི་ཁ་ཕོག །བུ་ཆུང་ཁྱམ་གཅེས་ཆེ་ན་པད་ཀྱི་ཁྱེར། །བུ་མོ་གོ་ཁས་རྒས་ན་ཕ་མར་སྡང་། །རྒད་པོས་ཁྱིམ་གསར་བཟུང་ན་ཆུང་མས་འདོར། །སྡར་མས་དཔའ་སྐད་བྱས་ན་གྲོགས་ཀྱིས་འཕྱོ། །ཁས་དམན་རྒྱུ་ནོར་ཆེ་ན་དགྲ་ལ་འཆོར། །རབས་ཆད་ལོངས་སྤྱོད་ཆེ་ན་དཔོན་གྱི་ཐོབ། །ཉམས་ཆུང་མཐོ་ལྟས་ཆེ་ན་ཀུན་གྱི་སྨོད། །རྩལ་ཆུང་རྟ་ལ་བརྒྱུག་ན་རང་མགོ་ཆག །མཁས་པ་ང་རྒྱལ་ཆེ་ན་བདུད་ཀྱི་བསྲུ། །ཕྱུག་པོ་སེར་སྣ་ཆེ་ན་རང་མཆིང་ཆུང་བཅིང་། །མེད་པོ་ཟ་ལྟོས་རྒོད་ན་ཟ་ཡུན་ཐུང་། །བསོད་ཆུང་ཅུང་ཟད་འབྱོར་ན་ཁ་ཕོ་ཆེ། ༑ །ངན་པ་ཟས་ཀྱི་འགྲངས་ན་ཆེ་སྐད་འདོན། །མ་རབ་མཐོ་པར་བཞག་ན་ཀུན་ལ་ལྡང་། །སྤྲང་པོ་རྩེས་རྒོད་ཆེ་ན་གྲལ་མགོ་སྙོག །ཕ་མ་འཁང་དུ་མ་བཅུག་མི་ཁ་འདུད། །བྲན་གཡོག་ཆེ་པར་བཞག་ན་རྗེ་ལ་རྡོ། །མ་རབ་སྣག་བ་མཐོ་ན་དཔོན་ལ་རྩེ། །འཇིགས་པར་གནས་གཞི་མ་འཛིན་འཇིག་སྐྲག་འོང་། །བན་བོན་དགྲ་བརྣེས་ལ་བྱེད་བྱད་ཁ་སྡང་། །པ་གཉན་སྐོ་ཀློག་བྱེད་ཀླུ་གཉན་ལྡང་། །ཡུལ་ལྷ་གཞི་བདག་མ་དཀྲུག་ཐོག་པར་འབེབས། །དྲན་ཚད་ཁ་རུ་མ་འདོན་ཁ་མཆུ་འོང་། །དོན་མེད་འགྲོ་འདུག་མ་མ་གཡང་བའི་རྒྱུ། །ཕན་མེད་ཡོན་ཏན་སྣ་མ་བསྡུད་ཟས་ཚག་ཀྱང་། །ངན་དོན་བརྙོག་རྒྱུ་མ་འཇུག་ལོག་རྒྱུ་ངན། །སེམས་ལ་རྣམ་རྡོག་མ་ཆེ་གདོན་སྣ་རྒོད། །ཕན་ཚུན་དགྲ་རུ་མ་འཛིན་གཉེན་དུ་ཁུག །ཁྱིམ་ཚེས་མཛའ་མཐུན་མ་འབོར་གཡར་སྦྱིན་བྱོས། །མཐོ་ལ་ངལ་སྲེགས་མ་བྱེད་དམན་པར་ལྟུང་། །ཅི་གཏམ་བདེན་པར་མ་འཛིན་སྤང་བླང་ཀྱིས། །མཐུན་ཡང་སྙིང་གཏམ་མ་བྱེད་ནམ་ཁིག་མཁོན། །མཁོན་ཡང་སྐྱོན་བརྗོད་མ་བྱེད་སྣ་ཞིག་མཐུན། །དཔེ་ངན་གཞན་ལ་མ་སྟོན་རང་ལ་འཁོར། །ཟས་ལ་ཁ་ཆེ་མ་གཏམ་ལ་མགོ་འབྱུང་། །ནོར་ལ་རྟག་བརྡུང་མ་བྱེད་གཡང་ལྟ་ཉམས། །སྔར་བྱས་ལས་ལ་མ་འགྱོད་ཕྱིན་ཆད་སྡོམ། །ཟས་ནོར་མི་ལ་མ་འཆོར་རང་གི་ཟུང་། །གོས་བཟང་ཁྱིམ་དུ་མ་གཟད་ཁྲོམ་དུ་གྱོན། །སྐྱིད་དུས་སྐྱིད་ངོམ་མ་བྱེད་ངེས་རྟག་མེད། །སྡུག་དུས་སྡུག་ཡུས་མཆེ་ངས་རྟག་མེད། །དམན་ལ་བརྙེས་བཅསོ་མ་བྱེད་དར་རྒུད་འབྱུང་། །ཕན་ཐོག་གཞུང་བཟང་ཕྱི་ཐག་ཅན་དང་འགྲོགས། །དྲིན་ཆེན་གང་ཡིན་དེ་ཡིས་ཅི་གསུང་བསྒྲུབ། །མཛའ་དགའ་མགྲོན་སྐྱིད་བཟང་མོ་ཆུང་མར་ཉོས། །བྱ་བ་ཐམས་ཅད་ཡུལ་གྱི་དུས་སྐབ་བསྟུན། །མི་རྒྱུས་མ་ལོན་བར་དུ་བློ་མ་གཏད། །བློ་གཏད་དྲང་པོའི་མི་ཡི་ལ་དྲང་གཏམ་གྱི། །གོ་ཚོད་རྟོག་པའི་མི་ལ་དྲང་པོར་སྨྲས། །ལས་རྣམས་ཅི་བྱེད་གཟའ་སྐར་བཟང་ལ་གཏོད། །ཁ་འཇམ་ཁོག་ནག་མི་ལ་བློ་མ་འདྲི། །བྲན་གཡོག་རྫུན་ཚིག་ཅན་གྱི་གཏམ་མ་མཉན། །ཁྲེ་ལྡན་སྙིང་གི་གྲོགས་ལ་འཕྲིག་མ་སྟོན། །མི་ཐུབ་ཆུ་དང་དགྲ་ལ་ཕོད་མ་བཙུག །ཕར་སོང་མེད་པའི་མི་ལ་རེ་ལ་ཆེ། །ཁྲོམ་ཆེན་ནང་དུ་བྱང་བའི་ཚིག་ལ་སྨྲ། །བུད་མེད་འཚོགས་པར་འཆལ་བའི་གཏམ་མ་སྨྲ། །ལྷ་འདྲ་རྒོད་པར་གཉིད་དང་མཚན་མ་འགྲོ། ངོ་ནག་ཁོང་དུག་ཅན་གྱི་རྩར་མ་འདུག །མ་རབ་སྤྱོད་ངན་ཅན་དང་འདྲེ་བ་ཆེ། །མི་ཐུབ་པལ་དགའ་བའི་ལས་མ་བཅོལ། །མི་ཤེས་པ་ལ་སྙིང་གི་གཏམ་མ་འདྲི། །མི་ཉན་པ་ལ་ཚིག་དང་གྲོས་མ་བྱེད། །མི་རྩི་བ་ལ་དགྱེས་དང་འཛུམ་ལ་སྟོན། །ལས་ངན་སྡིག་པོ་ཆེ་ལ་ཡིད་མ་སྨོན། །གཞན་གྱི་རྒྱུ་དང་ཟས་ལ་རྔམ་མ་ཆེ། །མི་ཁ་ཕོག་པའི་མི་ལ་མཐུན་མ་འདོག །སྤྲོ་ཐུང་གྱོད་མཁོན་ཅན་དང་ཁྱིམ་མ་མཚེས། །མཁོན་དང་ཁ་མཆུ་འོག་བའི་ནོར་ལ་ཉོ། །དུག་དང་མནོལ་རྩོག་ཅན་གྱི་ཟས་མ་ཟ། །རྩོག་དང་མི་ཁ་འོག་བའི་ནད་ལ་འཛེམ། །དཀོན་མཆོག་གཏན་ཏུ་འདོར་བའི་མནའ་ལ་སྐྱེལ། །ཉེ་དུས་དོན་དུསྡིག་པའི་ལས་མ་བསོགས། །ཇག་རྐུན་ནག་པོའི་ཕྱོགས་བློམ་གཏད། །སྐྱབས་ཚོལ་བློ་གཏད་བྱེད་པའི་མི་མ་བསླུ། །འཕྲལ་བདེ་ཙམ་ལ་ཕུག་གི་སྐྱིད་མ་བཙོང་། །གཞན་སྐྱོན་མ་འཚོལ་རང་གི་སྐྱོན་ལ་རྟོག །རང་བསྟོད་གཞན་སྨད་མ་བྱེད་གོབར་གྱིས། ༈ །ཀྱཻ་ཧོ་ཕྱི་མའི་རྣམ་སྨིན་མི་དྲན་བན་རྒོད་རྣམས། །རྣམ་ཤེས་དམ་པའི་ཆོས་ལ་མི་ཁུག་དུས། །སྟན་ཐོག་ཚེར་མ་ཟུག་པའི་ལང་འདུག་ལ། །བཟླས་བརྗོད་སྔགས་ལ་ནུས་པ་མི་འབྱིན་རྒྱུས། །ངག་སྒྲིབ་ལོངས་གཏམ་མ་མང་སྙིང་གཏམ་ཡིན། །བསྐྱེད་རིམ་སྣང་སྟོང་ལྷ་སྐུ་མི་གསལ་དུས། །རིག་པའི་གཟིང་བསྟོད་སྐད་ཅིག་དྲ་རྫོགས་སྒོམ། དབང་པོ་རྣམས་ནི་དམག་དང་ཆོམ་རྐུན་འདྲ། །གཡང་བའི་ལམ་ལ་མ་འཁྲུལ་སྙིང་གཏམ་ཡིན། །ཐམས་ཅད་རྟག་པ་མེད་དོ་སྙིང་གི་བུ། །གཟའ་ཚང་མི་རྟག་ཚོང་དུས་མགྲོན་པོ་འདྲ། །སྐྱིད་འདོད་མི་རྟག་ཕ་སྐྱིད་བུ་མོ་འདྲ། །ཕྱུག་པོ་མི་རྟག་ལ་ཁ་ན་བུན་འདྲ། །ནོར་རྫས་མི་རྟག་རྩ་ཁའི་ཟིལ་བ་འདྲ། །ད་རེས་གནས་སྐབས་སྐད་ཅིག་ཙམ་འདི་ལ། ཚེ་ཕྱི་མའི་འགྲོ་གྲྭབ་བྱེད་རེ་རན། །དལ་འབྱོར་ཐོབ་པའི་དོན་དགོས་ལ། །རང་རེལ་མི་འཁྱོད་པར་ཞིག་དགོས། །སྡུག་བསྔལ་རང་གི་མ་གོ་བློ་རག་སོང་། །དོན་མེད་ཚེ་འདིས་བྱ་བ་བསྒྲུ་བསྒྲུབ་ནས། །འཆི་ཁར་ཆོས་མེད་གྲྭ་པ་བནྡྷེ་སྡུག །ལས་ལ་གླ་མེད་བན་རྒན་རྫི་བོ་སྡུག །ཚག་ལ་ངོ་མེད་ཆོས་སྟེར་གྲྭ་པ་སྡུག །སྡིག་ལ་གླ་མེད་རྔོན་པ་ངོ་ནག་སྡུག །སྐྱིད་སྡུག་དགོས་ཁུར་ཁྱིམ་གྱི་གཟའ་དཔོན་སྡུག །མི་ཁ་ཕྱིར་བསྡུད་ཡུལ་སྟེའི་དཔོན་པོ་སྡུག །ཕན་ལ་གནོད་སྐྱེས་ཉེ་འཁོར་ཁྲེལ་མེད་སྡུག །དྲིན་ལ་ངོ་མེད་བུ་ཕྲུག་ཕ་མ་ལ་སྡུག །འབད་ལ་གོ་ཕྱོགས་ནོར་བའི་སེར་གཟུང་སྡུག །ལས་ལ་ཟད་རྒྱུམེད་པའི་དམྱལ་བ་སྡུག །སྐྱིད་ལ་ཐོབ་རྒྱུ་མེད་པའི་འཁོར་བ་སྡུག །དེ་དོན་སེམས་ལ་ཟུང་ལ་ཉམས་སུ་ལོང་། །དགེ་བས་མ་རྒན་སེམས་ཅན་གྲོལ་གྱུར་ཅིག །བྱེའུ་པའི་མེ་ཏོག་གྲལ་བརྒྱན་འདི། །བྱ་བྲལ་རྡོ་བླས་སྨྲས་པ་དགེ། དགེའོ། །


no previousབློ་སྦྱོང་མ་ལིའི་ཕྲེང་བ་སེམས་ལ་རྟོགས་དཔྱོད་སྣ་ཚོགས་གསལ་བའི་མེ་ལོང་བཞུངས་པ།next