Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
དམ་ཆོས་བདེན་ཆེན་ལམ་མཆོག་ལས། གཡང་འབོད་དཔལ་གཡང་ནོར་མཛོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་ཆོས་བདེན་ཆེན་ལམ་མཆོག་ལས། གཡང་འབོད་དཔལ་གཡང་ནོར་མཛོད།next

དམ་ཆོས་བདེན་ཆེན་ལམ་མཆོག་ལས། གཡང་འབོད་དཔལ་གཡང་ནོར་མཛོད།

༄༅། །དམ་ཆོས་བདེན་ཆེན་ལམ་མཆོག་ལས། གཡང་འབོད་དཔལ་གཡང་ནོར་མཛོད་བཞུགས། ཧྲཱིཿབྷྲཱུྃ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གྲངས་མེད་གསུམ་དུ་བསོད་ནམས་དང་། །ཡེ་ཤེས་ཚོགས་ཆེན་བསགས་པའི་མཐུས། །སྲིད་དང་ཞི་བའི་དཔལ་ཡོན་ཐོབ། །སངས་རྒྱས་དཀོན་མཆོག་བདེན་སྟོབས་གཡང་། །སྐལ་ལྡན་བདག་དང་བསྲུང་བྱར་སྩོལ། །རྒྱལ་བསྟན་ལུང་དང་རྟོགས་པའི་ཆོས། །དེ་ལས་མདོ་རྒྱུད་བཀའ་གཏེར་དང་། བསྟན་བཅོས་མན་ངག་ཐམས་ཅད་ཀྱི། །དཔལ་ཡོན་སྟོབས་དང་ནུས་མཐུའི་གཡང་། སྐལ་ལྡན་བདག༴ ཉེ་སྲས་བརྒྱད་སོགས་འཕགས་པ་དང་། མཆོག་ཟུང་ལ་སོགས་ཉན་ཐོས་རིགས། །བསེ་རུ་དང་ནི་ནེ་ཙོ་ལྟའི། །རང་རྒྱལ་རྟེན་འབྲེལ་བདེན་མཐོང་ཚོགས། །རིམ་དགུའི་ཐེག་པའི་དགེ་འདུན་སྡེ། །མཁྱེན་བརྩེ་ནུས་པའི་དཔལ་སྟོབས་གཡང་། །སྐལ་ལྡན་བདག༴ དགུ་ལྡན་བླ་མའི་བྱིན་རླབས་གཡང་། །ཡི་དམ་ལྷ་ཡི་དངོས་གྲུབ་གཡང་། །གནས་གསུམ་མཁའ་འགྲོའི་དགའ་བདེའི་གཡང་། །དམ་ཅན་རྒྱ་མཚོའི་མཐུ་ནུས་གཡང་། །སྐལ་ལྡན་བདག༴ །ཀྱཻ་སྟེང་ཕྱོགས་འཆི་མེད་ལྷ་ཡི་གཡང་། །འོག་ཕྱོགས་ས་བདག་ཀླུ་གཉན་གཡང་། །བཅུ་གཉིས་གླིང་གི་མི་ནོར་གཡང་། །དཔལ་མགོན་བདུན་ཅུའི་མངའ་ཐང་གཡང་། སྐལ་ལྡན་བདག༴ ཀྱཻ་རྒྱ་གར་རྒྱལ་པོའི་ཆོས་ཀྱི་གཡང་། །རྒྱ་ནག་རྒྱལ་པོའི་ཁྲིམས་ཀྱི་གཡང་། །གེ་སར་རྒྱལ་པོའི་དམག་གི་གཡང་། །རྟ་ནོར་ལུག་སོགས་ཕྱུགས་ཀྱི་གཡང་། །བཟའ་བཏུང་འདོད་དགུ་ཕུན་ཚོགས་གཡང་། །སྐལ་ལྡན་བདག༴ ཀྱཻ་དོན་ཀུན་གྲུབ་པ་ལ་སོགས་པའི། །མཆོག་གསུམ་བརྒྱུད་འཛིན་བན་གྱི་གཡང་། །སྟོན་པ་གཤེན་རབ་ལ་སོགས་པའི། །གཡུང་དྲུང་བརྒྱུད་འཛིན་བོན་གྱི་གཡང་། །གདོང་བཞི་མགྲིན་སྔོན་ཐ་གུའི་ལྟོ། །འདྲེན་བྱེད་སྟོང་ལྡན་ལ་སོགས་པའི། །ཕྱི་པའི་སྟོན་དང་བསྟན་པའི་གཡང་། །སྐལ་ལྡན༴ ཀྱཻ་སྐུ་གསུམ་རྒྱལ་བའི་མཁའ་དབྱིངས་ནས། །ཐུགས་རྗེའི་དཔལ་ཡོན་སྤྲིན་ཕུང་ལས། །ཕྱྭ་གཡང་དངོས་གྲུབ་ཆར་གྱི་རྒྱུན། །བདག་སོགས་འགྲོ་ལ་བབས་ནས་ཀྱང་། །ཕུན་ཚོགས་ལོ་ཏོག་དར་རྒྱས་མཛོད། །ནམ་མཁའི་དབྱིངས་ནས་ཁ་ཆར་བཞིན། །ཕྱྭ་གཡང་དངོས་གྲུབ་མྱུར་དུ་སྩོལ། །བར་སྣང་ཁམས་ནས་ན་བུན་བཞིན། །ཕྱྭ་གཡང་དངོས་གྲུབ་མྱུར༴ །ས་གཞིའི་ཁམས་ནས་ས་རླུང་བཞིན། །ཕྱྭ་གཡང་དངོས་གྲུབ་མྱུར༴ །བརྟན་པ་སྣོད་ཀྱི་འཇིག་རྟེན་གཡང་། །གཡོ་བ་བཅུད་ཀྱི་ཚེ་བསོད་སྟོབས། །མཆོག་དམན་འགྲོ་བའི་དཔལ་ཡོན་བཅུད། །འདིར་སྡུས་འདིར་ཁུག་དངོས་གྲུབ་སྩོལ། །བཀྲ་ཤིས་དབྱར་རྔའི་སྒྲ་དབྱངས་ཀྱིས། །སྦྱིན་བདག་རྨ་བྱ་ཡོངས་དགའ་ཤོག །གཡང་འབོད་དཔལ་གཡང་ནོར་མཛོད་འདི། །རྣལ་འབྱོར་བསྟན་པ་དར་རྒྱས་ཀྱིས། །བསྐུལ་ངོར་ཀུན་བཟང་གཞན་ཕན་ཞེས། །བྱང་ཆུབ་སེམས་ཀྱི་བློ་ལྡན་དེས། །སྨྲས་བཞིན་ཡི་གེར་འབེབས་པ་པོ། །ཨཪྱ་དེ་ཝས་བགྱིས་པའི་དགེས། ཕན་བདེའི་ནོར་བུ་མཆོག་ཐོབ་ཤོག །དགེའོ། དགེའོ། དགེའོ། སརྦ་མངྒ་ལཾ། །


previousདམ་ཆོས་བདེན་ཆེན་ལམ་མཆོག་ལས། གཡང་འབོད་དཔལ་གཡང་ནོར་མཛོད།next