Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
ནང་སྒྲུབ་རིག་འཛིན་འདུས་པའི་ལྷ་དབང་པདྨའི་ཏཱ་གའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousནང་སྒྲུབ་རིག་འཛིན་འདུས་པའི་ལྷ་དབང་པདྨའི་ཏཱ་གའི་ཕྲེང་བ།next

ནང་སྒྲུབ་རིག་འཛིན་འདུས་པའི་ལྷ་དབང་པདྨའི་ཏཱ་གའི་ཕྲེང་བ།

༄༅། །ནང་སྒྲུབ་རིག་འཛིན་འདུས་པའི་ལྷ་དབང་པདྨའི་ཏཱ་གའི་ཕྲེང་བ་བཞུགས། །

ན་མོ་མ་ཧཱ་གུ་རུ་པདྨ་ཀ་ར་ཡེ། ཀུན་བཟང་འོད་མཚན་སྟོང་འབར་རྒྱསབ་དེ། བརྫུ་སྐྱེས་ཚུལ་བྱོན་གུ་རུ་པདྨ་འབྱུང་། སླར་ཡང་མིའི་སི་སྗུར་ཞུགས་འཇིགས་མེད་གླིང་། བདག་གི་རིགས་ཀྱི་བདག་པོ་མཆོག་ཏུ་ངེས། དེ་ཕྱིར་གང་གི་དགོངས་གཏེར་ཡིད་བཞིན་དབང་། ནང་སྒྲུབ་རིག་འཛིན་འདུས་པའི་ལྷ་དབང་གི །མངོན་རྟོགས་གདན་གསུམལྷ་ཡི་ཞལ་ངོམ་པ་ནི་དབང་བསྐུར་པདྨ་ཏཱ་གའི་ཕྲེང་བ་འདི། དོན་གཉེར་དད་དམ་མཆོག་ལྡན་སྐལ་བཞག་གི །སྣོད་ལྡན་སློབ་མ་རིག་པ་འཛིན་པ་འགས། རྗེས་འཇུག་སྨིན་གྲོལ་ལམ་དུ་དཀྲི་བའི་ཕྱིར། ཡབ་རྗེ་གཙུག་ཏུ་བཀོད་ནས་འདི་ལྟར་འགོད་དེ་ཡང་དབང་གི་བཤམས་བཀོད་ཆོ་ག་སོགས། གྲུབ་རྗེས་སློབ་མར་བུམ་པའི་དབུ་དམར་སོགས་གཞུང་བཞིན་གྲུབ་རྗེས་ལྷ་དབང་རིམ་བཞིན་དུ། བསྐུར་བའི་ཐོག་མར་སློབ་དཔོན་སྐུ་ཐོགས་ཏེ། ཧྲཱིཿསྐྱེ་རྒ་ན་འཆི་སྐྱོན་ལས་རྣམ་གྲོལ་ཞིང་ཡབ་དག་ཡུམ་མེད་པད་སྡོང་རྩེར་འཁྲུངས་པ། གངས་ཅན་བོད་ཀྱི་རྒྱན་མཆོག་པདྨ་སྐྱེས། ཡབ་ཡུམ་གཉིས་སུ་མེད་པའི་དབང་བསྐུར་རོ། །ༀ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུཾ། སློབ་དཔོན་དགའ་རབ་རྡོ་རྗེའི་སྐུ་ཐོགས་ཏེ། ཨཿབཛྲ་སཏྭ་སེམས་དག་ལྷ་ཡི་བུ། རྡོ་རྗེ་ཆོས་དག་རྡོ་རྗེ་ཀུན་ཏུ་བཟང་། རྫོགས་པ་ཆེན་པོའི་བསྟན་པའི་འཁོར་ལོ་བསྒྱུར། སྐྱེ་མཆོག་དགའ་རབ་རྡོ་རྗེའི་དབང་བསྐར་རོཿ ཨ་བྷི་ཥིཉྩ་ཧཱུཾ། གདོད་མའི་མགོན་པོ་ཡབ་ཡུམ་སྐ་ཐོགས་ཏེ། ཨཿ །ཡེ་ཤེས་རྣམ་དག་ཐབས་མཆོག་ཀུན་ཏུ་བཟང་། །ཆོས་ཁམས་རྣམ་དག་ཤེས་རབ་ཀུན་བཟང་མོ། །རྒྱལ་བ་རྒྱ་མཚོའི་སྤྲུལ་གཞི་བླ་ན་མེད། །ཆོས་སྐུ་ཀུན་བཟང་ཡབ་ཡུམ་དབང་བསྐུར་རོ། ༀ་བཛྲ་ཙིཏྟ་ཧཱུཾ། བཛྲ་ས་མནྡྲ༴ ཨ་བྷིཥི་ཉྩ་ཧཱུཾ། །རྒྱ་གར་རིག་འཛིན་བརྒྱད་ཀྱི་དབང་བསྐུར་བ། །རིམ་བཞིན་གྲུབ་ཆེན་སོ་སོའི་སྐུ་ཐོགས་ཏེ། །ཧཱུཾ་དཀྱིལ་འཁོར་ཤར་ཕྱོགས་པདྨའི་གདན་སྟེང་དུ། །ཡང་དག་ཐུགས་ཀྱི་རིག་འཛིན་སྐུ་མདོག་དཀར། །ཌཱ་ཏུ་དྲིལ་བུ་འཛིན་ཅིང་འགྱེངས་སྟབས་བཞུགས། །སློབ་དཔོན་ཧཱུཾ་ཀ་ར་ཡི་དབང་བསྐུར། །མ་ཧཱ་གུ་རུ་ཧཱུཾ་ཀ་ར་ཨ་བྷི་ཥིཉྩ་ཧཱུཾ། །ཧཱུཾ་དཀྱིལ་འཁོར་ནུབ་ཕྱོགས་པདྨའི་གདན་སྟེང་དུ། །པདྨ་གསུང་གི་རིག་འཛིན་ལི་ཁྲིའི་མདོག །དབུ་ལ་གཙུག་ཏོར་ཕྱག་གཉིས་ཌཱ་དྲིལ་བསྣམས། །སློབ་དཔོན་ཀླུ་གྲུབ་སྙིང་པོའི་དབང་བསྐུར་རོ། །མ་ཧཱ་གུ་རུ་ནཱ་གརྫུ་ན་ཨ་བྷི་ཥིཉྩ་ཧཱུཾ། །ཧཱུཾ་དཀྱིལ་འཁོར་བྱང་ཕྱོགས་པདྨའི་གདན་སྟེང་དུ། །ཕུར་པ་ཕྲིན་ལས་རིག་འཛིན་སྐུ་མདོག་ལྗང་། །ཕྱག་གཡས་ཌཱ་རུ་གཡོན་པས་དྲིལ་བུ་འཛིན། །སློབ་དཔོན་པྲ་བྷ་ཧ་ཏིའི་དབང་བསྐུར་རོ། །མཧཱ་གུ་རུ་པྲ་བྷ་ཧ་ཏའི་ལ་བྷི་པ་བྷི་ཥིཉྩ་ཧཱུཾ། །ཧཱུཾ་དཀྱིལ་འཁོར་ཤར་ལྷོ་ལྷ་ཚོགས་པདྨའི་གདན་སྟེང་དུ། །རྦོད་གཏོང་མ་མོའི་རིག་འཛིན་སྐུ་མདོག་མཐིང་། །ཕྱག་གཡས་ཌཱ་ཏུ་གཡོན་པས་དྲིལ་བུ་བསྣམས། །སློབ་དཔོན་དྷ་ན་སཾ་ཀྲྀའི་དབང་བསྐུར་རོ། །མ་ཧཱ་གུ་རུ་དྷ་ན་སཾ་ཀྲྀ་ཏ་ཨ་བྷི༴ །ཧཱུཾ་དཀྱིལ་འཁོར་ལྷོ་ནུབ་པདྨའི་གདན་སྟེང་དུ། །བདུད་རྩི་ཡོན་ཏན་རིག་འཛིན་བཻ་ཌཱུ་ཏུ་མདོག །ཕྱག་གཡས་ཌཱ་ཏུ་གཡོན་པས་དྲིལ་བུ་བསྣམསཿ །སློབ་དཔོན་བི་མ་མི་ཏྲའི་དབང་བསྐུར། །མ་ཧཱ་གུ་རུ་བི་མ་མི་ཏྲ་ཨ་བྷི༴ །ཧཱུཾ་དཀྱིལ་འཁོར་ནུབ་བྱང་མའི་གདན་སྟེང་དུཿ །འཇིག་རྟེན་མཆོད་བསྟོད་རིག་འཛིན་ནམ་མཁའི་མདོག །ཕྱག་གཡས་ཌཱ་ཏུ་གཡོན་པས་དྲིལ་བུ་བསྣམས། །སློབ་དཔོན་གུ་ཧྱ་ཙནྟྲའི་དབང་བསྐུར་རོ། །མ་ཧཱ་གུ་རུ་གུཧྱ་ཙནྟྲ་ཨ་བྷི༴ །ཧཱུཾ་དཀྱིལ་འཁོར་བྱང་ཤར་པདྨའི་གདན་སྟེང་དུཿ དམོད་པ་དྲག་སྔགས་རིག་འཛིན་མུ་ལེན་མདོག །ཕྱག་གཡས་ཌཱ་ཏུ་གཡོན་པས་དྲིལ་བུ་བསྣམས། །སློབ་དཔོན་ཤནྟིཾ་གྷརྦྷའི་དབང་བསྐུར་རོ། །མ་ཧཱ་གུ་རུ་ཤནྟིཾ་གྷརྦྷ་ཨ་བྷི་ཥིཉྩ་ཧཱུཾ། དེ་ནས་མ་ཧཱ་གུ་རུ་པདྨ་ཡིས། སྒྲུབ་ཆེན་བཀྱད་དལ་དུ་བོད་ཡུལ་གྱི། གྲུབ་ཐོབ་རྗེ་འབངས་ཉེར་ལྔ་སྨིན་བྱས་ལྟར། རིམ་བཞིན་སོ་སོའི་སྐུ་ཙག་ཐོགས་བྱས་ལ། ཧྲཱིཿ གནུབས་ཀྱི་རིགས་འཁྲུངས་དགེ་སློང་མཆོག་གི་ཚུལ། །ཡང་དག་ཐུགས་ཀྱི་གྲུབ་བརྙེས་འོད་བརྒྱའི་གཟིར། །ཆིབས་ནས་གཤེགས་བཞུད་རྫུ་འཕྲུལ་སྟོན་མཛད་པའི། །གནུབས་ཆེན་ནམ་མཁའི་སྙིང་པོའི་དབང་བསྐུར་རོ། ༀ་ཨཱ་མ་ཧཱ་གུ་རུ་ནམ་མཁའི་སྙིང་པོ་ཨ་བྷི་ཥིཉྩ་ཧཱུཾ། ཧྲཱིཿགནུབས་ཡུལ་རོང་བྱོན་གསང་སྔགས་རྣལ་འབྱོར་མཆོག །སྒྲགས་ཀྱི་ཡོངས་རྫོགས་གཤིན་རྗེའི་རྟགས། ཕུར་བུས་འདམ་ལ་ཅི་བཞིན་བྲག་ལ་ཐེབ༴ །གནུབས་ཆེན་སངས་རྒྱས་ཡེ་ཤེས་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་བུདྡྷ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུཾ། །ཧྲཱིཿདབུ་རུ་ངན་ལམ་རིགས་འཁྲུངས་དགེ་སློང་མཆོག །མཆིམས་ཕུའི་དབེན་རྩ་གཉིས་མགྲིན་གྲུབ་བརྙེས་རྟགས། །བདེ་ཆེན་འཁོར་ལོའི་གཙུག་ནས་རྟ་སྐད་འཚེར། རྣལ་འབྱོར་རྒྱལ་བ་མཆོག་དབྱངས་དབང་བསྐུར་རོ། །ༀ་ཨཿམ་ཧཱ་གུ་རུ་རྒྱལ་བ་མཆོག་དབྱངས་ཨ་བྷི༴ ཧྲཱིཿསྒྲགས་མདར་མཁར་ཆེན་རིགས་སུ་སྲིད་བཟུང་ཞིང་། མནོ་ཁ་ནེ་རིང་ཕྲིན་ལས་ཕུར་གྲུབ་རྟགས། །གཞན་གྱི་བསད་པའི་མི་རོ་སློང་ནུས་པ། མཁའ་འགྲ་ཡེ་ཤེས་མཚོ་རྒྱལ་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་ཌཀྐི་ཛྙཱ་ན་སཱ་ར་ཛི་ཨ་བྷི༴ །ཧྲཱིཿཡར་སྟོད་ཤམ་པོ་གངས་ཀྱི་ར་བ་རུ། །སྲིད་པ་བདེ་འགྲོ་མངོན་པར་གྲུབ་བརྙེས་རྟགས། །མ་མོ་དབང་འདུས་བྲན་དུ་བཀོལ་མཛད་པའི། །འབྲོག་མི་དཔལ་གྱི་ཡེ་ཤེས་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་འབྲོག་མི་དཔལ་གྱི་ཡེ་ཤེས། ཨ་བྷི་ཥིཉྩ་ཧཱུཾ། ཧྲཱིཿསློབ་དཔོན་རྗེ་དང་བཱི་མ་མི་ཏྲ་ཡི། །རྗེས་བཟུང་ཡོན་ཏན་བདུད་རྩིའི་བཀའ་བབས་མཆོག །རྫུ་འཕྲུལ་བྲག་ལ་བདུད་རྩི་འབྱིན་ནུས་པ། །གཉག་ཆེན་ཡེ་ཤེས་གཞོན་ནུས་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་ཛྙཱ་ན་ཀུ་མ་ར་ཨ་བྷི༴ ཧྲཱིཿ །སྤ་གྲོ་སྟག་ཚང་བསམ་འགྲུབ་ཀིའུ་ཚང་དུ། །དྲེགས་པའི་བདག་པོ་མངོན་པོར་གྲུབ་མཛད་རྟགས། །ལྷ་སྲིན་སྡེ་བརྒྱད་དབང་བསྡུད་བྲན་དུ་བཀོལ། །གྲུབ་ཆེན་དཔལ་གྱི་སེང་གེའི་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་དཔལ་གྱི་སེང་གེ་ཨ་བྷི༴ །ཧྲཱིཿ གཡའ་མ་ལུང་དང་ལི་ཡུལ་ལྕང་ར་རུ། །སྟོབས་ལྡན་ནག་པོ་མངོན་པར་གྲུབ་མཛད་རྟགས། །སྡེ་བརྒྱད་བྲན་ཁོལ་ཡེ་ཤེས་སྤྱན་ལྡན་པའི། །དགེ་སློང་རྣམ་སྣང་ལོ་ཙའི་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་བཻ་རོ་ཙ་ན་ཨ་བྷི་ཥིཉྩ་ཧཱུཾ། ཧྲཱིཿ །རིགས་གསུམ་དཔལ་གྱི་བསམ་ཡས་དབུ་རྩེ་རུ། །རྡོ་རྗེའི་རྒྱལ་ཚབ་ཆེ་མཆོག་མངོན་གྲུབ་རྗེ། །ཏིང་འཛིན་མི་གཡོ་མངའ་བདག་ཆོས་ཀྱི་རྒྱལ། །ཚངས་པ་ལྷ་ཡི་མེ་ཏོག་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་དྷེ་ཝ་མནྡ་ཨ་བྷི་ཥིཉྩ་ཧཱུཾ། ཧྲཱིཿ སློབ་དཔོན་རྗེ་དང་བཱཻ་རོ་ཙ་ན་ཡིས། །རྗེས་བཟུང་རྒྱལ་མོ་གཡུ་སྒྲ་སྙིང་པོ་ཞེས། །རྟོགས་པ་མཆོག་ལྡན་གསེར་གྱི་རྡོ་རྗེར་སྤྲུལ། །རྣལ་འབྱོར་དབང་ཕྱུག་ཆེན་པོའི་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་གཡུ་སྒྲ་སྙིང་པོ་ཨ་བྷི༴ ཧྲཱིཿ །སློབ་དཔོན་ཆེན་པོའི་རྗེས་བཟུང་རྣལ་འབྱོར་མཆོག །གསང་སྔགས་བླ་ན་མེད་པའི་འཁོར་ལོས་བསྒྱུར། །རྫུ་འཕྲུལ་མཁའ་ལ་ཐོགས་མེད་རླུང་ལྟར་རྒྱུ། །སྣ་ནམ་རྡོ་རྗེ་བདུད་འཇོམས་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་སོག་པོ་ལྷ་དཔལ་ཨ་བྷི་ཥིཉྩ་ཧཱུཾ། ཧྲཱིཿ །མ་ཧཱ་གུ་རུ་པདྨ་ཀ་ར་ཡིས། །སྨིན་གྲོལ་སྒོར་བཅུག་དངོས་གྲུབ་རྣམ་གཉིས་བརྙེས། །རྫུ་འཕྲུལ་མཁའ་ལ་ཐོགས་མེད་བྱ་ལྟར་ལྡོང་། །རྣལ་འབྱོར་སྣ་ནམ་ཡེ་ཤེས་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་སྣ་ནམ་ཡེ་ཤེས་ཨ༴ ཧྲཱིཿ མཁར་ཆེན་རྒྱལ་པོའི་རིགས་སུ་སྐུ་འཁྲུགས་ཤིང་། །སྐད་གཉིས་སྨྲ་བའི་མཆོག་གྱུར་ལོ་ཙ་བ། །སྔགས་ཀྱི་གྲུབ་བརྙེད་ཕུར་པ་གདེགས་ཚད་བཀུམ། །མཁར་ཆེན་དཔལ་གྱི་དབང་ཕྱུག་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་དཔལ་གྱི་དབང་ཕྱུག་ཨ་བྷི་ཥིཉྩ་ཧཱུཾ། ཧྲཱིཿ །བྷོ་ཌའི་རྒྱན་གཅིག་པདྨ་རྒྱལ་པོ་ཡིས། །གསང་སྔགས་སྔ་འགྱུར་བསྟན་པའི་སྒོར་བཅུག་དོན། །མི་རྗེད་གཟུངས་ཐོབ་གྲུབ་པའི་སར་བཞུགས་གོང་། །རྣལ་འབྱོར་ལྷན་མ་རྩེ་མང་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་ལྡན་མ་རྩེ་མང་ཨ་བྷི༴ ཧྲཱིཿ །པདྨ་ལས་འཁྲུངས་པད་འབྱུང་སྤྲུལ་པའི་སྐུས། །སྨིན་གྲོལ་སྒོར་བཅུག་སྤྲུལ་པའི་ལོ་ཙ་བ། །གཞན་སེམས་ཀུན་མཁྱེན་བོད་ཡུལ་མུན་སེལ་ཉི། །རྣལ་འབྱོར་སྐ་བ་དཔལ་བརྩེགས་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་སྐུ་བ་དཔལ་བརྩེགས་ཨ་བྷི༴ ཧྲཱིཿ དུས་གསུམ་ཀུན་མཁྱེན་པདྨ་སཾ་བྷ་ཝས། །སྨིན་གྲོལ་གཤེར་དང་དྲོད་ཀྱི་བསྐྱེད་བསྲིངས་འབྲས། །རྫུ་འཕྲུལ་སྟོབས་ཀྱིས་ཆུ་རྒྱུན་གྱེན་དུ་བལྡོག །ཤུད་པུ་དཔལ་གྱི་སེང་གེའི་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་དཔལ་གྱི་སེང་གེ་ཨ༴ ཧྲཱི། ཆོས་རྣམས་ཁོང་ཆུད་བློ་ལྡན་མཆོག་སྲེད་ཀྱིས། །རྗེས་བཟུང་སྔགས་ཀྱི་དངོས་གྲུབ་བརྙེས་པའི་རྟགས། །རོ་ལང་གསེར་དུ་བསྒྱུར་བའི་རྫུ་འཕྲུལ་ཐོབ། །རྣལ་འབྱོར་རྒྱལ་བའི་བློ་གྲོས་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་རྒྱལ་བའི་བློ་གྲོས་ཨ་བྷི༴ ཧྲཱིཿ བརྟུལ་ཞུགས་མཆོག་གྲུབ་ཉི་མ་འོད་ཟེར་གྱིས། །དབང་བསྐུར་མཐུ་བྱིན་སྐད་གཅིག་སྨྲ་བ་གང་། །རྫུ་འཔྲུལ་སྟོབས་ཀྱི་མཁའ་བསྒྲོད་བྱ་ཡང་འཛིན། །རྣལ་འབྱོར་ཁྱེའུ་ཆུང་ལོ་ཙའི་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་ཁྱེའུ་ཆུང་ལོ་ཙཱ་ཨ༴ ཧྲཱིཿ །བདུད་སྡེའི་དཔུང་འཇོམས་སེང་གེ་སྒྲ་སྒྲོགས་ཀྱི། །མཐུ་སྟོབས་རྩལ་འབྱིན་ནུས་སྟོབས་མངོན་གྱུར་རྟགས། །རྫུ་འཕྲུལ་བྱང་གི་གཡང་རྒོད་མངོན་དུ་ཁྲུག །རྣལ་འབྱོར་དྲན་པ་ནམ་མཁའ་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་དྲན་པ་ནམ་མཁའ༴ ཧྲཱིཿ །སྟོན་པའི་ཞལ་སྐྱིན་ཤཱཀྱ་སེང་གེ་ཡིས། །དབང་བསྐུར་ལུང་སྟོན་དབུགས་དབྱུགས་གྲུབ་བརྙེས་མཐུས། །ཆུ་ལ་ཉ་བཟིན་ཐོགས་མེད་རྫུ་འཕྲུལ་ཏོབ། །འོ་བྲན་དཔལ་གྱི་དབང་ཕྱུག་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་དཔལ་གྱི་དབང་ཕྱུག་ཨ༴ །ཧྲཱིཿའདོད་དགུའི་གར་བསྒྱུར་པདྨ་བཛྲ་གྱིས། །མཐུ་སྟོབས་ནུས་པའི་དཔལ་ཡོན་ལེགས་བྱིན་པས། །ཕ་འོང་ཟན་ལྟར་གསོལ་ནུས་རྫུ་འཕྲུལ་ཐོབ། །ལོ་ཆེན་རྨ་ཐོག་རིན་ཆེན་དབང་བསྐུར༴ །ༀ་ཨཱཿམ་ཧཱ་གུ་རུ་རྨ་ཐོག་རིན་པོ་ཆེ་ཨ༴ ཧྲཱིཿ ཁྲོ་བོ་འཆོལ་བ་རྡོ་རྗེ་གྲོ་ལོད་ཀྱིས། །གསང་གསུམ་བྱིན་རླབས་ནུས་པའི་དབང་བསྐུར་བས། །རི་བྲག་ཐོགས་མེད་སྡིག་ཅན་དར་མ་བསྒྲལ། །རྣལ་འབྱོར་དཔལ་གྱི་རྡོ་རྗེའི་དབང་བསྐུར༴ །ༀ་ཨཱཿམ་ཧཱ་གུ་རུ་དཔལ་གྱི་རྡོ་རྗེ་ཨ༴ ཧྲཱིཿ །ཨོ་རྒྱན་ཆེན་པོ་པདྨ་ཐོད་ཕྲེང་གིས། །སྨིན་གྲོལ་གདམས་པའི་བཅུད་བྱིན་གྲུབ་བརྙེད་གང་། །རྫུ་འཕྲུལ་གནམ་ལྕག་ཐོགས་འཕེན་ལོ་ཙཱ་བ། །ལང་གྲོ་དཀོན་མཆོག་འབྱུང་གནས་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་དཀོན་མཆོག་འབྱུང་གནས་ཨ་བྷི༴ ཧྲཱིཿ །མཁྲོ་ཡོངས་ཀྱིས་མིང་སོ་པདྨ་སྐྱེས་གསང་སྔགས་བདུད་རྩིའི་ཆོས་ཆར་ལེགས་འབབས་པས། །རྫུ་འཕྲུལ་མཁའ་ལ་སྐྱིལ་ཀྲུང་གིས་བཞུགས་གང་། །གྲུབ་ཆེན་རྒྱལ་བ་བྱང་ཆུབ་དབང་བསྐུར་རོ། །ༀ་ཨཱཿམ་ཧཱ་གུ་རུ་རྒྱལ་བ་བྱང་ཆུབ་ཨ་བྷི་ཥིཉྩ་ཧཱུཾ། ཧྲཱིཿ དཀྱིལ་འཁོར་སྒོ་སྲུང་བཞི་ཡི་དབང་བསྐུར་པ། །དཀྱིལ་འཁོར་སྒོ་བཞི་སྐྱོང་བའི་ལྷ་ཆེན་པོ། །རྡོ་རྗེ་རིན་ཆེན་པདྨ་ཀརྨ་དང་། རང་རང་སྐུ་མདོག་ཕྱག་མཚན་རྒྱན་རྣམས་རྫོགས། །ཁྲོ་བོ་གདེན་པ་བཞིའི་དབང་བསྐུར་རོ། །དེ་རྗེས་གཏོར་མའི་དབང་བསྐུར་བྱ་བ་ནི། །གཏོར་དངོས་པོ་ཙན་མར་འཛིན་པ་ཡིས། །དྲི་མ་ཡང་དག་རིག་འཛིན་འདུས་པ་ཡིས། བརྟེན་དང་བརྟེན་པའི་ངོ་བོར་ལྷུན་རྫོགས་པ། །སློབ་མའི་མགོར་བཞག་དབང་རྣམས་ཐོབ་བསམ་ལ། ཧྲཱིཿ དཀྱིལ་འཁོར་གཙོ་བོ་དཔལ་འབྱུང་ཡབ་ཡུམ་དང་། །རིགས་བདག་དགའ་རབ་རྡོ་རྗེ་སེམས་དཔའ་ཆེ། །ཀུན་བཟང་ཡབ་ཡུམ་རྒྱ་གར་རིག་འཛིན་བརྒྱད། །རྗེ་རྒྱལ་འབངས་ཉེར་ལྔ་ཡི་དམ་ལྷ། །རྒྱུད་སྡེ་བཞི་དྲུག་དཔའ་བོ་མཁའ་འགྲོའི་ཚོགས། །དཔལ་མགོན་བདུན་ཅུ་རྩ་ལྔ་དབང་ཕྱུག ། ཉེར་བརྒྱད་སྒོ་སྐྱོངས་གིང་ཆེན་བཞི་བཅས་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་རྣམས་ཀུན། །སྐལ་ལྡན་ལས་ཅན་རྣམས་ལ་བསྐུར་བ་ཡིས། །ལུས་ངག་ཡིད་གསུམ་སྒོ་གསུམ་ཆ་མཉམ་བཞིའི། །སྒྲིབ་བཞི་ཡོངས་དག་རིག་འཛིན་རྣམ་བཞི་དེང་། །སྐུ་བཞིའི་གོ་འཕང་ཐོབ་པའི་རྟེན་འབྲེལ་འགྲིགས། །མཐར་ཐུགས་གཞོན་ནུ་བུམ་སྐུ། མངོན་དུ་གྱུར། །ༀ་ཨཱཿཧཱུཾ། བཛྲ་མ་ཧཱ་གུ་རུ་སརྦ་སི་དྡྷི་ཧཱུཾ། ཀཱ་ཡ་སིདྡྷི་ༀ། ཝཀྐ་སིདྡྷི་ཨཿ ཧྲཱི་ཏྟ་ཧཱུྃ་གུརྞ་སིདྡྷི་ཏྲཾ། སརྦ་སིདྡྷི་ཧྲཱིཿ གཏོར་མ་གནས་སོ་སོར་བཞག་གོ། མཐའ་རྟེན་གྱི་དང་པོ་རྒྱལ་སྲིད་རིནཔོ་ཆེ་སྣ་བདུན་གཏད་པ་ལ། ཀུན་རྫོབ་དང་དོན་དམ་གཉིས་ལ། །དང་པོ་ལྟར་ན་ལམ་ཞུགས་གི་ལྷ་མི་ཐེགས་པར་གཞོམ་ཚེ་རྣམ་དཀར་གྱི་ལས་བསགས་པ་གང་ཞིག་དམ་པ་གསུམ་གྱིས་ཟིན་པའི་རིགས་རྣམས་འཕགས་པ་གསུམ་གྱིས་ཐུགས་བསྐྱེད་ལས་འཁོར་ལོས་བསྒྱུར་བའི་དཔལ་ཡོན་ལ་སྤྱོད་པ་དག་ལ་རིན་ཆེན་གསུམ་གང་རུང་ངམ། གསེར་འཁོར་རྩིབས་སྟོང་ལྡན་པ་ལྷ་དབང་གི་གནས་སམ། །རི་བོའི་ལས་ཅན་རྗེ་འབངས་ཉི་ཤུ་རྩ་ལྔ་དགོངས་ས་ཀློང་དུ་གྱུར་ནས་རིག་འཛིན་གྱི་ས་ལ་གཤེགས་ཤིང་རྫུ་འཕྲུལ་མ་མ་ཟུང་སྟོན་ནུས་པའི་གྲུབ་ཐོབ་ཀྱི་དངོས་པོར་གྱུར། །དེ་དག་གི་ཚེ་གསང་སྔགས་ཐུན་མོང་བ་ལས་ཁྱད་པར་དུ་གྱུར་པ་ནང་རྒྱུད་ཡོ་ག་གསུམ་གྱི་དགོངས་པའི་བཅུད་ཕྱུང་བ་ལྟ་བུའི་མན་སྔགས་ཟབ་པ་དང་རྒྱ་ཆེ་བ་ཇི་སྙེད་ཞིག་རྗེ་བཙུན་གུ་རུ་ཉིད་ཀྱི་དགོངས་པའི་ཀློང་ནས་ཕྱུངས། །མགུལ་གྱི་བུམ་པ་ནས་དྲངས། རྡོ་རྗེའི་ལྗགས་ལས་བཀྲམ། །དུང་གི་ཚེམ་པར་ནས་གཤར་ཏོ་རྒྱུད་ལས་བསྒྲུབ་ཐབས། །སྒྲུབ་ཐམས་ཅད་མན་སྔགས་མན་སྔགས་ལག་ལེན་དུ་སྡེབས་ཏེ་གདམས་པ་སྣ་རེས་ཀྱང་གང་ཟག་གཅིག་ཆོ་གཞན་ལ་ལྟོས་པར་སངས་རྒྱས་རྒྱ་བའི་ཟག་གནད་ཅན་དུ་བསྟན་པ་རྗེ་འབངས་སོ་སོ་ལ་བཀའ་བབས་ཀྱི་ངེས་པ་ལྟར་བཤད་པ་ལས། ཕལ་ཆེར་ཇོ་མོ་མཚོ་རྒྱལ་གྱིས་ཀློང་གསལ་རིག་པའི་བརྗེད་ངེས་དང་བྲལ་བའི་གཟུགས་ཀྱི་བཟུང་ཞིང་། ཌཀྐིའི་བརྡ་རིས་རྣམ་གྲངས་མཐའ་ཡས་པར་བཏབ་ནས་སྦ་བའི་གཉེར་ཁ་མཛད། །དེར་མ་ལྟོས་པ་ཡི་གེ་མཁས་པའི་མཆོག་ལེགས་བྱིན་ཉི་མ། རྐྱེན་པའི་ཕུལ་ལྡན་མ་རྩེ་མང་། དག་པའི་རབ་ཨ་ཙ་ར་ཡེ་ཤེས་དབྱངས་ལོགས་པས་བྲི་གཞི་ངོ་མཚར་གྱི་བཀོད་པ་དུ་མས་ཁྱད་དུ་འཕགས་པར་བཀོད་ནས་སློབ་དཔོན་ཉིད་ཀྱི་རབ་ཏུ་གནས་ཤིང་མཐོང་གྲོལ་གྱི་བདེན་པ་ཅན་དུ་བྱིན་གྱི་རླབས། མ་འོག་པའི་དུས་ན་རང་རང་གི་ལས་འཕྲོ་སྐལ་བ་དང་འཚམས་པར་འདོན་པར་དབང་བའི་སྐྱེས་བུ་དེ་ལ་སྨོན་ལམ་དབང་བསྐུར་གཏད་རྒྱ་ལུང་བསྟན་ཡོངས་སུ་རྫོགས་པས་འགྲོ་བའི་དོན་རླབས་པོ་ཆེ་འགྲུབ་པའི་ཐུགས་བསྐྱེད་སྨོན་པའི་མཚམས་སྦྱོར་དང་བཅས་ཏེ། །དམ་པའི་ཆོས་མི་ནུབ་པ་དང་། །གདམས་ངག་མི་འཆུག་པ་དང་། །བྱིན་རླབས་མི་ཡལ་བ་དང་། །རྒྱུད་ཐག་ཉེ་བ་སྟེ་དགོས་པ་རྣམ་པ་བཞི་དང་ལྡན་པར་དགོངས་ནས་སྔོན་གྱི་ཚེ་རྒྱལ་བ་རྣམས་ཀྱིས་ཐུགས་ནས་མཐའ་ཡས་ཀྱི་གཏེར་དུ་སྦས་པ་དང་། མཁའ་འགྲོ་མས་དགོངས་པའི་རྩལ་གྱིས་ནམ་མཁའི་གཏེར་དུ་སྦས་པ་དང་། རིག་འཛིན་རྣམས་ཀྱིས་སྒོམ་བུལ་བརྟེན་ཏེ་པའི་གཏེར་དུ་སྦས་པ་དང་རྗེས་སུ་མཐུན་པར་མཚོན་བྱ་དོན་གྱི་མན་སྔགས་སྐུ་གསུམ་རང་བྱུང་གི་སྒྲོམ། མཚོན་བྱེད་ཚིག་གི་དཔེ་རྒྱུད་དང་། མྱོང་གྲོལ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་པ་ཉོ་རི་བྲག་ཆུ་ཤིང་ལོགས་པའི་གནས་ཐ་དད་པར་འབྱུང་བ་ལྔའི་རྒྱས་བསྡམས་ཏེ་སྦས་པ་གཏེར་སྟོན། སངས་རྒྱས་བླ་མ་དང་མངའ་བདག་ཉང་ཡབ་སྲས་ནས་བཟུང་རིམ་པར་དུས་རྟགས་དང་མཚུངས་པར་མངོན་དུ་ཕྱུང་བའི་ནང་ཚན་ལས་ཁྱད་པར་དུ་གྱུར་པ་འདིའི་ལོ་རྒྱུས་ཅུང་ཟད་ཞུ་ན། །བླ་མདགོངས་པ་འདུསཔའི་ལུང་ངན་བཀའ་རྒྱ་མ་ལས། །ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུཿ ཟབ་དོན་སྙིང་ཐིག་ཆོས་ཀྱི་འགྲོ་བ་འདྲེནཿ འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུང་ཿ ཞེས་དང་རྗེས་ཉིད་ཀྱི་རང་གཏེར་གནད་བྱང་ཐུགས་ཀྱི་སྒྲོམ་བུ་ལས། རིག་འཛིན་དཔའ་བོ་མཁའ་འགྲོ་ཡིསཿ བསྐུལ་མ་ཐང་གསུམ་དག་ཏུ་འོང་ཿ །དེ་ཚེ་མི་བརྗེད་དྲན་པའི་གཟུངསཿ གཟིར་དྲུག་གནད་ཀྱི་ལྡེ་མིག་གིསཿ ཀློང་གསལ་དགོངས་པའི་གཏེར་ཁ་འབྱེདཿ ཅེས་དང་། སྤྲེལ་ལོ་སྤོབས་ཟླས་ཚེ་བཅུ་ལཿ པདྨ་ང་དག་དངོས་ཞལ་མཇལཿ བར་ཆད་སེལ་ཞིང་བྱིན་གྱི་རློབསཿ ཅེས་གསུངས་བཞིན། སྤྲེལ་ལ་སྤྲེལ་ཟླའི་ཚེས་བཅུའི་ཉིན་པདྨ་འོད་གླི་སིནྡྷུ་རྒྱ་མཚོའི་ཞིང་ཁམས་བཀོད་པར་ཕྱི་ནང་གི་མཆོད་པ་གཟབ་རྒྱས་དང་བཅས་པས་མན་སྔགས་བཅུ་གསུམ་སྤྱི་དྲིལ་གསོལ་འདེབས་བསམ་པ་ལྷུན་གྲུབ་མའི་སྒོ་ནས་ཚེས་བཅུའི་ཆོ་ག་བསྟར་བ་ལས། སྤྱན་འདྲེན་གྱི་ཚེ་མོས་གུས་བླ་ན་མེད་པས་རྐྱེན་བྱས་དཔལ་ཨུ་རྒྱན་ཆོས་ཀྱི་རྒྱལ་པོས་མཚན་དཔེའི་ལང་ཚོ་བལྟ་བས་ཆོག་མི་ཤེས་པ་དཔའ་བོ་མཁྲོ་ཏིལ་གི་གོང་བུ་ལྟར་འཁྲིགས་པའི་ཀློང་ནས་རྡོ་རྗེའི་གར་སྟབས་སྲིད་གསུམ་ཟིལ་གྱི་གནོན་པའི་རང་བཞིན་དུ་སྒྱུར་ཞིང་། མནྡ་ར་བའི་མེ་ཏོག་གི་སིལ་བ་ཀུན་ཏུ་འཐོར་བའི་ངང་ཚུལ་ཅན་ཆུ་བུར་མིག་གི་སྤྱོད་ཡུལ་དུ་གྱུར་པས་མོས་གུས་ཀྱིས་བརྒྱལ་བ་ཙམ་གྱི་ངང་ནས་སྐལ་པ་བཟང་པོའི་དགེ་མཚན་ཅི་ཡང་ཐོབ་པོ། །དུས་དེར་ལྷོ་རྒྱུད་སྤྲུལ་པའི་སྐུ་མཆོག་རྣམས་གསུམ་གྱི་དགོངས་གཏེར་ཆེན་པོ་གཏན་ལ་དབབ་པ་ལགས་པོའི་དབུགས་འབྱིན་རྟེན་དང་བཅས་ཏེ་དངས་བ་སྟོན་པར་མཛད་པ་དང་གནུབས་ནམ་མཁའི་སྙིང་པོའི་སྤྲུལ་པ་ཀོང་སྨྱོན་སྦས་པའི་རྣལ་འབྱོར་གྱི་ལྐོག་གྱུར་མངོན་དུ་རིག་པ་ལྟར་ད་ལམ་ཅིས་ཀྱང་ཐུགས་གཏེར་གཏན་ལ་འབེབས་དགོས་ཀྱིས་གསུངས་ནན་སོགས་རྟེན་འབྲེལ་དུས་མཚུངས་སུ་གྱུར་བཞིན་སྤེལ་བ་ཡང་། སྒྲོན་མ་རྣམ་བཀོད་ལས། དགོངས་པ་བརྡའ་དང་སྙན་བརྒྱུད་ནས། གསང་སྔགས་དོན་གྱི་ཚད་མ་འབྱུང་། དཔེ་ལ་བརྟེན་ནས་དོན་ངོ་ཤེས། རྟགས་ལ་བརྟེན་པས་ཡིད་ཆས་འགྱུར། ཞེས་གསུངས་པ་ཡང་། པཎ་ཆེན་བི་མ་ལེའི་གསང་བ་གསུམ་གྱི་སྒྱུ་འཕྲུལ་ཀུན་མཁྱེན་ངག་གི་དབང་པོ་འདོལ་གྱི་ངང་ནས་ཞལ་ལན་གསུམ་མཇལ་ནས་དགོངས་པའི་གསང་མཛོད་ཆེན་མོ་གཏན་ལ་དབབ་པར་བསྐུལ་ཞིང་རིགས་སྔགས་ཌཱཀྐིའི་གཙོ་མོས་བརྡ་འགྲོ་ཀྱི་སྐབས་དབྱེ་ནས་རིམ་པར་སྐྱར་ཤོག་དཀར་པོའི་ངོས་སུ་སྣང་བར་བྱས་པ་ལ། ཨེ་མཿ འདི་ལྟར་ཤིན་ཏུ་ཟབ་པའི་གནདཿ གཏེར་བཅུད་འདུས་པ་དགོངས་པའི་གཏེརཿ ཀློང་གསལ་དབྱིངས་ཀྱིས་ཕོ་བྲང་དུཿ བརྡའ་ཚིག་རྡོ་རྗེའི་རོལ་མོ་འཁྲོལཿ སྙིང་ལ་རྒྱས་བཏབ་སྦ་སྙམས་ཡང་ཿ རིག་འཛིན་མཁའ་འགྲོའི་བརྡས་བསྐུལ་ནསཿ ལས་ཅན་རྗེས་འཇུག་དོན་དུ་བཀོདཿ ཅེས་གསུངས་པས་ཀློང་ཆེན་བརྡའ་བསྒྱུར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ནང་སྒྲུབ་རིག་འཛིན་འདུས་པའི་དབང་བསྐུར་བར་བྱེད་པ་ལ། བདག་གིས་བགྱི་བར་འོས་པ་རྣམས་སྔོན་དུ་གྲུབ་ནས། ད་ཁྱེད་རང་ངོ་སྐལ་དུ་གྱུར་པའི་མཎྜལ་འབུལ་མཛོད། ཅེས་བརྡའ་སྦྱར་ལ་མཎྜལ། ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཅེས་བརྡའ་སྦྱར་ལ། ཧོ་བདག་ནི་སྐལ་ལྡན་རིགས་ཀྱི་བུཿ ཐུགས་རྗེ་ཆེན་པོའི་རྗེས་བཟུང་ལཿ དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུཿ འཇུག་ཅིང་སྨིན་པར་མཛད་དུ་གསོལཿ ཚར་གསུམ་ཞུ་ཞིང་། ལན་སྦྱིན་པ་ནི། ཧོ། གསལ་བ་མཆོག་གི་དཀྱིལ་འཁོར་འདིརཿ འཇུག་པར་དཀའ་ལ་ཁེ་ཉན་ཆེཿ དམ་ཚིག་ཉམས་ན་བརླག་གྱུར་པསཿ དམ་བསྒྲུང་དབང་བསྐུར་སྦྱིན་པར་བྱཿ ཅེས་བསྒྲག་སྐྱབས་སེམས་སོགས་ཅེས་པ་དང་པོ་ལྟར་སྤྱིར་མཆོག་གསུམ་རིན་པོ་ཆེར་སྐྱབས་སུ་མ་སོང་ན་ནང་ས་སངས་རྒྱས་ཀྱི་གྲལ་དུ་མི་ཚུད་པ་དང་། སྒོས་སུ་དབང་གི་ནུས་བཅུད་ཆགས་པ་ལའང་མེད་དུ་མི་རུང་བ་ལགས་པས། མདུན་གྱི་ནམ་མཁར་བླ་མ་དང་དབྱེར་མ་མཆིས་པ་བླ་མ་རིན་འཛིན་འདུས་པའི་ལྷ་ཚོགས་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་གྱི་བསྐོར་བ་གསལ་བའི་མདུན་དུ་ཁྱེད་རང་གི་དྲིན་ཆེན་ཕ་མའི་ཐོག་དྲངས་མཁའ་མཉམ་གྱི་འགྲོ་བ་ཐམས་ཅད་པ་ཆེན་པོའི་རྡུལ་བཞིན་འཚོགས་ནས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙི་པོ་ལ་མཆིས་ཀྱི་བར་དུ་བླ་མ་རིག་འཛིན་འདུས་པའི་ལྷ་ཚོགས་སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟླས་མཛོད། ན་མོ་བདག་དང་མཐའ་ཡས་སེམས་ཅན་ཀུནཿ མཆོག་གསུམངོ་བོ་བླ་མ་དང་ཿ རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་ལཿ སྙིང་ནས་དད་པའི་སྐྱབས་སུ་མཆིཿ ལན་གསུམ་གཉིས་པ་སེམས་བསྐྱེད་ནིཿ དེ་ཡང་ནམ་མཁའི་གར་ཁྱབ་སེམས་ཅན་གྱི་ཁྱབ། སེམས་ཅན་གྱི་གར་ཁྱབ་ལས་ངན་དང་སྡུག་བསྔལ་གྱི་ཁྱབ། ལས་ངན་དང་སྡུག་བསྔལ་སྤྱོདཔའི་སེམས་ཅན་དེ་རྣམས་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད། ཕ་མ་དེ་རྣམས་བདེ་བ་འདོད་ཀྱང་སྡུག་བསྔལ་ཁོ་ནའི་རྒྱུ་དང་འབྲུས་ལ་སྤྱོད་པ་སྙིང་རེ་རྗེ་དེ་རྣམས་སངས་རྒྱས་ཐོབཔར་འདོད་པའི་སྨིན་སེམས་དང་། དེ་དང་འབྲེལ་པའི་སྨིན་གྲོལ་གྱི་ཆོས་རྣམས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་དབྱེར་མེད་པའི་འཇུག་སེམས་བརྟེན་ནཔའི་གོ་ནས་འདིའི་རྗེས་ཟློས་མཛོད། ཧོཿརིག་འཛིན་དཀྱིལ་འཁོར་འདིར་ཞུགས་ནསཿ ཕ་མ་འགྲོ་དྲུག་སེམས་ཅན་ཀུནཿ ཚད་མེད་སྙིང་རྗེས་སྒྲོལ་བའི་ཕྱིརཿ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེདཿ ལན་གསུམ། ཡན་ལག་བདུན་པའི་ཚོགས་བསགས་བྱ། དེས་ནི་དབང་འདི་གཞི་རྟེན་འགྱུརཿ ཞེས་པས་ཡན་ལག་བདུན་པ་ཡང་། ཐོག་དམན་ལུགས་ལྟར་མ་ཡིན་ཏེ། རྫོགས་པ་ཆེན་པོའི་རིང་ལུགས་བཞིན། ཁྲིགས་ཆོད་ཐོད་རྒལ་དོན་དྲན་བཞིན་འདི་ཡི་རྗེས་ཟློས་བྱེད་པར་རིག ཧོཿ ཆུ་ུལུས་ཆུ་སྦུར་ཇི་བཞིན་དུཿ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷག་པརཿ མངོན་སུམ་རིག་པས་ཕྱག་འཚལ་ལོཿ ཉམས་སྣང་གོང་འཕེལ་མཆོད་པ་འབུལཿ རིག་པ་ཚད་ཕེབས་ངང་དུ་བཤགསཿ ཆོས་ཉིད་ཟད་ལ་རྗེས་ཡི་རང་ཿ འཕོ་ཆེན་ཀློང་ནས་ཆོས་འཁོར་བསྐོརཿ འཇའ་ལུས་ཆེན་པོར་བཞུགས་གསོལ་འདེབསཿ དགེ་ཚོགས་གཞོན་ནུ་བུམ་སྐར་བསྔོཿ སོགས་ལན་གསུམ་བརྗོདཿ དེ་ནས་སྡོམ་གསུམ་བླང་བ་ནིཿ ཧོཿ རིག་འཛིན་དཀྱིལ་འཁོར་བདག་ལ་དགོངསཿ བདག་སྔགས་རྡོ་རྗེའི་མཆེད་ལྕམ་རྣམསཿ བྱང་ཆུབ་སྙིང་པོར་མཆིས་ཀྱི་བརཿ དགེ་བསྙེན་དགེ་ཚུལ་དགེ་སློང་དང་། བྱང་ཆུབ་སེམས་དཔའི་སྨོན་འཇུག་སེམསཿ རིག་འཛིན་སྔགས་ཀྱི་སྡོམ་པའི་ཚོགསཿ མ་ལུས་བདག་གི་ཡོངས་སུ་བཟུང་། ལན་གསུམ། །ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་ཕྱིར་སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། སེམས་ཅན་གྱི་དོན་དུ་སངས་རྒྱས་བསྒྲུབ་པའི་བློ་བཅོས་མིན་དེ་ཉིད། སྙིང་གར་ཀུན་རྫོབ་བྱང་སེམས་ཀྱི་ངོ་བོ་ཉ་ཟླའི་སྟེང་དུ་དོན་དམ་བྱང་སེམས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་འོད་དང་འོད་ཟེར་འབར་བར་གྱུར། ཞེས་བསམ་ལ། ༀ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མི། ལན་གསུམ། དམ་བཞག་ནི། ནང་མཆོད་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། དམ་ཚིག་ཉམས་ན་བསྲེག་པར་བྱེད། བསྲུང་ན་དངོས་གྲུབ་ཐམས་ཅད་ཐོབ། དམ་ཚིག་བདུད་རྩིའི་ཆུ་འདི་འཐུགས་ས་མ་ཡ་ཨེ་དན་ན་ཏ་ཀྐན། སློབ་མ་ལྷ་དང་སྐལ་བ་མཉམ་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་འདིའི་རྗེས་ཟློས་མཛོད། ཀྱེ་རིགས་ལྔ་བདེ་བར་གཤེགས་པ་དང་། བླ་མ་ཡི་དམ་མཁའ་འགྲོ་དགོངས། སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱི། སྒོ་ཕྱེ་ཐད་པའི་གྲོང་བསྟན་འཚལ། ལན་གསུམ་གྱི་རྗེས་སུ་བླ་མས། ཨ་ཁཾ་ཝི་ར་ཧཱུཾ་གིས་དམ་དུ་བཅུག་པར་བསམ་ལ། སློབ་མས་གནས་གསུམ་དུ་ཐལ་མོ་སྦྱར་ཞིང་སྐུ་གསུང་ཐུགས་ཀྱི་ཕྱག་བྱེད་བཞིན། ༀ་ན་མ་ཏེ་ཧཱུཾ། ༀ་ན་མ་མེ་ཧཱུཾ། ༀ་ན་མ་ན་མ་ཧཱུཾ། གིས་ཕྱི་འཇུག་དང་། ནང་འཇུག་ནི། སློབ་དཔོན་དང་དཀྱིལ་འཁོར་གྱི་བདག་པོ་གཉིས་སུ་མེད་པའི་སྲས་སུ་བྱ་བའི་ཕྱིར་དམིགས་པ་འདི་བཞིན་མཛོད། གཙོ་བོའི་མདུན་ཐད་ཤར་སྒོའི་དབང་སྟེགས་ལ་འཁོད་པས་དཀྱིལ་འཁོར་གྱི་བདག་པོའི་ཐུགས་ཀ་ནས་འོད་ཟེར་བྱུང་། སློབ་མའི་རྣམ་སྨིན་གྱི་ཕུང་པོ་སྦྱངས། རྣམ་པར་ཤེས་པ་ཧཱུཾ་དུ་གྱུར་པ་ཡབ་ཀྱི་ཞལ་ནས་དྲངས། རྗེས་སུ་ཆགས་པའི་ཡེ་ཤེས་ཀྱི་བསྐལ་ཏེ་ཡུམ་གྱི་པདྨོར་ལྷུང་། སྲས་ཀྱི་ཚུལ་དུ་རྣམ་པར་གྱུར་པ་ནི། ཆོས་ཐམས་ཅད་རང་བཞིན་གྱི་འོད་གསལ་བའི་སྟོང་པ་ཉིད་དུ་གྱུར། སྟོང་གསལ་འཛིན་པ་བྲལ་བ་དེའི་ངང་ལས་ལྷག་མཐོང་སྣང་ཆའི་རྟེན་འབྲེལ་འགགས་པ་མེད་པའི་རོལ་རྩལ་ལས། ལྷུན་གྲུབ་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་སུ། སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ལ་སློབ་མ་ཁྱེད་རང་རྣམས་སྐད་ཅིག་དྲན་རྫོགས་སུ་མཁའ་ལ་འཇའ་ཚོན་ཤར་བཞིན་སངས་རྒྱས་ཀུན་དངོས་རྗེ་བཙུན་ཆེན་པོ་མ་ཧཱ་གུ་རུ་པདྨ་གནས་འབྱུང་སྣང་ཉིད་ཟིལ་གནོན་གྱི་ཆ་བྱད་ཅན་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་བསྡིགས་པའི་ཚུལ་གྱི་ནམ་མཁར་ཕྱར་བ་གཡོན་ཛ་གད་ཀྱིས་བཀངས་པའི་ཀ་པ་ལར་འཆི་མོད་ཀྱི་བདུད་རྩིས་གཏམས་པའི་ཚེ་བུམ་ལྷན་ཅིག་ཏུ་བསྣམས་པ། སྐ་ལ་བྱང་སེམས་ཀྱི་ཐོག་པ་རྫོགས་པའི་རྟགས་སུ་ཕོད་ཁ་དང་། ཉན་རང་གི་ཐེག་པ་རྫོགས་པའིརགས་སུ་ཆོས་གོས་རིག་འཛིན་སྔགས་ཀྱི་ཐེག་པ་རྫོགས་པའི་རྟགས་སུ་བེར་འདུང་མནབས་པ། དབུ་ལ་པཎ་ཞུ་པདྨ་ཁ་ཕྱེ་བ་ལྟ་བུ་རྒོད་སྒྲོ་དར་སྣ་ཉི་ཟླ་རྒྱ་གྲམ་གྱི་མཚན་པ་ཅན་གསོལ་བ། ཞབས་གཉིས་རྒྱལ་པོརོལ་པའི་སྟབས་ཀྱི་བཞུགས་པའི་སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་མཐིང་ཀ་གསུམ་གསལ་བ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་བརྒྱུད་བསྐལ་ཏེ་མདུན་གྱི་ནམ་མཁའ་དབྱིངས་སུ་སྤྲིན་འཁྲིགས་པ་ལྟར་བྱོན་པར་གྱུར། ཞེས་བསམ་ལ། ཧཱུཾ་འཕཊ་མཆོག་ཐུགས་རྗེའི་དུས་ལ་བབས། ཁྱད་པར་སྟོན་པའི་དུས་ལ་བབས། མཐུ་རྩལ་དབྱུང་བའི་དུས༴ བྱིན་གྱིས་བརླབས་པའི་དུས༴ དབང་མཆོག་བསྐུར་བའི༴ དངོས་གྲུབ་རྩོལ་བའི་དུས་ལ་བབས། མཐུན་མོང་བདུད་ལ་བཅོམ་ལྡན་འདས། བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས། དབང་ཆེན་དབང་བསྐུར༴ དངོས་གྲུབ་མཆོག་རྩོལ་བཅོམ་ལྡན་འདས། བདག་ཆགས་ལས་འབྲས་མཆིས་པར་མཛོད། ༀ་བཛྲ་པྲ་ཝེ་ཤ་ཡ་སྲ་ཝེ་ཤ་ཡ་ཧཱུཾ་ཧཱུཾ། མང་དུ་བརྗོད་ལ་ནན་ཏན་བྱ། ལུས་ངག་ཡིད་ལ་ཕེབ་པའི་རྟག་འདར་ཞིང་འཕར་གཡོ་པང་ཀྲྀ་ཏའི། བརྡའ་སྐད་གླ་ལེན་ངུ་བ་དང་། བདེ་གསལ་མི་རྟོགས་ལྷག་པའི་ལྷས། སྤོག་ན་རྡོ་རྗེའི་འདུག་སྟངས་ཀྱི། སྙིང་གར་གཡུང་དྲུང་དམར་པོ་དྲག་ཏུ་འཁོར་བར་བསྒོམ་ལ། ཧཱུཾ་སྔོན་གྱི་བསྐལ་པའི་དང་པོ་ལ་ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། པདྨ་གེ་སར་སྡོང་པོ་ལ། ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། པདྨ་འབྱུང་གནས་ཞེས་སུ་གྲགས། འཁོར་དུ་མཁའ་འགྲོ་མང་པོ་དང་། རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིཿ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། སྒྲུབ་མཆོག་བདག་ལ་དབང་བཞི་བསྐུརཿ བགེགས་དང་ལོག་འདྲེན་བར་ཆོད་སོལཿ མཆོག་དང་ཐུན་མོངས་དངོས་གྲུབ་རྩོལ། ༀ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཡ་ལ་ཧཱུཾ་ཨཿ ཧཱུཾ་ཧཱུཾ་ཧཱུཾ། ཨ་ར་ལི་ཡི་ཕེཾ་ཕེཾ་གྱིས། གླ་ཡིས་བསྐལ་ཞིང་ལྟ་བས་གཅུནཿ ཡེ་ཤེས་དབབ་པ་དེ་ཉིད་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ཧཱུཾ། ཞེས་བརྗོད་པས་བརྟན་པར་བྱས་ནས་མེ་ཏོག་དོར་བ་ནི། ཀྱེ་བདེ་གཤེགས་རིག་ལྔའི་ཕོ་བྲང་དུཿ འབྲལ་བའིམེ་ཏོག་འདིདོར་བས། ལས་འཕྲོ་གང་ཡོད་ལྷ་དང་མཇལ་བར་ཤོག །ༀ་པུཔྤེ་སིདྡྷི་སྟྭོཾ། ལྷུངས་ན་བསྐྱར་ཞིང་སྤྱི་བོར་བཅིངས། པྲ་ཏི་གྷྲྀ་ཧ་ན་ཨི་མཾ་ས་ཏྭ་མ་ཧཱ་བ་ལ། ལྷག་ལྷ་སྤྱི་བོར་ཐིམ་པར་བསམ། གདོང་གཡོག་ཕྱེ་ཞིང་དཀྱིལ་འཁོར་བསྟན། སྟོན་པ་རིགས་ལྔའི་སངས་རྒྱས་ཀྱི། ཁྱོད་ཀྱི་མ་རིག་འཁོར་བའི་མིག །ཡེ་ཤེས་སྤྱན་དུ་དབྱེ་བ་ལྟར། དེ་བཞིན་ཁྱེད་ཀྱི་འགྲོ་བ་རྣམས། ཡེ་ཤེས་སྤྱན་དུ་འབྱེད་པར་ཤོག །ཙཀྵུ་པྲ་ཝེ་ཤ་ཡ་ཕཊཿ ཨེ་མ་སྐལ་ལྡན་རིགས་ཀྱི་བུ། ཁྱོད་ནི་སྡིག་ལ་ཀུན་ལས་གྲོལ། དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། ལུས་ངག་ཡིད་ཀྱི་དད་པ་བསྐྱེད། དངོས་གྲུབ་ཐམས་ཅད་ཁྱེད་ཀྱི་ཐོབ། དམ་ཚིག་སྔགས་ལ་བརྩོན་པར་གྱིས། ཀྱཻ་རིགས་ཀྱི་བུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལོགས་པ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་བརྡའ་དོན་རྟག་ཀྱི་མཚོན་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་འདི་ནི། རྟེན་གཞལ་ཡས་ཁང་ཏེ་ནང་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་མཚོན་ལ། དེ་ན་བཞུགས་པ་བརྟེན་པ་ཡེ་ཤེས་ཀྱི་ལྷ་ནི་རང་གི་སེམས་རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་དམ་པ་རིགས་བརྒྱའི་ལྷ་ཚོགས་སུ་བཞུགས་པ་དེ་དྲཔར་གྱིས་ཤིག །འཇུག་པའི་ཆོ་གའོ། །གཉིས་པ་དབང་བསྐུར་བ་ནི། ཕྱོགས་བཅུའི་རྒྱལ་རྡོ་རྗེ་ཅན་གྱི་སངས་རྒྱས་ལ། འགྲོ་བ་སྐྱོབས་པའི་ཆེད་དུ་དབང་། ཡོན་ཏན་འབྱུང་གནས་ཇི་ལྟར་རྩལ། དེ་ལྟར་འདི་ལའང་རྩལ་དུ་རྩོལ། ཞེས་གསོལ་བ་བཏབ་པ། གཤེགས་པ་རྣམས་ཀྱི་དགོངས་པ་མཛད། གཤེགས་མ་རྣམས་ཀྱི་དགོངས་པ་མཛད། གཤེགས་མ་རྣམས་ཀྱི་དབང་བསྐུར། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། སེམས་མ་རྣམས་ཀྱི་གླ་གར་བསྒྱུར། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། དེ་ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར། སློབ་མི་བསྐྱོད་པར་གསལ་ལ། བུམ་པ་བཏེགས་ནས། ཧཱུཾ་རྣམ་ཤེས་ཕུང་པོ་རྣམ་དག་ཅིང་། ཉོན་མོས་ཞེ་སྡང་སྦྱོང་བྱེད་པའི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། རིགས་ཀྱི་བུ་ཁྱོད་ལ་མི་བསྐྱོད་པ་ཆུའི་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་ཐམས་ཅད་དག །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་པ་དང་ཆུའི་ཁམས་མཱ་མ་ཀིར་སངས་རྒྱས་ཞེ་སྡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེ་རིགས་ཀྱི་ཐུགས་འཁྲུལ་བ་མེད་པས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་རིན་འབྱུང་དུ་གསལ་ལ་དབུ་རྒྱན་ཐོགས་ནས། ཧཱུཾ་ཚོར་བའི་ཕུང་པོ་རྣམ་དག་ཅིང་། ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི། དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །ༀ་རཏྣ་ཨ་བྷི་ཥིཉྩ་དྲཾ། རིགས་ཀྱི་བུ་ཁྱོད་ལ་རིན་འབྱུང་བའ ི་ངོ་བོ་དབུ་རྒྱན་འདི་བཀོན་པ་ཙམ་གྱི་ཤེས། བྱའི་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་སའི་ཁམས་སངས་རྒྱས་སྤྱན་དུ་དག །ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ས་བོན་ཏམས་ཅད་མཁྱེན་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་བསྐང་བ་མཐའ་ཡས་སུ་གསལ་ལ། རྡོ་རྗེའི་དབང་བསྐུར་ཞིང་། ཧཱུཾ་འདུ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་འདོད་སྔགས་སྦྱོང་སྒྱེད་པའི། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི། །དཔལ་ལྡན་གསུང་གི་དབང་བསྐུར་རོ། །ༀ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་དབང་བསུར་བས་ངག་གི་སྒྲིབ་པ་ཐམས་ཅད་དག །སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དག་མེའི་ཁམས་མ་མ་ཀིར་སངས་རྒྱས། འདོད་སྔགས་སོ་སོར་རྟོགས་པའི་ཡེ་ཤེས་སུ་གྲོལ་ཏེ་སངས་རྒྱས་པདྨ་རིག་ཀྱི་གསུང་འགགས་པ་མེད་པ་ཆོས་ཀྱི་སྒྲ་དབྱངས་ཀྱི་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་དོན་གྲུབ་ཏུ་གསལ་ལ། དྲིལ་བུ་འཛིན་པས། ཧཱུཾ་འདུ་བྱེད་ཕུང་པོ་རྣམ་དག་ཅིང་། ཉོན་མོངས་ཕྲག་དོག་སྦྱོངས་བྱེད་པ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི། དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ། །ༀ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ རིགས་ཀྱི་བུ་ཁྱོད་ལ་དྲིལ་བུ་འདི་གཏད་པ་ཙམ་གྱིས་ཀུན་གཞིའི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་ཉུང་གི་ཁམས་དམ་ཚིག་སྒྲོལ་མར་སངས། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ་ལས་ཀྱི་རིགས་ཀྱི་ཕྲིན་ལས་ཐོགས་པ་མེད་པ་འགྲུབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། སློབ་མ་རྣམས་སྣང་དུ་ུགསལ་ལ། མིང་དབང་བྱིན་པར་མོས་ཏེ། ཧཱུཾ་གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་གཏི་མུག་སྦྱོངས་བྱེད་པའི། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །ༀ་བྷུདྡྷ་ཆེ་གེ་མོ་ཨ་བྷི་ཥིནྩ་ཧཱུཾ། རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས། སངས་རྒྱས་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་དབང་ཐོབ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་། ནམ་མཁའ་དབྱིངས་ཕྱུག་མར་སངས་རྒྱས། གཏི་མུག་མེ་ལོང་ཡེ་ཤེས་སུ་གྲོལ་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའིི་དོན་བྱེད་པར་འགྱུར་རོ། །ཅེས་རིགས་དབང་ལྔའི་གསང་སྔགས་ཕྱི་པའི་དབང་ཡང་ཞར་འབྱུང་དུ་རྫོགས་པའོ། །རྡོ་རྗེ་སློབ་དཔོན་གྱི་དབང་གི་ཐུགས་ཀྱི་དམ་ཚིག་རྡོ་རྗེ་བསོར་བ་དང་། གསུང་གི་དམ་ཚིག་དྲིལ་བུ་འཀྲོལ་བ་དང་། སྐུའི་དམ་ཚིག་འཁྱུད་རྒྱ་བྱེད་པ་སྟེ་དམ་ཚིག་གསུམ་བྱིན་ལ། ༀ་ཨཱཿཧཱུཾཿ ཐམས་ཅད་ཤེས་རབ་གཉིས་མེད་ཅིང་། །སྣང་སྟོང་དབྱེར་མེད་འདི་བཟུང་ལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡི། །ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱི། །འགྲོ་ཀུན་རྗེས་སུ་བཟུང་བར་མཛོད། རིགས་ཀྱི་བུ་ཁྱོད་ལ་གསང་བ་སྔགས་ཀྱི་ཕྱག་རྒྱའི་དམ་ཚིག་གི་ནང་ནས་མཆོག་ཏུ་གྱུར་པ་རྡོ་རྗེ་དང་དྲིལ་བུ་དཀྱིལ་འཁོར་ཐམས་ཅད་པས་བདག་ཉིད་འདི་ལག་ཏུ་གཏད་པ་ཙམ་གྱིས། རྣམ་པ་ཐམད་ཅད་མཁྱེན་པའི་ས་བོན་ཐེབ། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་སངས་ཏེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ནུས་པར་གྱུར་ཅིག །ཅེས་བརྗོད་རྒྱལ་ཚབ་ཏུ་འོས་པའི་སློབ་བུ་ཡིན་ན་པུ་ཏི་དུང་དཀར་ཕྱག་ཤིང་འཁོར་ལོ་སོགས་པའང་སྤྲད་ཅིང་ཁྲི་ལ་མངའ་གསོལ་བ་གཞན་དང་མཐུན། སླར་ཡང་རྣམ་རྒྱལ་བུམ་པ་བཟུང་ལ། ཧཱུཾ་བཀྲིས་བུམ་པ་ལྷའི་གཞན་ཡས། ལྷ་དང་གཉིས་མེད་བདུད་རྩིའི་ཆུས། སྐལ་ལྡན་བུ་ལ་དབང་བསྐུར་བས། སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས། རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིང་། ཀུན་ཏུ་འོད་ཀྱི་ས་ནོན་ཤོག་རྩ་སྔགས་དང་ཀཱ་ཡ་ཨ་བྷི་ཥིཉྩ་ༀ། རིགས་ཀྱི་བུ་ཁྱོད་ལ་དབང་ཐམས་ཅད་བརྟེན་པར་བྱེད་པ་རྣམ་རྒྱལ་གྱི་བུམ་པས་དབང་བསྐུར་བས་སྣོད་བཅུད་ལྷ་དང་གཞལ་ཡས། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་ལྷ་དང་ལྷ་མོར་གནས་དག་པ་ཡིན་པས་ཕྱི་ནང་ཐམས་ཅད་ལ་བརྙས་པར་བྱས་ན་ལྟུང་བར་གྱུར་པ་ཡིན་པས་དག་སྣང་དང་མོས་པ་གྱི་ཤིག །སྐབས་འདིར་ལྷ་དབང་བསྐུར་བ་ནི། རིག་འཛིན་ལྷ་དབང་སྤྲུལ་སྐུའི་ཞལ་ངོམ་གཏོར་དབང་བཅས་སོང་ནས། གསང་རྫས་མགྲིན་པར་བཞག་སྟེ། ཧཱུཾ་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས། དཀར་དམར་བྷནྡྷའི་ནང་དུ་བསྐྱིལ། སྐལ་ལྡན་བུ་ལ་དབང་བསྐུར་བས། རྩ་ཁམས་ཡིག་གེའི་རྣམ་པར་སྨིན། ཚེ་ལ་དབང་བའི་རིག་འཛིན་ཐོབ། པདྨ་ཅན་གྱི་ས་ནོན་ཤོག །རྩ་སྔགས་དང་། ཝཱཀྐ་ཨ་བྷི་ཥིཉྩ་ཨ། རྟེན་འབྲེལ་དུ་བཟླས་ལུང་བྱིན་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་རྩ་བའི་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང་། སློབ་མའི་མགྲིན་པ་ནས་ཞུགས། སྙིང་གར་འཁོར་བའི་འགྱུར་བའི་རླུང་ཁམས་མཐའ་དག་གྲགས་སྟོང་སྔགས་ཀྱི་འཁོར་ལོ་རྫོགས་པར་བསམ་ལ། རྩ་བའི་རྗེས་ཟློས་ལན་གསུམ། དེས་དག་དང་རླུང་གི་སྒྲིབ་པ་དག །བླ་མེད་ཀྱི་དམ་རྫས་ཁྱད་པར་ཅན་སྤྱོད་ཅིང་བཟླས་བརྗོད་དང་གཏུམ་མོའི་རྣལ་འབྱོར་ལ་དབང་། རླུང་བཅུ་ལས་སུ་ཏུང་བའི་ཡོན་ཏན་འཐོབ། ལོངས་སྤྱོད་རྫོགས་པའི་སུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག །རིགས་ཙག་གཏད་ལ། ཧོཿ ཆོས་རྣམས་ཀུན་གྱི་འབྱུང་གནས་ཆེ་ཏེ །བདེ་བ་ཆེན་པོ་གསང་བའི་ཡུམ། རིགས་ཀྱི་བུ་ལ་བྱིན་པ་ཡིས། དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར། ཕྱག་རྒྱ་ཆེན་པོ་རིག་འདིན་ཐོབ། འཁོར་ལོ་ཚོགས་ཆེན་པ་ནོན་ཤོག །རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། ཅེས་གཏད་པས། རིགས་མ་དེས་པདྨ་མཀྵོ་ཧོཿ ཞེས་པས་སྒྲས་ཐར་པ་བརྟེན་པ་ལ་བསྐལ། རྗེས་སུ་ཆགས་པའི་རོལ་མོའི་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་། ཡིད་དང་ཏིག་ལེའི་སྒྲིབ་པ་དག །རང་བཞིན་བརྒྱ་ཅུའི་རྟོག་ཚོགས་འགགས། ཆོས་སྐུ་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །དབང་བཞི་ས་ལ་མེ་ལོང་དང་ཤེལ་རྡོ་ནི་མཚོན་པའི་བརྡའ་སྟེ། དཔེ་དོན་འབྲེལ་བའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་ལ། ཧོཿ ཀ་དག་མེ་ལོང་གཙང་མའི་དགོས། ལྷུན་གྲུབ་དྭངས་ཤེལ་དྲི་མེད་འོད། བརྡའ་རྟག་རྫོགས་པའི་དབང་བསྐུར་བས། དྲི་མེད་རིག་པའི་གནས་ལུགས་རྟོགས། ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས། བདེ་བ་ཆེན་པོའི་ས་ནོན་ཤོག །རྩ་སྔགས་དང་དྷརྨ་དྷདྷུ་ཨ་བྷི་ཥིཉྩ་ཧཱུཾ། ཅེས་པས་རྗེས་ལ། སློབ་མ་ལུས་གནད་དང་ལྡན་པའི་མནམ་པར་འཇོག་ཏུ་བཅུག །དེའི་ངང་ལ་ཕཊཿདྲག་པོ་གཅིག་བརྗོད་ལ་སེམས་གང་ཡིན་ཅེས་ཏབ་ཏབ་ཏུ་དྲིས་པས་སྣང་བ་ཧད་དེ་ཕྱད་དེ་ཅི་ཟེར་ཆ་མི་དོད་པ་བྱུང་ཚོར་གྱི་སྤྲོས་པ་འགགས་པ་དེ་ཉིད་རང་གནས་ཀྱི་ཡེ་ཤེས་སུ་ངོ་སྤྲོད། དེ་ཡང་ལྟ་བ་ལུང་རིག་དང་འདྲེལ་བ་ཅེས་བྱ་བ་ཡིན་པས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། མ་སྐྱེས་མིའགག་ནམ་མཁའི་ངོ་བོ་ཉིད། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། དུས་གསུམ་རྒྱལ་བའི་ཡུམ་གྱུར་རྫོགས་པ་ཆེ། ཅེས་པའི་ལུང་གི་སྐྱོར། སློབ་དཔོན་ལྟ་དགོངས་ཅན་ཡིན་ན་ཐུགས་ཀར་ཨ་གཅིག་བསམ་ལ་སློབ་མའི་རིག་པ་གཏད་དེ་གཉིས་ཀར་མཉམ་པར་བཞག །བསྒོམ་པ་ཉམས་མྱོང་དག་འབྲེལབའི་གཤིས་ན། ཨཱཿཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད། དེས་ཀུན་གཞི་ལསདང་ཤེས་བྱའི་སྒྲིབ་པ་དག །རྫོགས་པ་ཆེན་པོ་བསམ་གྱི་མི་ཁྱབ་པའི་ཡེ་ཤེས་བསྒོམ་པ་ལ་དབང་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་པ་རྒྱུད་ལ་བཞག །དེ་ནས་བཀའ་རྫོགས་ལུང་རྫོགས་ཕྱིར། གླེགས་བམ་སྤྱིབོར་བཞག་བྱས་ལ། ཧོ་ཆོས་སྐུ་ཀུན་ཏུ་བཟང་པོ། ལོང་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེ་གཉེན། རིག་འཛིན་ཤྲྀ་སདྷི། པཎ་ཆེན་བི་མ་ལ་མི་ཏྲ། ༀ་རྒྱན་པདྨ་ཐོད་ཕྲེང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། རྒྱལ་སྲས་དྲི་མེད་འོད་ཟེར། ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལོགས་རང་བཞིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིན་འཛིན་བླ་མ། ཡིད་དམ་མཁའ་འགྲོ་རྒྱ་མཚོ་ཆོས་སྲུང་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་དེང་འདིར་རྡོ་རྗེ་སློབ་མ་རྣམས་ལ་དབང་བསྐུར་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། རྟོགས་པ་སྤར་དུ་གསོལ། བརྟུལ་ཞུགས་བསྐྱེད་དུ་གསོལ། བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་དགོངས་པའི་བཙན་ས་ཟིན་ཏེ་ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འོད་ཕུང་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་མཛད་དུ་གསོལ། ཅེས་ལན་གསུམ་དང་བཤད་སྒྲུབ་ཀྱི་བརྒྱུད་པ་འཛིན་པ་དག་ལ་ཐོད་རྒལ་རིག་པའི་རྩལ་དབང་བསྐུར་བ་ཡེ་ཤེས་བླ་མ་ལས་ཤེས་སོ། དེ་ནས་དམ་ཚིག་བསྒྲགས་པ་ནི། གྲངས་དག་རིམ་པའི་རྣམ་དབྱེ་བཤད་ནས། འོ་དེས་བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་ཆེན་པོར་དབང་བཞི་མཐའ་རྟེན་དང་བཅས་པའི་བྱ་བ་ཡོངས་སུ་རྫོགས་པ་ཡིན་ལ། དེ་ལྟར་ནོད་པའི་ཡོན་ཏན་གྱི་རྣམ་པ་བསམ་གྱི་མི་ཁྱབ་ཅིང་། གསང་སྔགས་ཀྱི་དངོས་གྲུབ་ཐམས་ཅད་དབང་ལས་བྱུང་བ་ནི་རྒྱུད་ལས། དེ་ལྟར་དབང་རྣམས་ཡོངས་རྫོགས་པར། བསྐུར་བའི་ཡོན་ཏན་བསམ་མི་ཁྱབ། གསང་སྔགས་དངོས་གྲུབ་དབང་ལས་བྱུང་། ཅེས་དང་དབང་མ་ཐོབ་པའི་ཉེས་པ་ནི། ཤེས་རབ་གསུམ་རློམ་ལོགས་ཡང་། འབྲུས་མེད་ཅིང་བརླག་པར་འགྱུར། ཅེས་དབང་མ་ཐོབ་ན་ཐོས་བསམ་སྒོམ་པའི་བྱ་བ་ལ་འབད་ཀྱང་འབྲུས་མེད་པར་གསུངས་ཤིང་། ཐོས་པའི་གནས་སྐབས་སུའང་ལྟས་ཕུན་སུམ་ཚོགས་པས་སྣ་དྲངས་ཏེ་མངོན་པར་མཐོ་བའི་དཔལ་བཅུའི་གོ་འཕང་ལ་སྦྱོར་ཞིང་མཐར་ཐུགས་ངེས་པར་ལེགས་པའི་ས་ལ་དབུགས་དབྱུང་བ་ནི་རྒྱུད་ལས། ཐོབ་རྟགས་མཁའ་འགྲོ་ལུང་སྟོན་ཞིང་། ལྟས་སུ་ཡིད་བཞིན་གཙུགས་ན་འཆང་། མགོ་ལ་ཉི་ཤར་དམག་དཔོན་བྱེད། མགོ་དང་རོ་སྟོད་ཡང་ཡང་ལ་བདེ། བུམ་བཅུད་འཐུང་དང་ཟས་བཅུད་ཟོས། རང་རིག་རྩལ་ལ་དབང་བསྒྱུར་ནུས། ཞེས་སོ། དེའི་ཕྱིར་ནུས་པ་དེ་ལྟ་བུ་བསྐྱེད་པའི་ས་བོན་ཅན་དབང་དེ་དག་གིས་སྲོག་ནི་དམ་ཚིག་དང་སྡོམ་པ་ཁོ་ན་ལ་བརྟེན་པས་འཛིན་དགོས་ཏེ། ཉམས་ན་ས་བོན་མེའི་ཚིགས་པ་བཞིན། དཀའ་སྤྱད་བསྒྲུབ་ཀྱང་འབྲུས་མེད་ཅིང་བརླག་ཅེས་གསུངས་པ་ལྟར་ལས་བསྲུང་བྱའི་རྣམ་གྲངས་ལ་དབྱེ་ན། །ཉན་རག་ལ་ཉིས་བརྒྱ་ལྔ་བཅུའི་ཁྲིམས། །བྱང་སེམས་ལ་བརྒྱ་ཅུ་རྩ་ལྔ། བྱ་རྒྱུད་ལ་ཉི་ཤུ། སྤྱོད་རྒྱུད་ལ་ཉི་ཤུ། །རྣལ་འབྱོར་ལ་ཉི་ཤུ་རྩ་གཅིག །མ་ཧཱ་ལ་བརྒྱ་རྩ་ཨ་ནུ་ལ་སྐུ་གསུང་ཐུགས། །ཨ་ཏི་ལ་ཡེ་སྲུང་ལོགས་ཏེ་ས་མ་ཡ་འབུམ་སྡེའི་བར་དུ་དབྱེ་ཡང་། །ཀུན་གྱི་རྩ་བ་སྐུ་གསུང་ཐུགས། །ཡན་ལག་གི་ཉི་ཚུ་རྩ་ལྔ་ལ་གནས་པས། །དེའི་རང་བཞིན་ལས་མི་འདའ་བ་སྟེ། །གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས། །རྒྱུད་དོན་དམ་ཚིག་བསྲུང་བྱ་བ། །རྩ་བ་སྐུ་གསུང་ཐུགས་དང་ནི། །ཡན་ལག་ཉི་ཤུ་རྩ་ལས། །སྤྲོས་ན་བསམ་གྱི་མི་ཁྱབ་སྟེ། །རྩ་བ་ཡན་ལག་ཉམས་མི་བྱ། །ཡང་ན་མཉམ་རྫོགས་རྒྱལ་པོ་གནས། ཅེས་དང་། དེའི་རང་བཞིན་བཀྲལ་བ་ནི། །དེ་ཉིད་ལས་སྐུ་ཡི་དམ་ཚིག་རྡོ་རྗེ་སྟེ། །སློབ་དཔོན་མཆེད་དང་ལྕམ་དྲལ་ལ། །བརྡེག་བཙོག་བསྐུར་བ་ནམ་ཀྱང་མིན། །ངན་སེམས་སངས་རྒྱས་སེམས་ཅིག་མི་བྱ། །གསུང་གི་དམ་ཚིག་དབང་ཐོབ་ནས། །ཡིད་དམ་དཀྱིལ་འཁོར་ལྷ་མཆོག་གི། །སྔགས་དང་ཕྱག་རྒྱ་རྒྱུ་ན་མི་བཅད། །བླ་མེད་ཐོག་མཆོག་མི་སྤང་ངོ་། །ཐུགས་ཀྱི་དམ་ཚིག་གསང་བ་བཅུ། །བསྒྲུབ་རྫས་ལག་ཆ་ཐམས་ཅད་གསང་། །མ་གསང་མུ་སྟེགས་འཆལ་པར་འགྱུར། །སྨན་དང་གཏོར་མ་མཆོད་རྫས་གསང་། །དེ་མགསང་ན་དངོས་གྲུབ་ཉམས། །སྤྱི་འཛབ་རྩ་བའི་སྙིང་པོ་གསང་། །མ་གསང་མཐུ་དང་བྱིན་རླབས་ཉམས། སྔགས་པས་སྔགས་དང་ཕྱག་རྒྱ་གསང་། །དེ་མ་གསང་ན་སྨྱོན་པར་འགྱུར། །དེ་མ་གསང་ན་རས་ཆོད་འགྱུར། །རྒྱུད་དང་སྒྲུབ་ཐམས་མན་སྔགས་གསང་། །མ་གསང་མཁའ་འགྲོའི་བཀའ་ཆད་འཁོར། །མདོར་ན་གསང་བར་འོས་རིགས་གསང་། །དེ་མ་གསང་ན་ལྐུགས་པར་འགྱུར། །ཆད་དུ་གཉེར་གཏད་མན་སྔགས་གསང་། །མ་གསང་ཉམས་པ་ཆེན་པོར་འགྱུར། །སྐུ་གསུང་ཐུགས་ཀྱི་དམ་ཚིག་འདི། །ཉམས་ན་སྐལ་པ་གཅིག་གཉིས་གསུམ། །རྡོ་རྗེ་དམྱལ་བར་གདོན་མི་ཟ། ཅེས་དང་ཡན་ལག་གི་དམ་ཚིག་ལྔ་ཙན་ལྔར་བཤདཔའང་ཀུན་བྱེད་རྒྱལ་པོ་དང་། དམ་ཚིག་གསུམ་བཀོད་པ་སོགས་ལས་ཇི་ལྟར་གསུངས་པ་ཤིན་ཏུ་གསལ་བར་བྱས་པ་ནི་དམ་ཚིག་གནད་ཀྱི་མདོ་འགགས་ལས། དང་པོ་ཤེས་བྱའི་དམ་ཚིག་ལྔ། །གསང་སྔགས་དབང་གི་གོར་ཞུགས་ནས། །སྣང་ཉིད་རིགས་ལྔའི་དལ་དུ་སྒོམ། །གཟུགས་ཀྱི་ཕུང་པོ་རྣམ་སྣང་མཛད། །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་། །འདུ་ཤེས་ཕུང་པོ་སྣང་མཐའ་ཡས། འདུ་ཤེས་ཕུང་པོ་དོན་ཡོད་གྲུབ། །ས་ནི་ཡུམ་ཆེན་སངས་རྒྱས་སྤྱན། །ཆུ་ནི་ཡུམ་ཆེན་མ་མ་ཀི། མེ་ནི་ཡུམ་ཆེན་གོས་དཀར་མོ། །རླུང་ནི་ཡུམ་ཆེན་དམ་ཚིག་སྒྲོལ། །ནམ་མཁའ་ཡུམ་ཆེན་དབྱིངས་ཕྱུག་མ། །དེང་བཞིན་དཀར་སྒོ་སེར་དམར་ལྗང་། །གཟུགས་སྒྲ་དྲི་རོ་རེག་བྱ་ལྔཿ རིགས་ཀྱི་ཡབ་ཡུམ་ལྔར་ཤེས་བྱཿ མིག་དང་རྣ་བ་སྣ་དང་ལྕེཿ གཟུགས་དང་རྣམ་ཤེས་རིག་ལྔར་ཤེས། འབྲས་བུ་ཡེ་ཤེས་ལྔ་རུ་ཤེསཿ དེ་རྣམས་ཤེས་བྱའི་དམ་ཚིག་སྒོམཿ མི་སྤང་བའི་དམ་ཚིག་ནི་འདོད་སྔགས་ཞེ་སྡང་གཏི་མུག་དང་ཿ ང་རྒྱལ་ཕྲག་དོག་ནྲ་པ་ལྔཿ རིགས་ལྔའི་དམ་ཚིག་ཡིན་པའི་ཕྱིརཿ སྤངས་པས་མི་སྤོངས་གནས་པ་ཡིནཿ རྗེས་སུ་འབྲང་ན་ཉོན་མོངས་རུཿ ཤར་ཚེ་རང་སར་ཀློད་པ་ཡིནཿ ཡེ་ཤེས་སུ་ལྔ་ཡི་ཀློང་དུ་གྲོལཿ དེ་ཕྱིར་མི་སྤོངས་དམ་ཚིག་ལྔཿ དང་དུ་བླངས་པའི་དམ་ཚིག་ནིཿ དྲི་ཆེན་དྲི་ཆུ་མ་ས་དང་ཿ རཀྟ་རྡོ་རྗེ་ཟིལ་པ་ལྔཿ རིགས་པར་བསྒྲུབ་པའི་རྫས་ཡིན་པསཿ གཙང་སྨེའི་རྟོག་པ་མེད་པར་བླངསཿ བག་མེད་སྨྱོ་ཐབས་མི་བྱ་སྟེཿ དམ་ཚིག་རྫས་སུ་བརྟན་པར་བྱཿ སྤྱད་པར་བྱ་བའི་དམ་ཚིག་ནིཿ སྦྱོར་བ་གཟུང་མ་མཚན་ལྡན་ལཿ རྩ་འབྱོངས་རླུང་ཆུན་ཐིག་ལེ་འདྲོངསཿ བདེ་བའ་ཕེལ་བའི་དུས་སུ་སྦྱོརཿ སྒྲོལ་བ་ཞིང་བཅུའི་དགྲ་འགེགས་ནིཿ ཆོས་བྱེད་སྤྱི་དང་སློབ་དཔོན་གྱིཿ སྐུ་དགྲ་བྱེད་པའི་དགྲ་བོ་བསྒྲལཿ དམ་ཉམས་དམ་མགོ་དམ་ལས་འཁུཿ སེམས་ཅན་སྤྱི་ལ་གནོད་པ་བསྒྲལཿ ངན་སོང་གསུམ་ཡང་ཐུགས་རྗེས་བསྒྲོལཿ མ་བྱིན་བླང་བའི་དམ་ཚིག་ལྔཿ མཚན་ལྡན་གཟུང་མ་སྐྱེ་བོས་སྤྱོདཿ གསང་སྔགས་ཟབ་མོ་སྣོད་མེད་འཆང་ཿ བྷསྔ་བཟང་པོ་མཆོད་པས་ཆསཿ དཔེ་ཟབ་བྱིན་རླབས་ཡོད་པའི་རྫསཿ སྣོད་མིན་སྤྱོད་ན་བླང་བར་བྱཿ ཕྱུག་ཅིང་སེར་སྣ་ཆེ་བའི་ནོརཿ ཐབས་ཀྱི་བླངས་ཏེ་སྦྱིན་པ་བཏང་ཿ སེམས་ཅན་དོན་དུ་འཕགས་པ་མཆོདཿ རྫུན་དུ་སྨྲ་བའི་དམ་ཚིག་ནིཿ གསང་བཅུའི་དམ་ཚིག་བསྲུང་བའི་ཕྱིརཿ བརྡའ་དང་རྫུན་སྨྲས་རྣམ་སྨིན་མེདཿ འགྲོ་བ་སྐྱོབས་པའི་ཆེད་དུ་སྨྲཿ ཚིག་རླུངས་སྨྲ་བའི་དམ་ཚིག་ནིཿ ཞིང་བཅུ་སྒྲོལ་ན་དྲག་པོ་སྨྲཿ སློབ་བུ་སྣོད་བརྟགས་སྣ་ཚོགས་སྨྲཿ གཟུང་མ་མཚན་ལྡན་འདྲེན་པ་ནཿ ཐབས་ཀྱི་ཚིག་གི་སྨྲ་བར་བྱཿ དེ་རྣམས་སྤྱད་བྱའི་དམ་ཚིག་གོཿ བསྒྲུབ་པར་བྱ་བའི་དམ་ཚིག་ནིཿ རྡོ་རྗེའི་རིགས་དང་དེ་བཞིན་རིགསཿ ཕྲིན་ལས་རིགས་སོགས་རྣམ་པ་ལྔཿ ཡེ་ཤེས་ཡིན་པས་བསྒྲུབ་པར་བྱཿ ལོག་པར་རིགས་ཆད་བསྒྲུབ་མི་བྱཿ རིགས་ལྔའི་ལྷ་རྣམས་མི་འབྲལ་བསྒྲུབཿ ལེ་ལོགཡེང་བ་རབ་སྤང་ལཿ མི་འབྲལ་རྩེ་གཅིག་དུང་བས་བསྒྲུབ། དེ་རྣམས་བསྒྲུབ་བྱའི་དམ་ཚིག་སྟེཿ ཡན་ལག་ཉི་ཤུ་རྩ་ལྔའོཿ ཉམས་པ་བསྐོང་ན་སྨན་རག་གཏོརཿ དག་པར་བཤམས་ལ་ཚོགས་ཀྱི་མཆོདཿ བརྒྱ་རྩ་གཅིག་གི་བསྐོངས་པར་འགྱུརཿ ཅེས་དང་། གཞན་ཡང་གསང་རྫོས་དམ་ཚིག་གི་ལེའུར། གཞན་ཡང་ཁྱདཔར་དམ་ཚིག་དང་ཿ བླ་མ་བཀུར་ཞིང་གསུང་མི་བཅགཿ ཐུན་བཞིའི་རྣལ་འབྱོར་ཡེངས་མི་བྱཿ ལྷ་དང་གསང་སྔགས་ལ་ཐེ་ཚོམ་སྤངས་མཆོད་ལྕམ་རྣམས་ལ་གདུང་སེམས་བསྐྱེདཿ སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱངསཿ ང་རྒྱལ་རློམས་སེམས་ཞེ་སྡང་དང་ཿ འདོད་ཆགས་ཕྲག་དོག་ཁར་མི་གཏོང་ཿ གསང་སྔགས་ལྟ་སྤྱོད་ཟུང་དུ་སྦྲེལཿ བསྐྱེད་རྫོགས་བསྙེན་བསྒྲུབ་མཐའ་རུ་བྱུགསཿ ལེ་ལོ་གཉིད་དང་ཆག་དབང་སྤངསཿ ཅེས་སོ། དེ་ལྟར་མཚན་མའི་དམ་ཚིག་བསྲུང་མཚམས་ཀྱི་དབྱི་བསྡུའི་སྒོ་ནས་རྣམ་པར་བཞག་པ་ཏམས་ཅད་ཀྱང་དོན་ལ་ནམ་རྫོགས་ཆེན་པོར་ལ་བཟློ་བ་ནི་དེ་ཉིད་ལས། ཡང་དག་དོན་གྱི་དམ་ཚིག་ཏུཿ འཁོར་འདས་ཆོས་རྣམས་རང་གི་སེམསཿ གདོད་ནསརག་བྱུང་ཆོས་སྐུའི་ངང་ཿ དེ་ཉིད་ངེས་ན་བསྲུང་ཉམས་ནིཿ མི་བསྲུང་བློ་ཡི་དོར་དུ་མེདཿ ཉམས་སྐྱོན་ཐོབ་བྱའི་འབྲས་བུ་མེདཿ མ་སྤངས་མི་གནས་གཟུང་འཛིན་འདསཿ སྐྱེ་མེད་སྙིང་པོས་མི་བཤིགས་དམཿ མུ་སྟེགས་བདག་ཏུ་འཛིན་པས་ཚིགས། སྔ་རབས་འདས་པའི་སངས་རྒྱས་ཀྱང་ཿ དམ་ཚིག་དག་ལ་བརྟེན་དེ་རྒྱསཿ དེ་ལྟར་བཞུགས་པའི་སངས་རྒྱས་ཀྱང་ཿ དམ་ཚིག་འདི་ལ་རབ་ཏུ་གནསཿ མ་འོངས་བྱོན་པའི་སངས་རྒྱས་ཀྱང་ཿ དམ་ཚིག་འདི་ལ་བརྟེན་དེ་རྒྱཿ ཅེས་འགགས་བསྡམ་པ་ལྟརཿ གཞི་མ་སྨིན་པ་སྨིན་པར་བྱེད་པ་ལ་དབང་བསྐུར་དགོསཿ དབང་བརྟེན་པར་བྱེད་པ་ལ་དམ་ཚིག་བསྲུང་དགོསཿ དེའི་ཕྱིར་གསང་སྔགས་གནས་བཤད་པའི་དམ་ཚིག་མཐའ་དག་བསྲུང་ཞིང་ཁྱད་པར་རྩ་བ་སྐུ་གསུང་ཐུགས། ཡན་ལག་ཉི་ཤུ་རྩ་ལྔ། བྱེ་བྲག་གི་ཉི་ཤུ་ལ་སོགས་པ་མཐའ་དག་ཉམས་པ་མེད་པར་མ་བསྲུངས་ན་གནས་སྐབས་ཀྱི་བདེ་འབྲས་བརླག་ཅིང་མཐར་ཐུག་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐབས་སུ་གྱུར་སྟེ་རྡོ་རྗེའི་དམྱལ་བ་ནས་ཐོན་པའི་གོ་སྐབས་མེད་པ་ཡིན་པས་བླངས་དོར་ཚུལ་བཞིན་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད། རྩ་བ་སྐུ་གསུང་ཐུགས་མཆོག་དང་། ཡན་ལག་དམ་ཚིག་ཉི་ཤུ་ལྔ། མེད་དག་གཅིག་པུ་ཕྱལ་བ་སོགས། ཆོ་ག་བཞིན་དུ་བསྲུང་བར་བགྱི། ལན་གསུམ། བཀའ་དྲིན་གཏོང་རང་གི་ཡོན་དུ་མཎྜལ་ཕུལ་བར་ཞུ། སླར་ཡང་ལུས་དང་ལོངས་སྤྱོད་བླ་མའི་ཕྱོགས་སུ་བསྔོ་བ་ནི་དམ་ཚིག་གི་ཐ་ཚིག་ཡིན་པས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་བཀའ་རྩལ་པ། དེ་དག་ཐམས་ཅད་བདག་གི་བགྱི། ཁྱེད་ལ་བདག་ཀྱང་ཡོངས་སུ་འབུལ། སློབ་མར་བཟུང་ནས་སྤྱད་དུགསོལ། གསུམ་གྱི་རྗེས་ལ་དགེ་བ་བསྔོ། གསུམ་པ་རྗེས་ཀྱི་ལས་ཁྲིད་ནི། ཚོགས་འཁོར་བསྐོར་རྡོ་རྗེའི་གླ་གར་བྱ། གཏང་རགས་དངོས་གྲུབ་བླངས། རྡུལ་ཚོན་ཡིན་ན་ཨ་ཀ་རོའི་བསྡུ་ཞིང་ཆུ་ཀླུང་ལ་གཤེགས། རས་བྲིས་ལ་བརྟེན་གཞུག་བྱ། བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པ་སོགས་སྤྱི་ལྟར་བྱའོ། དེ་ལའང་རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་དག་ལ་ནི་ཡིག་གེ་འདི་ཙམ་གྱིས་མཚོན་ལ་གཞན་དུ་ཀློང་དུམ་གྱུར་བའི་གང་ཟག་རྣམས་ལ་མདོ་སྔགས་ཀྱི་ལམ་སྤྱི་དང་བྱེ་བྲག་པ་དབང་གི་སྒྲོམ་ནས་ཁོངས་དུ་ཆུད་པའི་བསྐལ་པ་ཅན་ཉུང་བས། རང་དང་སློབ་མའི་དངོས་གྲུབ་ཀྱི་གེགས་སུ་འགྱུར་ཕྱིར་མདོ་རྒྱུད་སེམས་གསུམ་གྱི་རྒྱུད་སྡེའི་གནས་ལ་ངེས་པ་རྙེད་པར་མ་ནུས་ཀྱང་། ཁོ་བོས་བྱས་པའི་གྲོལ་ཏིག་གི་དབང་ཆོག་མཁྱེན་བརྩེའི་དགོངསཔ་རྒྱན་ལས་སྤྱི་དོན་ཤེས་པར་བྱ་བ་ཁོ་ནའོ། དའིར་སྒྲས་པ། རྒྱལ་བསྟན་ལྔ་བརྒྱ་ཐ་མའི་སྨག་ཏུམ་དུ། ཀློང་ཆེན་སྙིང་ཐིག་འོད་ཟེར་འབུམ་ལྡན་དམ། འདྲེན་མཛད་རྟ་བདུན་མཁྱེན་བརྩེའི་འོད་ཟེར་ཞབས། བདག་གཙུགས་བདེ་ཆེན་འཁོར་ལོ་འབྲལ་མེད་རོལཿ དམ་པ་མཆོག་དེའི་ཐུགས་རྗེའི་ལྕགས་ཀྱུ་ཡིས། ནམ་ཡང་མི་གཏོང་སློབ་འབངས་བགྲང་ཡས་ལས། དད་དམ་ནོར་བུ་གཅིག་ཏུ་རྒྱུན་འཆག་བའི། རྣལ་འབྱོར་དམ་པ་པདྨ་ཀུན་བཟང་དང་། རང་གི་ཉེ་གནས་ཆུང་ནས་བརྐྱངས་པའི་བུ། དམ་ལྡན་དྷརྨ་ཀི་རྟིས་ནན་བསྐལ་ངོར། བྱ་བྲལ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས། རིག་འཛིན་འདུས་པའི་རང་གཞུང་དབང་བཀོད་བཞིན། དབང་ཆོག་རྒྱས་པའི་ལུགས་སུ་བཀྲལ་བ་ལ། ལྷན་ཐབས་ལྷ་དབང་མཐའ་རྟེན་དག་བཅས་པ། རྒྱན་གྱི་མེ་ཏོག་ཇི་བཞིན་མཛེས་པའི་གཟུགས། དམཔ་གསུམ་གྱིས་ཟིན་བཞིན་སྤེལ་བའི་དགེས། འབྲེལ་ཐོགས་རྣམ་མཁྱེན་གོ་སར་དབུགས་དབྱུང་ཤོག །ཅེས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ནང་བསྒྲུབ་རིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་ཅུང་ཟད་རྒྱས་པའི་ལུགས་སུ་བཀྲལ་བ་འདི་ཉིད་སྔ་འགྱུར་བསྟན་པའི་རྒྱ་མཚོར་ཆར་གྱི་བསྐྱེད་པ་ལྟར་རྒྱས་པའི་རྒྱུར་གྱུར་ཅིག །


previousནང་སྒྲུབ་རིག་འཛིན་འདུས་པའི་ལྷ་དབང་པདྨའི་ཏཱ་གའི་ཕྲེང་བ།next