Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
ཞིང་རབ་འབྱམས་ཀྱི་་་་་་་
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞིང་རབ་འབྱམས་ཀྱི་་་་་་་next

ཞིང་རབ་འབྱམས་ཀྱི་་་་་་་

༄༅། །ན་མོ་གུ་རུ་དྷེ་ཝཌ་ཀྐི་ནི་སརྦ་སིདྡྷི་མེ་པྲ་ཡ་ཙ་ཡེ། །ཞིང་རབ་འབྱམས་ཀྱི་རྒྱལ་བ་སྲས་བཅས་ཀྱི། སྤྱི་གཟུགས་གྱུར་རྗེ་བཙུན་པདྨ་སྐྱེས། །གང་མངལ་སྐྱེས་ཚུལ་རིག༵་འཛི༵ན་འཇི༵གས་མེ༵ད་གླིང༵་། །དེའི་བདེན་པས་དེངས་འདིར་བདེ་ལེགས་སྩོལ། །བདག་རྡོ་བླ་ཀུ༵ན་བཟ༵ང་གཞ༵ན་ཕན༵་ཞེས། །ལོ་བདུན་ཅུ་བརྒྱད་ཅུར་ཉེ་ན་ཡང་། །འཆི་མ་ནུས་མི་རྒན་གང་དེ་ཡི། །སེམས་ཀུན་གཞིའི་མེ་ལོང་དྲི་བྲལ་ངོགས། །དུས་འབྱུང་འགྱུར་བཟང་ངན་ལེགས་ཉེས་ཀྱི། །ལྟས་རྟེན་འབྲེལ་གཟུགས་སུ་སྣང་བའི་ཆོས། །འདིར་མངོན་སུམ་དུ་ངོམ་ལ་ལྟད་མོ་ལྟོས། །དུས་རྒྱལ་པོ་མེ་གླང་ཤར་ཙམ་ནས། །ཡོངས་རྐང་གཉིས་མི་དང་ཁྱད་པར་དུ། །བོད་ཆེ་ཆུང་ཀུན་ལ་མི་དགེའི་ལྟས། །དམག་འཁྲུག་དང་ལོ་ཉེས་མི་ཕྱུགས་ནད། །དུ་མ་རུ་འབྱུང་ཞིང་བཟློག་པར་དཀའ། །བྱེ་བྲག་ཏུ་ས་ཆ་ཡུལ་ཁོལ་བུར། །མ་སྟོང་བར་སེང་གེའི་ཁོག་པ་ཡི། །སྲིན་བུའི་ཚོགས་ལངས་ནས་རང་གི་གཟུགས། །རྡུལ་ཕྲན་དུ་མ་སོང་དེ་སྲིད་དུ། །འཚོ་བ་བཞིན་འཚུབས་འདི་དུས་ང ན་སྟོབས། །དེ་ལས་ལ་དམིགས་བསལ་མངོན་རྟོགས་ཀྱི། །རུ་བཞི་ཡི་བོད་ཡུལ་ས་ཆ་རུ། །གནམ་ས་དང་བར་གྱི་ཐེའུ་རང་གི། །སྒྱུ་འཕྲུལ་ཀྱི་རང་གཟུགས་བན་བོན་འགའི། །ཁོང་ཞུགས་ནས་སེར་འཁྲུགས་སློང་བ་དང་། །དེའི་རྐྱེན་ཀྱི་ལྷ་འདྲེ་མི་གསུམ་འཚུབས། །ལྷོ་རྔ་ཡི་གྲུབ་མཐའ་ཕལ་མོ་ཆེ། །འཚུབ་མ་བཞིན་འཁྱིལ་ཞིང་བྱེར་ལ་རིངས། །ས་དངུལ་ཁྱེད་ཕྱི་སྣུམ་ནང་སྟོང་སྐམ། །བཀའ་འབྲུག་སོགས་རང་སའི་བྱིན་རླབས་ཀྱི། །དཔག་བསམ་ཀྱི་ལྗོན་པ་བསྲུངས་ལ་བརྩོན། །ཞི་གཙོད་སོགས་གདུལ་བྱ་ཁོལ་བུར་སྨིན། །བཀྲ་ཤིས་ཀྱི་ལྷུན་པོ་ལྷུམས་སུ་ཚུད། །གྲྭ་ས་བཞིར་རྔ་བོང་མྱོ་བཞིར་རྒྱུ། །བོད་ཁམས་ཀྱི་མཆོད་སྡོང་མས་ནས་སློང་། །དེའི་རྐྱེན་གྱིས་སྐྱོན་ཡོན་སྣ་བཞི་ངོམ། །དག་སྐོང་སོགས་རོང་ཡུལ་ཕལ་མོ་ཆེ། །ཐལ་ཕུང་བཞིན་འཚུབ་མ་གཏོར་བཞིན་འདུ། །བྱང་འབྲོག་ཕལ་མི་ཕྱུགས་ཉམས་རྒུད་ཀྱི། །ཆུ་ཕྲན་འགའ་ཐན་པ་གདུང་བཞིན་འགྱུར། །སྡེ་དགེ་ཡང་ཕྱོགས་འཚམས་ཟ་བྱེད་སྡེས། །ཟ་རློམ་ཡང་རང་གྲིབ་དགྲ་གཤེད་དུ། །མ་གྱུར་བར་གྲགས་ངན་རྗེ་མི་དཔོན། །འོན་ཀྱང་ནི་བླ་འོག་གོ་ས་དང་། །ཞྭ་ལྷྭམ་སོགས་རང་ས་བསྲུང་ཐབས་གཅེས། །ད་འདི་ནས་བགྲང་བྱ་ཡོས་ཕན་ཚུན། །འཇིག་རྟེན་འདིར་གྲགས་པའི་རྒྱལ་བློན་སོགས། །ཉེ་དུ་དང་མཛའ་བཤེས་དགྲ་ཟླའི་ཚོགས། །བྱ་འུག་གཉིས་ལྟར་སྣང་མཛའ་སྡེབ་ཅིང་། །ཡོན་མཆོད་འགའ་ཀུན་བརྟགས་དཔེ་ཟླ་དང་། །དཔོན་སྡེ་ཕར་རྨི་ལམ་སྒྱུ་མར་མཚུངས། །ཟླ་རྒྱུད་ཀྱི་ཆོས་སྡེ་མི་སྡེ་ཀུན། །ཤིང་རང་བདུད་རང་གིས་མ་བྱས་ན། །གཞན་ཅི་ཙམ་གནོད་ཀྱང་རེ་འགའ་ཙམ། །ཡིན་ཕྱིར་ན་ཡུལ་སྡེ་མཆོག་དམན་ཀུན། །མཛུ་གུ་ལྔ་སོ་སོར་མ་བྲལ་ན། །ཁུ་ཚུར་གྱི་སྒྲོམ་བུ་བཙིང་མཛོད་དང་། ཕ་རོལ་ཚང་ཕམ་ནུས་སྟོབས་ལྡན་འགྱུར། །དེ་ལས་ཀྱང་སྔོན་ནས་ཁོ་བ་ཡིས། །ས་སྐྱོང་གི་རྒྱལ་པོར་ཡང་ཡང་དུ། །ནང་མི་འགའ་ཕྱི་བྲོས་མང་གྱུར་ན། །དེའི་རྐྱེན་ཀྱིར་ཅིར་འགྱུར་ཆ་མེད་པས། །ཅེས་ཀྱང་ནི་རང་ས་བསྲུང་དགོས་པའི། །ཡར་ཞུ་ཡང་ཁ་ཤས་ཕུལ་མོད་ཀྱང་། །དབྱིངས་འཇུག་དོན་ཤོར་བས་འདི་འདྲ་འཁྲུལ། །འོན་ཀྱང་ད་དུང་རང་གཞན་གྱི། །ཕྱོགས་གཉིས་དང་ཕྱོགས་གསུམ་ལ་སོགས་པའི། །ངེས་མེད་ཀྱི་ཐེ་ཚོམ་གར་བསྒྱུར་ཞིང་། །རྫུན་གཟུགས་ཀྱི་མིག་མང་བརྒྱ་སྟོང་རྩེ། །ཤར་ཕྱོགས་ནས་རྒྱ་གྲོག་དམར་ནག་འཐབ། །ལྷོ་ཕྱོགས་ནས་གཅན་གཟན་གཡུལ་ཚེན་ཤོམ། །ནུབ་ཕྱོགས་ནས་ཤ་འུད་མཁའ་མཉམ་འགྱུར། །བྱང་ཕྱོགས་ནས་རྔ་བོང་ཁྱུ་སྡེབ་འུར། །སྟེང་ཕྱོགས་ནས་ཚར་མའི་བླ་བྲེ་གཡོ། །འོག་ཕྱོགས་ནས་སྲོག་ཆགས་མང་པོས་འཚེ། །མ་ཁང་གཉིས་རང་ཕུང་འཇིགས་ལ་བརྩོན། །བྲེ་བོ་ཧོར་ཅོག་རིའི་གདོན་གྱིས་མནར། །བྲག་འགོ་ནས་འབྱུང་བཞིའི་གད་མོ་དགོད། །དེའི་རྐྱེན་ཀྱིས་ལྷ་འདྲེ་མི་གསུམ་འཁྲུགས། །འཇམ་བརྫུ་མི་རྫུན་རླབས་ཆེན་པོ་ཡི། །གཟུགས་བརྙན་གྱི་སྨུག་པ་ཡུལ་འགར་འཐིབ། །རྒྱ་རོང་རྒྱལ་ཁག་ཆེན་པོ་བཞི། །རང་གཞན་གྱི་ཕུང་ལས་ལྟད་མོ་ངོམ། །ས་སྙིང་གི་མིང་འཛིན་ཡུལ་འདི་གར། །ཕུང་བྱེད་ཀྱི་ཁུར་བོ་བཅུ་གཉིས་འཕོས། །ལ་ལ་ཞིག་དགྲ་ཟླ་བསྙེག་པས་བྲེལ། །འགའ་ཞིག་ས་གཏིང་འཛུལ་ལ་རིངས། །ཕལ་མོ་ཚེས་བདུད་སྲིན་སྐྱབས་སུ་འཚོལ། །དེ་དག་ཀྱང་ལས་ངན་བྱས་པའི་འབྲས། །ཡིན་ཕྱིར་ན་དགེ་སྒྲུབ་སྡིག་སྤང་གལ། །ད་ལོ་ནས་བཟུང་སྟེ་ལོ་དྲུག་ཚུན། །ལྷ་མིན་དང་སུམ་ཅུ་རྩ་གསུམ་གཉིས། །རེ་འགའ་ཙམ་འཁྲུག་ཅིང་འཐབ་ངེས་ན། མི་རྣམས་ཀྱི་དགེ་སྡིག་ཆེ་ཆུང་གི། །སྟོབས་འབྲེལ་གྱི་ལྷ་ལ་ཕམ་རྒྱལ་གཟུགས། །འབྱུང་ངེས་ཤིང་ལྷ་རྣམས་ཕམ་གྱུར་ན། །མི་རྣམས་ལེ་བདེ་སྡུག་སྣ་ཚོགས་འབྱུང་། །དོན་དེ་ཕྱིར་ཀུན་གྱི་འགལ་སྤོང་ལ། །མཐུན་སྒྲུབ་ཀྱི་རིམ་གྲོར་བརྩོན་པ་སྐྱེད། །ཁྱད་པར་དུ་པདྨ༵་བཀའ༵་ཐ༵ང་དང་། །ལེ༵འུ་བདུ༵ན་དང་བས༵མ་ལྷུན༵་གང་རུང་སྒྲུབས། །སློབ༵་དཔོ༵ན་གྱི་སྐུ༵་གསུང་ཐུགས་ཀྱི༵་རྟེན༵། །ཅི་མང་དུ་བཞེངས་ན་ཕན་དང་བདེའི། །མངོན་རྟོགས་གཟུགས་མཐོང་ལ་ཐེ་ཚོམ་མེད། །དེ་ཕྱིར་ན་དེ་དོན་གསལ་བཞིན་དུ། །ཅི་ནུས་དང་སྒྲུབ་པར་བརྩོན་མཛོད་དང་། །འཕྲལ་ཕུགས་སུ་བདེ་ཞིང་སྐྱིད་པར་ངེས། །མཆོག་གསུམ་དང་རྩ་གསུམ་བདེན་སྟོབས་དང་། །ཁོ་བོ་ཡི་ལྷག་བསམ་རྣམ་དག་མཐུས། །རྒྱལ་ཁམས་ཀྱི་མི་བདེའི་སྨག་རུམ་དུ། །བདེ་སྐྱིད་ཀྱི་འོད་སྟོང་འཆར་བར་ཤོག །དགེའོ། བཀྲི་ཤིས་སོ།། །།


previousཞིང་རབ་འབྱམས་ཀྱི་་་་་་་next