Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐེག་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བདེབས་པ་རྣམ་མཁྱེན་ལམ་བཟང་།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐེག་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བདེབས་པ་རྣམ་མཁྱེན་ལམ་བཟང་།next

རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐེག་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བདེབས་པ་རྣམ་མཁྱེན་ལམ་བཟང་།

༄༅། །རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐེག་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བདེབས་པ་རྣམ་མཁྱེན་ལམ་བཟང་ཞེས་བྱ་བ་བཞུགས་སོ། །

གདོད་ནས་མངོན་གས་རྒྱས་ཀྱ་མང་ལ་ག་འདུལ་གཟུགས་སྐུ་འགགས་པ་མེད། །སྣ་ཚོགས་སྒྱུ་འཕྲུལ་མངོན་ཡང་ཕུང་ཁམ་བསྐྱེ་མཆེད་གཟུང་དང་འཛིན་པ་བྲལ། །མི་ཡི་གཟུགས་སུ་སྣང་ཡང་འཁྱེན་བརྩེའི་འོད་ཟེར་སྟོང་འབམ་རྒྱལ་བ་དངོས། །ཚེ་འདི་ཟེར་ཙམ་དུ་མ་ཡིན་གཏན་གྱི་སྐྱབས་སུ་ཁྱེད་བསྟེན་བྱིན་གྱིས་རློབས། །དེ་ལ་འདི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་དུ་འགྲོ་བའི་ངག་འདོན་ཁྲིགས་སུ་བསྡེབས་པ་ལ། །དང་པོ་དཔལ་ལྡན་བླ་མའི་ཐུགས་རྒྱུད་བསྐུལ་ཕྱིར་གསོལ་བ་གདབ་པ་ནི། བླ་མ་མཁྱེན། ལན་གསུམ་གྱིས་གདུང་བ་དྲག་པོས་བོས་ནས། །སྙིང་དབུས་དད་པའི་གེ་སར་བཞད་པ་ནས། སྐྱབས་གཅིག་དྲིན་ཅན་བླ་མ་ཡར་ལ་བཞེངས། ལས་དང་ཉོན་མོངས་དྲག་པོས་གཟིར་བ་ཡི། །སྐལ་བ་ངན་པ་བདག་ལ་སྐྱོབ་པའི་ཕྱིར། །སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །དྲན་དང་ཤེས་བཞིན་ཀུན་ཀྱང་བཞེངས་སུ་གསོལ། །ད་རེས་དམྱལ་བ་ཡི་དྭགས་གདུད་འགྲོ་དང་། །ཚེརིང་ལྷ་དང་ཀླ་ཀློ་ལོག་ལྟ་ཅན། །སངས་རྒྱས་མ་བྱོན་ཞིང་དང་ལྐུགས་པ་སྟེ། །མི་ཁོམ་བརྒྱད་ལས་ཐར་པའི་དལ་བ་ཐོབ། །མིར་གྱུར་དབང་པོ་ཚང་དང་ཡུལ་དབུས་སྐྱེས། །ལས་མཐའ་མ་ལོག་བསྟན་ལ་དད་པ་སྟེ། །རང་ཉིད་འབྱོར་པ་ལྔ་ཚང་སངས་རྒྱས་བྱོན། །ཆོས་གསུངས་བསྟན་པ་གནས་དང་དེ་ལ་ཞུགས། །བཤེས་གཉེན་དམ་པས་ཟིན་དང་གཞན་འབྱོར་ལྔ། །ཐམས་ཅད་རང་ལ་ཚང་བའི་གནས་ཐོབ་ཀྱང་། །རྐྱེན་མང་ངེས་པ་མེད་པའི་ཚེ་སྤངས་ནས། །འཇིག་རྟེན་ཕ་རོལ་ཉིད་དུ་སོན་པར་འགྱུར། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །ད་རེས་དལ་རྟེན་དོན་ཡོད་མ་བྱས་ན། །ཕྱི་ནས་ཐར་པ་སྒྲུབ་པའི་རྟེན་མི་རྙེད། །བདེ་འགྲོའི་རྟེན་ལ་བསོད་ནམས་ཟད་གྱུར་ནས། །ཤི་བའི་འོག་ཏུ་ངན་སོང་ངན་འགྲོར་འཁྱམས། །དགེ་སྡིག་མི་ཤེས་ཆོས་ཀྱི་སྒྲ་མི་ཐོས། །དགེ་བའི་བཤོས་དད་མི་མཛལ་མཚང་རེ་ཆེ། །སེམས་ཅན་ཙམ་གྱི་གྲངས་དང་རིམ་པ་ལ། །བསམས་ན་མི་ལུས་ཐོབ་པ་སྲིད་མཐའ་ཙམ། མི་ཡང་ཆོས་མེད་སྡིག་ལ་སྤྱོད་མཐོང་ན། །ཆོས་བཞིན་སྤྱོད་པ་ཉིན་མོའི་སྐར་མ་ཙམ། །བློ་སྣ་ཆོས་ལ༴ ལམ་གོལ༴ གཉིས་སུ༴ གལ་ཏེ་མི་ལུས་རིན་ཆེན་གླིང་ཕྱིན་ཡང་། ལུས་རྟེན་བཟང་ལ་བྱུར་པོ་ཆེ་ཡི་སེམས། །ཐར་པ་སྒྲུབ་པའི་རྟེན་དུ་མི་རུང་ཞིང་། །ཁྱད་པར་བདུད་ཀྱིས་ཟིན་དང་དུག་ལྔ་འཁྲུགས། །ལས་ངན་ཐོག་ཏུ་བབས༴ དང་ལེ་ལོས་གཡེངས། །གཞན་ཁོལ་བྲན་གཡོག་འཇིགས་སྐྱོབ་ཆོས་ལྟར་བཅོས། །རྨོངས་སོགས་འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་བརྒྱད། །བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ། །བློ་སྣ་ཆོས༴ ལམ་གོལ༴ གཉིས་སུ་མེད༴ སྐྱོ་ཤེས་ཆུང་ཞིང་དད་པའི་ནོར་དང་བྲལ། འདོད་སྲེད་ཞགས་པས་བཅིངས་དང་ཀུན་སྤྱོད་ཙུབ། མི་དགེ་སྡིག་ལ་མི་འཛེམས་ལས་མཐའ་ལེན། སྡོམ་པ་ཉམས་ཤིང་དམ་ཚིག་རལ་བ་སྟེ། རིས་ཆད་བློ་ཡི་མི་ཁེམ་རྣམ་པ་བརྒྱད། བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ། བླ་སྣ༴ ལམ་གེལ༴ གཉིས་སུ༴ ད་ལྟ་ནད་དང་སྡུག་བསྔལ་གྱིས་མ་གཟིར། །བྲན་ཁོལ་ལ་སོགས་གཞན་དབང་མ་གྱུར་པའི། །རང་དབང་ཐོབ་པའི་རྟེན་འབྲེལ་འགྲིགས་དུས་འདིར། །སྙོམ་ལས་ངང་དུ་དལ་འབྱོར་ཆུད་གསོན་ན། །འཁོར་དང་ལོངས་སྤྱོད་ཉེ་དུ་འབྲེལ་པ་ལྟ། །ལྟ་ཅི་གཅེས་པར་བཟུང་བའི་ལུས་འདི་ཡང་། །མལ་གྱི་ནང་ནས་ས་ཕྱོགས་སྟོང་པར་བསྐྱལ། །ཝ་དང་བྱ་རྒོད་ཁྱི་ཡིས་འདྲད་པའི་དུས། །བར་དོའི་ཡུལ་ན་འཇིགས་པ་ཤིན་ཏུ་ཆེ། །བློ་སྣ༴ ལམ་གོལ༴ གཉིས་སུ༴ དགེ་སྡིག་ལས་ཀྱི་རྣམ་སྨིན་ཕྱི་བཞིན་འབྲང་། །ཁྱད་པར་དམྱལ་བའི་འཇིག་རྟེན་ཉིད་སོན་ན། །ལྕགས་བསྲེགས་ས་གཞིར་མཚོན་གྱིས་མགོ་ལུས་འདྲལ། །སོག་ལེས་གཤོག་དང་ཐོ་ལུམ་འབར་བས་འཚིར། །སྒོ་མེད་ལྕགས་ཁྱིམ་འཐུམས་པར་འོ་དོད་འབོད། །འབར་བའི་གསལ་ཤིང་གིས་འབུགས་ཁྲོ་ཆུར་འཚོད། །ཀུན་ནས་ཚ་བའི་མེས་བསྲེགས་བརྒྱད་ཚན་གཅིག །གངས་རི་སྟུག་པོའི་འདབས་དང་ཆུ་འཁྱགས་ཀྱ། །གཙོང་རོང་ཡ་ངའི་གནས་སུ་བུ་ཡུག་སྦྲེབས། །གྲང་རེག་རླུང་གིས་བཏབ་པའི་ལང་ཚོ་ནི། །ཆུ་བུར་ཅན་དང་ལྷག་པར་རྡོལ་བ་ཅན། །སྨྲེ་སྔགས་རྒྱུན་མི་ཆད་པར་འདོན་པ་ཡང་། །ཚོར་བའི་སྡུག་བསྔལ་བརྣག་པར་དཀའ་བ་ཡིས། །ཟུངས་ཀྱིས་རབ་བཏང་འཆི་ཁའི་ནད་པ་བཞིན། །ཤུགས་རིང་འདོན་ཞིང་སོ་འཐམ་པགས་པ་འགས། །ཤའུ་ཐོན་ནས་ལྷག་པར་འགས་ཏེ་བརྒྱད། །དེ་བཞིན་སྤུ་གྲིའི་ཐང་ལ་རྐ་པ་གཤོགས། །རལ་གྲིའི་ཚལ་དུ་ལུས་ལ་བཅད་གཏུབས་བྱེད། །རོ་མྱགས་འདམ་ཚུད་ཐལ་ཚན་རབ་མེད་ཀློང་། །མནར་བའི་ཉེ་འཁོར་བ་དང་འགྱུར་བ་ཅན། །སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས། །རྟག་ཏུ་བཀོལ་ཞིང་སྤྱོད་པའི་ཉི་ཚེ་བ། །རྣམ་གྲངས་བཅོ་བརྒྱད་གང་ལས་འབྱུང་བའི་རྒྱུ། །ཞེ་སྡང་དྲག་པོའི་ཀུན་སློང་སྐྱེས་པའི་ཚེ། །བློ་སྣ༴ ལམ་གོལ༴ གཉིས་སུ༴ དེ་བཞིན་ཕོངས་ལ་ཉམས་མི་དགའ་བའི་ཡུལ། །བཟའ་བཏུང་ལོངས་སྤྱོད་མིང་ཡང་མི་གྲགས་པར། །ཟས་སྐོམ་ལོ་ཟླར་མི་རྙེད་ཡི་དྭགས་ལུས། །རིད་ཅིང་ལྡང་བའི་སྟོབས་ཉམས་རྣམ་པ་གསུམ། །གང་ལས་འབྱུང་བའི་རྒྱུ་ནི་སེར་སྣ་ཡིན། །གཅིག་ལ་གཅིག་ཟ་གསོད་པའི་འཇིགས་པ་ཆེ། །བཀོལ་ཞིང་སྤྱོད་པས་ཉམ་ཐག་བླང་དོར་རྨོངས། །ཕ་མཐའ་མེད་པའི་སྡུག་བསྔལ་གྱིས་གཟིར་བའི། །ས་བོན་གཏི་མུག་མུན་པར་འཁྱམས་པ་བདག །བློ་སྣ༴ ལམ་གོལ༴ གཉིས་སུ༴ ཆོས་ལམ་ཞུགས་ཀྱང་ཉེས་སྤྱོད་མི་སྡོམ་ཞིང་། །ཐེག་ཆེན་སྒོར་ཞུགས་གཞན་ཕན་སེམས་དང་བྲལ། །དབང་བཞི་ཐོབ་ཀྱང་བསྐྱེད་རྫོགས་མི་སྒོམ་པའི། །ལམ་གོལ་འདི་ལས་བླ་མས་བསྒྲལ་དུ་གསོལ། །ལྟ་བ་མ་རྟོགས་ཐོ་ཅོའི་སྤྱོད་པ་ཅན། །སྒོམ་པ་ཡོངས་ཀྱང་གོ་ཡུལ་འུད་གོག་འཐག །སྤྱོད་པ་ནོར་ཀྱང་རང་སྐྱོན་མི་སེམས་པའི། །ཆོས་དྲེད་འདི་ལས་བླ་མས་བསྒྲལ་དུ་གསོལ། དང་ནངས་པར་འཆི་ཡང་གནས་གོས་ནོར་ལ་སྲེད། །ན་ཚོད་ཡོལ་ཡང་ངེས་འབྱུང་སྐྱོ་ཤས་བྲལ། །ཐོས་པ་ཆུང་ཡང་ཡོན་ཏན་ཅན་དུ་རློམ། །མ་རིག་འདི་ལས་བླ་མས་བསྒྲལ་དུ་གསོལ། །རྐྱེན་ཁར་འཆོར་ཡང་འདུ་འཛི་གནས་སྐོར་སེམས་། །དབེན་པ་བརྟེན་ཀྱང་རང་རྒྱུད་ཤིང་ལྟར་རེངས། །དུལ་བར་སྨྲ་ཡང་ཆགས་སྡང་མ་ཞིག་པའི། །ཆོས་བརྒྱད་འདི་ལས་བླ་མས་བསྒྲལ་དུ་གསོལ། །གཉིད་འཐུག་འདི་ལས་མྱུར་དུ་སད་དུ་གསོལ། །ཁྲི་མུན་འདི་ལས་མྱུར་དུ་དབྱུང་དུ་གསོལ། ཞེས་འབོད་པ་དྲག་པོས་ཐུགས་རྗེ་བསླང་བར་བྱ། གཉིས་པ་སྐྱབས་སུ་འགྲོ་བ་ནི། དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམཿ རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམསཿ ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལཿ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆིཿ ལན་གསུམ། གསུམ་པ་སེམས་བསྐྱེད་པ་ནི། ཧོཿ སྣ་ཚོགས་སྣང་བ་ཆུ་ཟླའི་རྫུན་རིས་ཀྱིསཿ འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པའི་འགྲོཿ རང་རིག་འོད་གསལ་དབྱིངས་སུ་ངོལ་གསོའི་ཕྱིརཿ ཚད་མེད་བཞི་ཡི་ངང་དུ་སེམས་བསྐྱེད་དོཿ ལན་གསུམ། བཞི་པ་རྡོར་སེམས་བསྒོམ་བཟླས་ནིཿ ཨཿ བདག་ཉིད་ཐ་མལ་སྤྱི་བོ་རུཿ པད་དཀར་ཟླ་བའི་གདན་གྱི་དབུསཿ ཧཱུྃ་ལས་བླ་མ་རྡོ་རྗེ་སེམསཿ དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུཿ རྡོ་རྗེ་དྲིལ་འཛིན་སྙེམས་མ་འཁྲིལཿ ཁྱོད་ལ་སྐྱབས་གསོལ་སྡིག་པ་སྦྱོང་ཿ འགྱོད་སེམས་དྲག་པོས་མཐོལ་ལོ་བཤགསཿ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམཿ ཁྱོད་ཐུགས་ཟླ་བ་རྒྱས་པའི་སྟོང་ཿ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོརཿ བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བསཿ ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནསཿ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིནཿ ག་བུར་རྡུལ་ལྟར་འཛག་པ་ཡིསཿ བདག་དང་ཁམས་གསུམ་སེམས་ཅན་གྱིཿ ལས་དང་ཉོན་མོངས་སྡུག་བསྔལ་རྒྱུཿ ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབཿ མ་ལུས་བྱང་བར་མཛད་དུ་གསོལཿ ༀ་བཛྲ་ས་ཏྭ་སོགས་ཡི་གེ་བརྒྱ་པ་ཅི་ནུས་བཟླས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། དམ་ཚིག་ལ་ནི་འགལ་ཞིང་ཉམས། །བླ་མ་མགོན་པོའི་སྐྱབས་མཛོད་ཅིགཿ གཙོ་བོ་རྡོ་རྗེ་འཛིན་པ་སྟེ། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཅོ་ལ་བདག་སྐྱབས་མཆི། སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་བརྗོད་པས་རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་ལ་ཡིན་ནོ་ཞེས་གནང་བ་བྱིན་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་ལས་རང་ཉིད་ཀྱང་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གྱུར་པའི་ཐུགས་སྲོག་ཧཱུཾ་གི་མཐའ་མར་ཡི་གེ་འབྲུ་བཞི་པོ་གསལ་བ་ལས་འོད་ཟེར་འཕྲོས་ཁམས་གསུམ་སྣོད་བཅུད་དང་བཅས་ལ་རྡོར་སེམས་རིགས་ལྔའི་རྟེན་དང་བརྟེན་པའི་རང་བཞིན་དུ་སངས་རྒྱས་པར་བསམས་ལ། ༀ་བཛྲ་ས་ཏྭ་ཧཱུྃ་ཞེས་ཅི་ནུས་སུ་བཟླས་མཐར་མཉམ་པར་བཞག་གོ །ལྔ་པ་མཎྜལ་ནི། ༀ་ཨཱཿ ཧཱུྃཿསྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་ཿ རིན་ཚེན་སྣ་བདུན་ལྷ་མའི་འབྱོར་བས་གཏམསཿ བདག་ལུས་ལོངས་སྤྱོད་བཅས་པ་ཡོངས་འབུལ་གྱིསཿ ཆོས་ཀྱི་འཁོར་ལོས་སྒྱུར་བའི་སྲིད་ཐོབ་ཤོགཿ འོག་མིན་བདེན་ཆེན་སྟུག་པོ་བཀོད་བའི་ཞིང་ཿ ངེས་པ་ལྔ་ལྡན་རིགས་ལྔའི་ཚོམ་བུ་ཅནཿ འདོད་ཡོན་མཆོད་པའི་སྤྲིན་ཕུང་བསམ་ཡས་པཿ ཕུལ་བས་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོགཿ སྣང་སྲིད་རྣམ་དག་གཞོན་ནུ་བུམ་པའི་སྐུཿ ཐུགས་རྗེ་མ་འགག་ཆོས་ཉིད་རོལ་པའི་རྒྱནཿ སྐུ་དང་ཐིག་ལེའི་འཛིན་པ་རྣམ་དག་ཅིང་ཿ ཕུལ་བས་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོགཿ དྲུག་པ་ཀུ་སཱ་ལུའི་ཚོགས་གསོག་ནིཿ ཕཊཿ ལུས་བ་གཅེས་འཛིན་བོར་བས་ལྷ་བདུད་བཅོམཿ སེམས་ཚངས་པའི་སྒོ་ནས་དབྱིངས་ལ་ཐོནཿ འཆི་བདག་གི་བདུད་བཅོམ་ཁྲོས་མར་གྱུརཿ གཡས་ཉོན་མོངས་བདུད་བཅོམ་གྲི་གུག་གིསཿ གཟུགས་ཕུང་པོའི་བདུད་བཅོམ་ཐོད་པ་བྲིགསཿ གཡོན་ལས་བྱེད་ཚུལ་གྱིས་བྷནྡྷ་ཐོགསཿ སྐུ་གསུམ་གྱི་མི་མགོའི་སྒྱེད་པུར་བཞགཿ ནང་སྟོང་གསུམ་གང་བའི་བམ་རོ་དེཿ ཨ་ཐུང་དང་ཧཾ་ཡིག་གིས་བདུད་རྩིར་ཞུཿ འབྲུ་གསུམ་གྱི་ནུས་པས་སྦྱངས་སྤེལ་བསྒྱུརཿ ༀ་ཨཱཿཧཱུྃ་ཅི་ནུས་བཟླས་མཐརཿ ཕཊཿཡར་མཆོད་ཡུལ་མགྲོན་གྱི་ཐུགས་དམ་བསྐང་ཿ ཚོགས་རྫོགས་ནས་མཆོག་ཐུན་དངོས་གྲུབ་ཐོབཿ མར་འཁོར་བའི་མགྲོན་མཉེས་ལན་ཚགས་བྱངཿ ཁྱད་པར་དུ་གནོད་བྱེད་བགེགས་རིགས་ཚིམསཿ ནད་གདོན་དང་བར་ཆད་དབྱིངས་སུ་ཞིཿ རྐྱེན་ངན་དང་བདག་འཛིན་རྡུལ་དུ་བརླགསཿ མཐར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུནཿ གཤིས་རྫོགས་པ་ཆེན་པོར་མ་བཅོས་ཨཿ ཞེས་མཉམ་པར་བཞག །བདུན་པ་བླ་མའི་རྣལ་འབྱོར་ནིཿ ཨེ་མ་ཧོཿ རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང་ཿ བཀོད་པ་རབ་རྫོགས་ཟངས་མདོག་དཔལ་རིའི་དབུསཿ རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མཿ ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིནཿ ཞབས་གཉིས་དོར་སྟབས་སྤྱན་གསུམ་ནམ་མཁར་གཟིགསཿ སྤྱི་བོར་པདྨ་འབུམ་བརྡལ་ཉི་ཟླའི་སྟེངཿ སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་ཿ དབྱེར་མེད་མཚོ་སྐྱེས་རྡོ་རྗེ་སྤྲུལ་པའི་སྐུཿ དཀར་དམར་མདངས་ལྡན་གཞོན་ནུའི་ཤ་ཚུགས་ཅནཿ ཕོད་ཁ་ཆོས་གོས་ཟ་བེར་འདུང་མ་གསོལཿ ཞལ་གཅིག་ཕྱག་གཉིས་རྒྱལ་པོ་རོལ་པའི་སྟབསཿ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམསཿ དབུ་ལ་འདབ་ལྡན་པདྨའི་མཉེན་ཞུ་གསོལཿ མཆན་ཁུང་གཡོན་ན་བདེ་སྟོང་ཡུམ་མཆོག་མཿ སྦས་པའི་ཚུལ་གྱིས་ཁ་ཊཾ་རྩེ་གསུམ་བསྣམསཿ འཇའ་ཟེར་ཐིག་ལེའི་འོད་ཕུང་ཀློང་ན་བཞུགསཿ ཕྱི་འཁོར་འོད་ལྔའི་དྲ་བས་མཛེས་པའི་ཀློངཿ སྤྲུལ་པའི་རྗེ་འབངས་ཉི་ཤུ་རྩ་ལྔ་དང་ཿ རྒྱ་བོད་ལན་གྲུབ་རིག་འཛིན་ཡི་དམ་ལྷཿ མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྤྲིན་ལྟར་གཏིབསཿ གསལ་སྟོང་མཉམ་གནས་ཆེན་པོའི་དང་དུ་གསལཿ ཧཱུྃཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་མཆོག་གི་དངོས་གྲུབ་བརྙེསཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཁོར་དུ་མཁའ་འགྲོ་མང་པོས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིསཿ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལཿ གུ་རུ་པདྨ་སིདྡྷི་ཧཱུྃཿ ཡན་ལག་བདུན་པ་ནི། ཧྲཱིཿ བདག་ལུས་ཞིང་གི་རྡུལ་སྙེད་དུཿ རྣམ་པར་འཕྲུལ་པས་ཕྱག་འཚལ་ལོཿ དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་མཐུསཿ སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལཿ སྒོ་གསུམ་མི་དགེའི་ལས་རྣམས་ཀུནཿ འོད་གསལ་ཆོས་སྐུའི་ངང་དུ་བཤགསཿ བདེན་པ་གཉིས་ཀྱིས་བསྡུས་པ་ཡི། །དགེ་ཚོགས་ཀུན་ལ་རྗེས་ཡི་རངཿ གདུལ་བྱའི་ཁམས་དབང་བསམ་པ་བཞིན། ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལཿ ཇི་སྲིད་འཁོར་བ་མ་སྟོངས་བརཿ མྱ་ངན་མི་འདའ་བཞུགས་གསོལ་འདེབསཿ དུས་གསུམ་བསགས་པའི་དགེ་རྩ་ཀུནཿ བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོཿ བརྒྱད་པ་གསོལ་བ་འདེབས་པ་ནི། རྗེ་བཙུན་གུ་རུ་རིན་པོ་ཆེཿ ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱིཿ ཐུགས་རྗེ་བྱིན་རླབས་འདུས་པའི་དཔལ༔ སེམས་ཅན་ཡོངས་གྱི་མགོན་གཅིག་པུ༔ ལུས་དང་ལོངས་སྤྱོད་བློ་སྙིང་བྲངཿ ལྟོས་པ་མེད་པར་ཁྱེད་ལ་འབུལཿ འདི་ནས་བྱང་ཆུབ་མ་ཐོབ་པརཿ སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཀུནཿ རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེནཿ བདག་ལ་རེས་གཞན་ན་མེདཿ ད་ལྟ་དུས་ངན་སྙིགས་མའི་འགྲོཿ མི་བཟོད་སྡུག་བསྔལ་འདམ་དུ་བྱིང་ཿ འདི་ལས་སྐྱོབས་ཤིག་མ་ཧཱ་གུ་རུཿ དབང་བཞི་སྐུར་ཅིག་བྱིན་རླབས་ཅནཿ རྟོགས་པ་སྤོར་ཅིག་ཐུགས་རྗེ་ཅནཿ སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅནཿ ནམ་ཞིག་ཚེ་ཡི་དུས་བྱས་ཚེཿ རང་སྣང་རྔ་ཡབ་དཔལ་རིའི་ཞིང་ཿ ཟུང་འཇུག་སྤྲུལ་པའི་ཞིང་ཁམས་སུཿ གཞི་ལུས་རྡོ་རྗེ་རྣལ་འབྱོར་མཿ གསལ་འཚེར་འོད་ཀྱི་གོང་བུ་རུཿ གྱུར་ནས་རྗེ་བཙུན་པད་འབྱུང་དང་ཿ དབྱེར་མེད་ཆེན་པོར་སངས་རྒྱས་ཏེཿ བདེ་དང་སྟོང་པའི་ཆོ་འཕྲུལ་གྱིཿ ཡེ་ཤེས་ཆེན་པོའི་རོལ་པ་ལསཿ ཁམས་གསུམ་སེམས་ཅན་མ་ལུས་པཿ འདྲེན་པའི་དེད་དཔོན་དམ་པ་རུཿ རྗེ་བཙུན་པདྨས་དབུགས་དབྱུང་གསོལཿ གསོལ་བ་སྙིང་གི་དཀྱིལ་ནས་འདེབསཿ ཁ་ཙམ་ཚིག་ཙམ་མ་ཡིན་ནོཿ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལཿ བསམ་དོན་འགྲུབ་པར་མཛད་དུ་གསོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃཿ བརྒྱུད་པའི་གསོལ་འདེབས་ནིཿ ཨེ་མ་ཧོཿ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་ནཿ དང་པོའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་ཿ ལོངས་སྐུ་ཆུ་ཟླའི་རོལ་རྩལ་རྡོ་རྗེ་སེམསཿ སྤྲུལ་སྐུར་མཚན་རྫོགས་དགའ་རབ་རྡོ་རྗེ་ལཿ གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལཿ ཤྲཱི་སིངྷ་དོན་དམ་ཆོས་ཀྱི་མཛོདཿ འཇམ་དཔལ་བཤེས་གཉེན་ཐེག་དགུའི་འཁོར་ལོས་སྒྱུརཿ ཛྙཱ་ན་སཱུ་ཏྲ་པན་ཆེན་བི་མ་ལརཿ གསོལ་བ་འདེབས་སོ་གྲོལ་བྱེད་ལམ་སྣ་སྟོནཿ འཛམ་བུའི་གླིང་གི་རྒྱན་གཅིག་པདྨ་འབྱུང་ཿ ངེས་པར་ཐུགས་ཀྱི་སྲས་མཆོག་རྗེ་འབངས་གྲོགསཿ ཐུགས་གཏེར་རྒྱ་མཚོའི་བརྡ་གྲོལ་ཀློང་ཆེན་ཞབསཿ མཁའ་འགྲོའི་དབྱིངས་མཛོད་བཀའ་བབ་འཇིགས་མེད་གླིང་ཿ གསོལ་བ་འདེབས་སོ་འབྲས་བུ་ཐོབ་གྲོལ་སྩོལཿ སྲིད་ལས་ངེས་པར་འབྱུང་བའི་ཞེན་ལོག་གིསཿ རྡོ་རྗེ་བླ་མ་དོན་ལྡན་མིག་བཞིན་བསྟེནཿ ཅི་གསུང་བཀའ་བསྒྲུབ་ཟབ་མོའི་ཉམས་ལེན་ལཿ ལྟེམ་རྐྱང་མེད་པའི་སྒྲུབ་ཚུགས་ཞེ་རུས་ཀྱིས་ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ་བར་ཤོགཿ སྣང་སྲིད་འཁོར་འདས་ཡེ་ནས་འོག་མིན་ཞིང་ཿ ལྷ་སྔགས་ཆོས་སྐུར་དག་རྫོགས་སྨིན་པའི་འབྲསཿ སྤང་བླང་བྱ་རྩོལ་མེད་པའི་རྫོགས་པ་ཆེཿ ཤེས་ཉམས་ཡིད་དཔྱོད་ལས་འདས་རིག་པའི་གདངསཿ ཆོས་ཉིད་མངོན་སུམ་རྗེན་པར་མཐོང་བར་ཤོགཿ མཚན་མའི་རྟོག་པ་རྣམ་གྲོལ་འཇའ་ཟེར་སྦུབསཿ སྐུ་དང་ཐིག་ལེའི་ཉམས་སྣང་གོང་དུ་འཕེལཿ རིག་རྩལ་ལོངས་སྐུའི་ཞིང་ཁམས་ཚད་ལ་ཕེབསཿ ཆོས་ཟད་བློ་འདས་ཆེན་པོར་སངས་རྒྱས་ཏེཿ གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོགཿ ཤིན་ཏུ་རྣལ་འབྱོར་ཉམས་འོག་མ་ཚུད་དེཿ རགས་ལུས་དངས་མའི་དབྱིངས་སུ་མ་གྲོལ་ནཿ ནམ་ཞིག་ཚེ་ཡི་འདུ་བྱེད་བསྟུང་བའི་ཚེཿ འཚི་བ་འོད་གསལ་ཀ་དག་ཆོས་སྐུར་ཤརཿ བར་དོའི་སྣང་ཆ་ལོངས་སྤྱོད་རྫོགས་སྐུར་གྲོལཿ ཁྲེགས་ཆོད་ཐོད་རྒལ་ལམ་གྱི་རྩལ་ཤྣལྱྭོགས་ནསཿ མ་པང་བུ་འཇུག་ལྟ་བུར་གྲོལ་བར་ཤོགཿ གསང་ཆེན་འོད་གསལ་ཐེག་པ་མཆོག་གི་རྩེཿ སངས་རྒྱས་གཞན་ནས་མི་འཚོལ་ཆོས་སྐུའི་ཞལཿ མངོན་གྱུར་གདོད་མའི་ས་ལ་མ་གྲོལ་ནཿ མ་བསྒོམ་སངས་རྒྱས་ཆོས་ལྔའི་ལམ་མཆོག་ལཿ བརྟེན་ནས་རང་བཞིན་སྤྲུལ་པའི་ཞིང་ལྔ་དང་ཿ ཁྱད་པར་པདྨ་འོད་ཀྱི་ཕོ་བྲང་དུཿ རིག་འཛིན་རྒྱ་མཚོའི་གཙོ་མཆོག་ཨོ་རྒྱན་རྗེསཿ གསང་ཆེན་ཆོས་ཀྱི་དགའ་སྟོན་འགྱེད་པའི་སརཿ སྲས་ཀྱི་ཐུ་བོར་སྐྱེས་ནས་དབུགས་དབྱུང་སྟེཿ མཐའ་ཡས་འགྲོ་བའི་ཉེར་འཚོར་བདག་འགྱུར་ཤོགཿ རིག་འཛིན་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་ཿ ཆོས་དབྱིངས་བསམ་མི་ཁྱབ་པའི་བདེན་པ་ཡིསཿ དལ་འབྱོར་རྟེན་ལ་རྫོགས་སྨིན་སྦྱངས་གསུམ་གྱིསཿ རྟེན་འབྲེལ་མངོན་གྱུར་སངས་རྒྱས་ཐོབ་པར་ཤོགཿ ཅེས་ཁ་ཞེ་མེད་པར་གསོལ་བ་སྙིང་ནས་གདབ་བོ། །དགུ་པ་དབང་བཞིའི་བླང་བ་ནི། གུ་རུའི་སྨིན་མཚམས་ནས་ༀ་ཡིག་ཆུ་ཤེལ་ལྟར་འཚེར་བ་ལས་འོད་ཟེར་འཕྲོས། །རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ལས་དང་རྩ་ཡི་སྒྲིབ་པ་དག །སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་གྱི་སྣོད་དུ་གྱུར། །རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུདལ་བཞག །མེ་ཏོག་ལ་ནས་ཨ་ལྷུ་ཡིག་པདྨ་རཱ་ག་ལྟར་འབར་བ་ལས་འོད་ཟེར་འཕྲོས། །རང་གི་མགྲིན་པ་ནས་ཞུགས། ངག་གི་ལས་དང་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། བཟླས་བརྗོད་ཀྱི་སྣོད་དུ་གྱུར། །ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །ཐུགས་ཀའི་ཧཱུྃ་ཡིག་ནམ་མཁའི་མདོག་ཅན་ལས་འོད་ཟེར་འཕྲོས། རང་གི་སྙིང་ག་ནས་ཞུགས། ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་སྟོང་ཙཎྜ་ལིའི་སྣོད་དུ་གྱུར། །ཕྱག་རྒྱའི་རིག་འཛིན་ཀྱི་ས་བོན་ཐེབས། །ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་འཕངས་པ་བཞིན་དུ་ཆད། རང་སེམས་དང་ཐ་དད་མེད་པར་འདྲེས། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཚིག་གི་མཚོན་པ་དོན་དམ་གྱི་དབང་ཐོབ། ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། །ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བ་རྒྱུད་ལ་བཞག་གོ །དེ་ལྟར་འདོན་སྒོམ་ཟུང་དུ་འཇུག་པས་ལམ་དབང་བླངས་མཐར། སླར་ཡང་བླ་མའི་ཐུགས་ཀ་ནས་འོད་ཟེར་དམར་པོ་དྲོད་དང་བཅས་པ་ཞིག་ཝལ་གྱིས་བྱུང་བ་བདག་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྙིང་གར་རེག་པ་ཙམ་གྱིས་འོད་དམར་གྱི་གོང་བུ་ཞིག་ཏུ་གྱུར་ནས་གུ་རུ་རིན་པོ་ཆེའི་ཐུགས་ཀར་ཐིམ་པས་དབྱེར་མེད་རོ་གཅིག་ཏུ་གྱུར་པར་བསྒོམས་ཤིང་ད མིགས་བསམ་བརྗོད་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག་གོ། །དེ་ལས་ལངས་ནས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། བདག་གི་སྙིང་གར་པདྨའི་གདན་བཞུགས་ལ། བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། ཅི་མཛད་ལེགས་པར་མཐོང་བའི་མོས་གསལ་ཀྱིས། བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །བཅུ་པ་བསྔོ་བ་ནི། །དགེ་བ་འདི་ཡིིས་སྐྱེ་བོ་ཀུན། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ཀྱང་ཀུན་ནས་བཟང་པོར་རེག་གྱུར་ཅིག །འཇམ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་སྟེེ། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། བཅུ་གཅིག་པ་སྨོན་ལམ་ཁྱད་པར་བ་ནི། །གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ཅིང་། །ཚུལ་བཞིན་སྒྲུབ་པའི་རང་དབང་ཡོད་པར་ཤོག །དེར་ཡང་བླ་མ་དམ་པ་མཉེས་བྱེད་ཅིང་། ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཆོས་རྟོགས་ནས་ནི་སྙིང་པོའི་དོན་བསྒྲུབས་ཏེ། ཚེ་དེར་སྲིད་པའི་རྒྱ་མཚོ་བརྒལ་བར་ཤོག །སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་ཅིང་། །གཞན་ཕན་བསྒྲུབ་ལ་སྐྱོ་ངལ་མེད་པར་ཤོག །རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས། །ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག །ཅེས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བསྡེབས་པ་རྣམ་མཁྱེན་ལམ་བཟང་འདི་ཉིད་རིག་འཛིན་འཇིགས་མེད་གླིང་པ་སོགས་དམ་པ་དུ་མའི་བཀའ་དྲིན་གྱིས་བསྐྱངས་ཤིང་དམ་ཚིག་ལ་མོས་པ་ཐོབ་པའི་སྔགས་བཙུན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་བྲིས་པའི་དགེ་བས་རྗེས་འཇུག་རྣམས་ཀྱིས་བླ་མ་སངས་རྒྱས་དངོས་སུ་མཐོང་འབྲས་ཀྱིས་རང་རིག་ཀུན་ཏུ་བཟང་པོའི་རང་ཞལ་མངོན་དུ་གྱུར་ནས་འགྲོ་ཁམས་རྒྱ་མཚོ་ལ་ཕན་པ་རྒྱུན་ཆད་མེད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།།

ༀ་བཛྲ་ས་ཏྭོ་ས་མ་ས་མ་ཡ་མ་ནུ་པཱ་ཡ་ལ་བཛྲ་ས་ཏྭ་ཏྭེ་ནོ་བ་ཏིཥ་ཋ་ཌྷི་བྷ་ཝ་སུ་ཏྭོ་ཥྱོ་མེ་བྷ་ཝ་སུ་ཥྱོ་མེ་བྷ་ལ་ཨ་ནུ་རག་ད་མེ་གསར་བསིད་དྷི་མེ་པྲ་ཡ་ཨ་ཚ་སར་བ་ཀར་མ་སུ་ཙ་མེ་ཅི་ད་ཏི་ཤྲེ་ཡ་ཀུ་རུ་ཧཱུ་ཧེ་ཧ་ཧ་ཧ་ཧོ་བྷ་གོ་ལཱ་ན་སར་ཁ་ཏ་ཐཱ་ག་ཏ་བ་ཛྲ་མཱུ་མེ་མུན་ཁ།


previousརྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐེག་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བདེབས་པ་རྣམ་མཁྱེན་ལམ་བཟང་།next