Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
གནས་མཆོག་ཁམས་ཀྱི་ཚ་རི་ཏྲ་རལ་གྲི་དེ་རྫོང་རྫོགས་ཆེན་གྱི་བཀོད་པ་གསལ་བར་བྱེད་པ་དྲི་བྲལ་བཻཌཱུཪྻའི་མེ་ལོང་།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནས་མཆོག་ཁམས་ཀྱི་ཚ་རི་ཏྲ་རལ་གྲི་དེ་རྫོང་རྫོགས་ཆེན་གྱི་བཀོད་པ་གསལ་བར་བྱེད་པ་དྲི་བྲལ་བཻཌཱུཪྻའི་མེ་ལོང་།next

གནས་མཆོག་ཁམས་ཀྱི་ཚ་རི་ཏྲ་རལ་གྲི་དེ་རྫོང་རྫོགས་ཆེན་གྱི་བཀོད་པ་གསལ་བར་བྱེད་པ་དྲི་བྲལ་བཻཌཱུཪྻའི་མེ་ལོང་།

༄༅། །གནས་མཆོག་ཁམས་ཀྱི་ཚ་རི་ཏྲ་རལ་གྲི་དེ་རྫོང་རྫོགས་ཆེན་གྱི་བཀོད་པ་གསལ་བར་བྱེད་པ་དྲི་བྲལ་བཻཌཱུཪྻའི་མེ་ལོང་བཞུགས་སོ། །

ༀ་ཨཱཿཧཱུྃ། ༀ་ཧཱུྃ་ཧྲཾ་ཧྲཱི་པརྦ་སིདྷི་ཕ་ལ་ཧཱུྃ། གདོད་ནས་སྤྲོས་ཀུན་ཉེར་ཞི་ལྟ་ལ་ཇི་བཞིན་མཐའ་དབུས་ཡངས་སྤངས་དངོས་མཚན་འཛིན་པ་བྲལ། །བྲལ་ཡང་ཆགས་སྡང་ལས་འདས་སྲིད་དང་ཞི་བའི་འཆར་གཞི་བསམ་གྱིས་མི་ཁྱབ་སྤྱོད་ཡུལ་མཆོག །མཆོག་ཏུ་མི་འགྱུར་ཐབས་དང་རྣམ་ཀུན་མཆོག་ལྡན་ཤེས་རབ་འདུ་འབྲལ་མེད་པའི་བདག་ཉིད་གང་། །གང་ཡང་དམིགས་སུ་མེད་ཀྱང་འཁོར་འདས་གཉིས་ཀའི་བདག་ཉིད་ཀུན་བཟང་ཡབ་ཡུམ་ལ་ཕྱག་འཚལ། །དེ་ཡི་མདངས་ལས་རང་བྱུང་ལྷུན་གྲུབ་ལོངས་སྐུ་རིགས་ལྔ་དང་། །དེ་ཉིད་འདུལ་ཕྱིར་སྣང་བ་རང་བཞིན་སྤྲུལ་སྐུ་གཙོ་དང་འཁོར། །རིགས་དྲུག་འགྲོ་བ་འདུལ་བྱེད་རང་རང་རིགས་བདག་ཐུབ་པ་དྲུག །གཞན་ཡང་གང་ལ་གང་ཕན་དེ་ལ་དེར་སྣང་ལྷ་ལ་འདུད། །ཚུར་མཐོང་མིག་མཚོར་སྣང་བའི་འབྱུང་ཆེར་ལྔ། །ཡེ་ནས་ཡུམ་ལྔའི་ངོ་བོར་ལྷུན་གྲུབ་ཀྱང་། །མ་དག་སྣང་བར་ཐ་མལ་རང་རྒྱུད་གཟུགས། །དག་སྣང་ལྡན་པའི་མིག་སྔར་དེ་ལྟར་ཡིན། །དེ་ཕྱིར་གནས་འདིའི་རྟེན་དང་བརྟེན་པར་བཅས། །གཟའ་སྐར་རྒྱ་མཚོར་སྣང་བཞིན་དཀར་ཆག་གཞུང་། །དྲི་བྲལ་བཻཌཱུཪྻའི་མེ་ལོང་འདིར། །སྒྲིབ་མེད་མངོན་སུམ་ངོམ་དེར་གཟིགས་དང་ཀྱེ། །ཞེས་མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བའི་ཚིག་ཅུང་ཟད་སྔོན་དུ་བཏང་ནས། གཏམ་ཡིན་འགོད་པའི་ཐོག་མར་འཁོར་འདས་གཉིས་རྒྱབ་གྱེས་ཚུལ་དང་། འཁོར་བར་ཕན་ཕྱིར་སྐུ་གསུམ་རྒྱལ་བའི་མཛད་པ་མཐའ་མ་བགག་པའི་ཚུལ་བསྟན་པ་སོགས་དད་ལྡན་རྣམས་སྤྲོ་བ་བསྐྱེད་པ་དང་། ལོག་པར་ལྟ་བ་རྣམས་ཡང་དག་གི་ལམ་ལ་འཇུག་ཕྱིར་ལྷག་བསམ་རྣམ་དག་གི་སེམས་ཀྱིས་དག་པའི་སྣང་བར་ཤར་བའི་ཚིག་འདི་སྐད་ཅེས་གླིང་ངོ་། །ཨེ་མ་ཧོ། ངོ་མཚར་རྨད་དུ་བྱུང་བའི་ལྟད་མོ་ལ། །འཁོར་འདས་གཉིས་སུ་མེད་པའི་ཡ་གཞི་ནི། །སུས་ཀྱང་མ་བྱས་སྟོང་ཆེན་ནམ་མཁའ་བཞིན། །གདུལ་བྱ་འདུལ་བྱེད་ཐ་དད་བྲལ་ལ་འདུད། །དེ་ལ་སངས་རྒྱས་དང་ནི་སེམས་ཅན་གཉིས། །གྲོལ་འཁྲུལ་སྔ་ཕྱི་མེད་དེ་འཆི་མེད་ལམ། །གློ་བུར་སྤྲིན་གྱིས་མ་བསྒྲིབ་བསྒྲིག་པའི་ཁྱད། །འདི་རུ་ཉམས་སུ་མྱོང་བའི་ལུགས་བཞིན་འགོད། །ཞི་དང་སྲིད་པ་དགྱེས་ཚུལ་འདི་ལྟ་སྟེ། །ཐོག་མའི་ཡེ་གཞི་སྤྲོས་བྲལ་བརྗོད་མེད་ཀྱང་། །དེ་ལས་ཡིད་ཀྱི་ཤེས་པ་ཕྲ་མོ་ལངས། །དེ་ཉིད་འཁོར་འདས་གཉིས་ཀའི་སྤྱི་གཞི་སྟེ། །ཡིད་ཤེས་གཅིག་པོའི་སྟེང་ནས་གཟུང་འཛིན་གཉིས། །གཉིད་དུས་ཤེས་པས་རྨི་ལམ་བཟུང་བ་བཞིན། །ང་མེད་ང་རུ་བཟུང་བས་ང་བདག་དང་། །གཞན་མེད་གཞན་དུ་བཟུང་བ་ཆོས་བདག་བྱུང་། །དེ་ལ་ཁམས་གསུམ་འགྲོ་བའི་རྟེན་བརྟེན་པ། །རིམ་བཞིན་མཆེད་གཞི་ཤེས་པ་བག་ལ་ཉལ། །ཕྲ་དང་རགས་པའི་ཚུལ་གྱིས་རིགས་དྲུག་འགྲོ། །གཟུགས་ཡིད་གཟུགས་དང་འདོད་ཁམས་ནས་མར་བཟུང་། །ཡས་རིམ་ཇི་བཞིན་འོག་ནས་འོག་ཏུ་མཆེད། །སྐབས་དེར་གཉིད་ལོག་རྨི་ལམ་མ་སད་བཞིན། །འདི་དག་འཁོར་བའི་འཁྲུལ་ཚུལ་མེད་ཙམ་ཡིན། །སངས་རྒྱས་གྲོལ་ཚུལ་ཡིད་ཤེས་ཕྲ་མོ་དེ། །ཤར་བའི་མདོ་ལས་རང་བྱུང་རང་གྲོལ་མཐུས། །ཡིད་ཤེས་ཕྲ་མོ་ཤེལ་འོད་ནང་ཐིམ་ལྟར། །ཐིམ་ལམ་མ་རྨུག་གཞོན་ནུ་བུམ་པའི་སྐུ། །སྐབས་དེའི་སྣང་ཆ་ཀུན་དུ་བཟང་པོ་ཡབ། །གཞི་དབྱིངས་བརྗོད་བྲལ་ཀུན་ཏུ་བཟང་མོ་ཡུམ། །གདུལ་བྱ་གདུལ་བྱེད་ལོགས་སུ་མ་གྲུབ་སྟེ། །སྣང་སྟོང་གཙོ་བོ་སྟོངས་གསལ་གཉིས་ཡིན་ཞིང་། །སྣང་བར་མཆེད་གཞི་མ་འགགས་རོལ་རྩལ་དེར། །གཙོ་བོར་མཆོག་དམན་མེད་དེ་དགོང་གློང་གཅིག །བརྗོད་བྲལ་ཨ་ཏི་ཡོ་ཀའི་ཆོས་འཁོར་ཆེ། །སྨིན་གྲོལ་སྟོན་འཁོར་མཉམས་ཉིད་ངང་ནས་ཐོབ། །དེ་དག་ཀུན་དུ་བཟང་པོའི་གྲོལ་ཚུལ་ལག །གོང་དུ་བཤད་པའི་ཡིད་ཤེས་བུམ་སྐུ་རུ། །རྣམ་ཐར་སྒོ་གསུམ་ཚུལ་དུ་བཞུགས་པའི་སྐབས། །྅྅྅འཁྲིལ་ཞིང་སེམས་དཔའ་དང་། སེམས་མ་སོགས་རྡོ་རྗེ་རིགས་ཀྱིས་བསྐོར། དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། སྲས་མཆོག་ལྔ་དང་ཁྲོ་བོ་ཡབ་ཡུམ་བཅུ། །འཁོར་གསུམ་གསོད་དང་ཁྲོ་བོ་སྒོ་མ་བཞི། །བཀའ་ཡི་སྲུང་མ་མཆོག་དམན་བཅུ་གཉིས་གཞུགས། །གཞན་ངོམ་བརྩེགས་དང་རྣམ་འཇོམས་ལ་སོགས་པ། །དཔལ་རྡོ་རྗེ་རིགས་ཀྱི་ཁྲོ་སྐུ་མང་། དེའི་མདུན་རྒྱབ་གཡས་གཡོན་བྲག་ལ་སོགས་ལ། །ལྷ་ཞི་བ་དང་ཁྲོ་བོ་རྡོ་རྗེའི་རིགས། །གཞན་྅ཡང་྅ཕུར་པ་གྲུབ་པའི་རིག་འཛིན་མཆོག །དཔལ་མཚོ་སྐྱེས་དང་བི་མ་སུ་སྟ་སྟེ། །མ་མཁའ་འགྲོ་ཡི་གཙོ་མོ་མཚོ་རྒྱལ་མ། །རྫས་རྡོ་རྗེ་དང་ཕུར་པ་རང་བྱུང་དང་། །གཡུང་དྲུང་རིས་ཆོས་དང་བོན་སྐོར་ཚུལ། །ཨ་ཡིག་སོགས་ཏྲག་སྔགས་བཅུ་བཞི་སོགས། །གཡོན་བསྐོར་གྱི་ཚུལ་དུ་འཐོར་ནས་ཡོད། །གཡོན་ཕྱོགས་ཀྱི་རྟོ་བ་ཕུར་གཟུགས་འདྲེས། །ལོགས་གཅིག་ན་བོན་ཡིག་ཨ་དཀར་ན། །ཨ་རྨད་དང་དུལ་ཏྲི་སུ་ཞེས་དང་། །ནག་པོ་བདེ་ཞི་མལ་མལ་སོགས་ཡོད། །དེར་ཉེ་བའི་བྲི་གུ་ཕག་ཐོང་འདྲ། །ནག་པོ་ལ་དཀར་པོའི་རྒྱ་ཆིངས་བྲིས། །ངོམ་པ་ལ་བོན་གཏེར་ཡོད་པ་ཏྲགས། །ལར་ཀུན་རྟོག་གི་རྟོག་པ་འཁྲུལ་རྟོགས་ཡིན། །དེ་ཉིད་ལ་གང་ཤར་ཡ་མ་བརླ། །རྟོག་བྲལ་ཀྱི་རྟེགས་པ་འཁྲུལ་བ་བྲལ། །རྟོག་ངོ་ན་ཡ་མཚན་ལྟས་མོ་སྣང་། །ཨོ་རྒྱན་གྱི་སློབ་དཔོན་པདྨའི་གཙོས། །རྗེ་འབངས་འཁོར་ཉེར་ལྔར་བཅས་པ་རྣམས། །རི་མོ་དང་འབུར་མའི་ཚུལ་གྱི་ཡོད། །རྫོང་ཆེན་དེར་བརྟེན་པའི་མཚོ་ནག་དལ། །ཨེ་དབྱིངས་སུ་ངོམ་པའི་གཞལ་ཡས་ཁང་། །དུར་ཁྲོད་བརྒྱད་ཀྱི་བཀོད་པ་ཡོངས་རྫོགས་དབུས། །མཁའ་འགྲོ་གཙོ་མོ་རྡོ་རྗེ་ཕམ་མོ་ལ། །ནག་མོ་ཡི་འཁོར་ཚོགས་དུ་མ་དང་། །ཡེ་ཤེས་དང་འཇིག་རྟེན་ཤ་ཟ་སོགས། །འཁོར་འདས་ཀྱི་མཁའ་འགྲོ་བསམ་ཡས་ཚོགས། །ཏིལ་གང་ལ་མར་གྱིས་ཁྱབ་པ་དང་། །དངུལ་རྡོ་ལ་དངུལ་གྱིས་ཁྱབ་པའི་དེས། །ཐ་མལ་གྱི་བློ་ཡིས་ལས་གིའི་ཡུལ། །གང་ཟག་གི་དབང་རིལ་བློ་སྐལ་བཞིན། །སྐུ་གསུམ་གྱི་འཆར་ཚུལ་དུ་མ་ཡོད། །མཆོག་དམན་ཀུན་འཆར་ཚུལ་སོ་སོ་སྟེར། །དབུ་མ་རུ་རླུང་ཁུགས་སྣང་ཤེས་ལ། །སྣ་ཚོགས་ཀྱི་མངོན་རྟོག་དུ་མ་འཆར། །སྤྲ་ཕབ་པའི་སུ་ཏྲ་ནེ་གུ་ཡི། །མིག་སྔ་རུ་ཕན་གནོད་ལྷ་འདྲེ་འཆར། །བདག་རྣལ་འབྱོར་གྱི་རྟོག་མེད་མེ་ལོང་ལ། །གཟུགས་མངོན་སུམ་དང་ལྐོག་གྱུར་གང་ཡང་འཆར། །དོན་དེ་ཕྱིར་ན་གབ་པ་མངོན་སུམ་སྟོན། །དེར་འཕྱང་མོ་ཉུག་གིས་མ་བསླད་པར། །སེམས་རྣམ་གསུམ་དད་པ་སྟོབས་བསྐྱེད་ན། །ཡུལ་དག་པའི་སྣང་བ་ཅིར་ཡང་མཇལ། །དེ་བར་སྐབས་འདིའི་དག་སྣང་བསྐྱེད་པའི་གླུ། །གླུ་དེ་ལ་རྒྱལ་བའི་བྱིན་རླབས་ཆགས། །གསུང་དམར་ནག་རཀྟ་ཞེས་འབོད་པས། །གནས་འདི་ཉིད་པདྨ་མཁའ་འགྲོའི་དག །ལྷ་པདྨ་མཁའ་འགྲོ་གཙོ་དང་འཁོར། །དཔེ་གོང་བཞིན་དུ་བཞུགས་ཤིང་ཁྱད་པར་བ། །ལྷ་དབང་ཕྱུག་དམར་པོ་ཡུམ་དང་བཅས། །མ་དབང་གི་ལྷ་མོ་རིགས་བྱེད་མ། །འཁོར་ལྷ་འདོད་རྒྱལ་དང་ཚོགས་བདག་དམོར་པོ་དང་། དེའི་སྤྲུལ་པ་སྤྲེའུ་དང་བཅས་པ། ཚུལ་འོ་མ་ལ་བར་གྱི་ཁྱབ་བཞིན་གནས། །མི་དད་ལྡན་གྱི་འདྲེན་བྱེད་འཇུག་པའི་ཡུལ། །མཚོར་གནས་པ་དེ་ཚོས་མངོན་རྟོགས་དང་། །གསུང་སྔགས་ཀྱི་རང་བྱུང་ཅིར་ཡང་མངོན། །དེ་ལས་ཡང་ཁྱད་པར་མཁའ་འགྲོ་ཡི། །སྲོག་སྙིང་པོ་ཧ་རི་ནི་པ་བཞི། །ཕྱོགས་བཞི་ན་འབུར་དང་རི་མོའི་ཚུལ། །ཡང་བམ་ཡིག་དང་དགའ་བ་འཁྱིལ་བའི་གཟུགས། །དུས་རྫོགས་ལྡན་གསུམ་ལྡན་གཉིས་ལྡན་དང་། །རྩོད་ལྡན་བཞིའི་རཱ་གའི་མངོན་རྟོགས་གཟུགས། །རི་མོ་དང་འབུགས་མ་རང་བྱུང་ཡོད། །མཛོད་འདིའི་ཆབ་ཀྱིས་འདོད་ལྡན་སྐྱེ་བོ་ལ། །ཁམས་ཞི་བོད་ཡི་དགའ་བདེ་ཅིར་ཡང་སྟེར། །འདིར་ཞིབ་ཉུལ་གྱི་བརྟག་དཔྱད་མ་བཤོལ་ན། །མ་མཁའ་འགྲོ་ཡིས་གསང་བའི་ཆུ་སྐྱེས་ཀྱིས། །རྡུལ་ར་ག་ཡི་མདངས་འཛིན་སི་དྷུ་ར། །ལས་སྐལ་བ་དང་ལྡན་ན་རྙེད་དེ་ངས། །གཞན་མཛོད་དེ་ཡི་ནུབ་འབུར་ལྟའི། །བྲག་དཀར་དམར་གྱི་མདངས་འཛིན་ཉི་བའི་ཆར། །ལྷ་ཆེན་པོ་ཡབ་ཡུམ་གྱི་གསང་སྦུག་གཟུགས། །འབུར་འདོད་ཀྱི་ཚུལ་དུ་རང་བྱུང་བཀྲ། །ལར་དབང་བསྒྱུར་གྱི་དྲ་ཀི་ཕྱག་མཚན་དང་། །རྟགས་མཚན་དང་ས་བོན་མང་དུ་ཡོད། །གནས་མཛད་ཐུགས་དང་གསུང་གི་རྟེན། །ད་ཟླ་ཁུན་གྱིི་བལྡམས་པའི་གཙོ་དཀར་ལ། །བརྟེན་ས་ཡི་སངས་རྒྱས་མཁའ་འགྲོ་མས། །གནས་ཚུལ་དང་མཐུན་པའི་མངོན་རྟོག་ངོམ། །དེར་མཇལ་ཙམ་གྱིས་དད་དམ་དགོང་འཕེལ་བྱོས། །མཛོད་དེའི་དབུས་སུ་སངས་རྒྱས་མཁའ་འགྲོ་མ། །འཁོར་དཀར་མོའི་རིགས་བསམ་ལས་འདས་པས་བསྐོར། །དཔལ་ལྷ་མོ་ཡི་རྗེ་མོ་དུང་སྐྱོང་མ། །འཁོར་ལྷ་མོའི་རིགས་གྲངས་མེད་པའི་བསྐོར། །རྫས་ཀཻ་ལ་ཤའི་མདངས་འཛིན་མགོན་དཀར་རྗེ། །འཁོར་གིང་རུས་ཀྱི་གཟུགས་ཅན་ལ་བཞིན་བཅས། །གཙོ་འཁོར་གཡོག་རྣམས་དཀར་མདུངས་འཛིན་པ་མང་། །མདངས་མཚན་མ་ཡང་གང་འདུལ་རོལ་པའི་གཟུགས། །ལྷ་དེ་རྣམས་ཀྱི་མངོན་ནོག་རང་བྱུང་གཟུགས། །བཞིན་འབུར་དོད་དང་ལ་ལ་རི་མདོ་མོ། །དེའི་འཁོར་འགོ་དང་གཡས་གཡོན་མདུན་རྒྱབ་ན། །སྐུའི་ས་བོན་དང་ལྷ་གཟུགས་ཕྲངས་གསལ་ངོམ། །ལ་གང་འགོ་གཉིས་ཡོད་པའི་གཤམ་དང་སྟོང་། །ཐར་བ་དང་རྣམ་མཁྱེན་ཐེམ་སྐས་ཟེར། །དེའི་གོང་བ་ན་རུས་རྦལ་ཕུག་པའི་སྒོར། །ཕ་དམ་པ་ཡི་མངོན་ནོག་ཇི་བཞིན་དང་། །དེའི་ཉེ་ལོག་ན་སྨ་ར་སེར་པོ་ཡོད། །ཤར་ཕྱོགས་ནས་ནུབ་དུ་ཁ་བལྟན་པའི། །བྲག་མཐིང་མདོག་ལ་རྭ་གའི་མངས་འཛིན་གྱིས། །དཔལ་བཻ་ར་ཡི་སྐུ་བརྙན་ལྔ་རང་བྱུང་དང་། དེའི་ཉེ་ལོགས་སུ་ཀརྨཱ་པཀྴ་ཡི། །སྐུ་རང་བྱུང་གཟུགས་དག་སྣང་ཆེ་ཆུང་བཞིན། །ལས་དག་པ་ཡི་སྣང་ངོར་མོ་བསྒྲིབས་གསལ། །གསུང་ཡིག་དྲུག་དང་འཇམ་དཔལ་ཕྱག་རྡོར་སྔགས། །༈ ཨ་ཀ་ཙ་ཏྲ་ཏ་པ་ཡ་ཤ་ཨ་ཧཾ། དེ་སོགས་ཀྱི་ཡིག་འབྲུ་རྒྱ་ཡིག་དང་། །བོད་ཡིག་སོགས་མ་ངེས་ཚུལ་དུ་ཡོད། །ཡང་ཧ་ཀྵ་མ་ལ་ཝ་ར་ཡཾ༔ བོད་ཡིག་གི་གཟུགས་སུ་མ་བསྒྲིལ་གསལ། །ཚུལ་དེ་ལྟ་བུའི་སྐུ་ུགསུང་ཐུགས་ཀྱི་གནས། །དོན་སྤྱི་མགྲིན་དང་སྙིང་ཀའི་འཁོར་ལོའི་ཚུལ། །འདིར་འཆར་ཚུལ་བཀོད་ལ་ཐེ་ཚོམ་སྤོངས། །གནས་ཙ་རིའི་བཀོད་པ་ཡང་འདི་ལྟར་ཡོད། །གནས་མཚོ་དཀར་གྱི་བརྟེན་ཡུལ་པདྨ་རྫོགས། །འདིར་བཞུགས་པ་ཡི་གཙོ་མཆོག་སྣང་མཐའ་གཡས། །ཡུམ་གོས་དཀར་མོས་འཁྲིལ་ཞིང་དེའི་འཁོར། །དཔལ་པདྨ་ཡི་རིགས་ཀྱིས་སེམས་དཔའ་དང་། །སེམས་མ་ཡི་འཁོར་ཚོགས་དུ་མས་བསྐོར། །ལྷ་དགོངས་འདུས་ཀྱི་དཀྱིལ་འཁོར་དགུརྫོགས་དང་། །དེའི་སྲུང་མ་མཆོག་རོལ་བ་སྐྱ་བདུན་བཅས། །ཆོས་སྐྱོང་བྱེད་ཀྱི་རྒྱལ་པོ་བེ་ཧ་ར། །སྤྱི་དཔོན་གྱི་རྒྱལ་པོ་ཙའུ་དམར། །ཡང་སྤྲུལ་པ་འབར་བ་སྤུན་བདུན་བཞུགས། །དེའི་ལོགས་ཤིག་ན་རྟ་མགྲིན་ཡང་གསང་སྐུ། །འཁོར་རིགས་བཞི་དང་སྒོ་མ་བཞི་བཅས་གསལ། །དེའི་ཉེ་སྐོར་ན་དམར་ནག་བྲག་འཁུག་པ་སྟེའི། ལོགས་ཤིག་ཏུ་བག་རྩེ་མིང་སྟིང་དང་། །བདུད་ནག་དང་དྲང་སྲོང་ལ་སོགས་པའི། །བཀའ་སྲུང་དང་ཆོས་སྲུང་དུ་མས་བསྐོར། །ཧྲཱི་ཡིག་དང་ཧཱུྃ་ཡིག་རང་བྱུང་གཟུགས། །རྟ་མགོ་དང་རལ་གྲི་པདྨ་སོགས། །འབུར་མ་དང་རི་མོ་མ་ངེས་ངོམ། །གནས་རྡོ་རྗེ་རྫོང་གི་དབང་པོའི་ཕྱོགས། །རྫས་འཁོར་ལོ་རྩིབས་སྟོང་བསོར་འདྲེའི་དལ། །དེར་བརྟེན་བཅས་བྷུདྡྷ་རིགས་ཀྱི་གཙོ། །ལྷ་རྣམ་པར་རང་མཛད་ཀུན་ཏུ་ཞལ། །ཡུམ་དབང་ཕྱུག་དམར་འཁྲིལ་ཞིང་བདེ་སྟོང་། །འཁོར་སངས་རྒྱས་རིགས་ཀྱི་ལྷ་ཚོགས་རྣམས། །གོང་ལྟར་དུ་བཞུགས་ཏེ་སྒྱུ་འཕྲུལ་བཞིན། །དེར་སྣ་ཚོགས་མདུངས་འཛིན་བྲག་རི་ལ། །ལྷ་ཞི་གྲོའི་སྣང་བསྙན་དུ་མ་དང་། །རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ་ལྔ། །ལྷོ་རྡོ་ཕྱོགས་སུ་ཞལ་གཟིགས་ཚུལ་གྱི་ཡོད། །དེའི་ཉེ་ལོགས་ན་མུ་ལེན་སྙིང་གི་མཚོར། །དཔལ་མགོན་ཆེན་ཚོགས་ཀྱི་བདག་པོ་དང་། །ཡུམ་ལྷ་མོ་བརྟན་མ་ཡབ་ཡུམ་ལ། །འཁོར་མགོན་པོ་ཕོ་རྒྱུད་ཚོགས་རྣམས་དང་། །ཡོངས་མོ་རྒྱུད་ཚོགས་བཅོས་གནས་འདི་ཡི། །འགལ་བཟློག་དང་མཐུན་སྒྲུབ་ཚུལ་དུ་བཞུགས། །གནས་རྡོ་རྗེ་རྫོགས་ཀྱི་ལྷོ་ཕྱོགས་ནས། །རི་ནོར་བུའི་དབྱིབས་ཅན་གཞལ་ཡས་སུ། །དཔལ་རིན་ཆེན་དབྱུང་གནས་རྒྱལ་བ་ལ། །ཡུམ་སངས་རྒྱས་སྤྱན་མས་འཁྱུད་བཞིན་བཞུགས། །འཁོར་རིན་ཆེན་རིགས་ཀྱི་སེམས་དཔའ་དང་། །སེམས་ལ་སོགས་བཞུགས་ཚུལ་གོང་བཞིན་ལ། །འདིར་གཡང་ཅན་ལྷ་མོ་གཏེར་བདག་མོ། །དཔལ་ཆེན་མོ་དང་ནོར་རྒྱུན་ལྷ་མོ་དང་། །དེའི་འཁོར་གྱི་གཡང་སྤེལ་ལྷ་མོ་བརྒྱད། །གནོད་སྦྱིན་ཀྱང་འགྲོགས་གནས་མཆེད་ལྔ་དང་། །རྟ་སྒྲོགས་ཀྱི་ཁྱེའུ་དང་དཀར་པོ་དང་། །ཡེ་ཤེས་གྲག་ལ་སོགས་བཞུགས་ཚུལ་ནི། །ཙན་དན་དང་དེ་ཡི་དྲི་བཞིན་ནོ། །བྱང་རྒྱ་ཁྲམ་རྫོང་གི་བཀོད་པ་ནི། །དཔལ་བཅོམ་ལྡན་དོན་ཡོད་གྲུབ་པ་ལ། །ཡུམ་དམ་ཚིག་སྒྲོལ་མ་ཡིས་འཁྱུད་བཞིན་བཞུགས། འཁོར་ལས་ཀྱི་རིགས་ཀྱི་སེམས་དཔའ་དང་། །སེམས་མ་སོགས་བཞུགས་ཚུལ་སྔོན་བཞིན་ནོ། །བྱེ་བྲག་ཏུ་ཀརྨཱ་ཱཔཀྴ་ཡི། །རྫུ་འཕྲུལ་གྱི་བགོད་པ་འགའ་ཞིག་དང་། །དེ་ཉིད་ཀྱི་ཏིང་ངེ་འཛིན་མཐུས་བསྒྲུན་པའི། །ས་རྡོ་དང་ཆུ་སོགས་བྱིན་ནུས་ལྡན། །པད་འབྱུང་དང་བཻ་རོལ་བྱིན་གནས་ཆབ། །རྡོ་བ་རྣམས་མཆོད་རྟེན་དང་ཕྱག་མཚན་གཉུགས། །སྟོགས་ཆགས་ཀྱི་ལུས་ལ་འཕགས་པའི་ཐུགས། །བཞུགས་པའི་རྟགས་དཔྲོག་ཆགས་མ་ངེས་པའི། །མངོན་རྟོགས་ཀྱང་ཡོད་པའི་གནས་དེ་ལ། །རང་བྱུང་གི་སྒྱུ་འཕྲུལ་མེ་ཏོག་གླིང་། །དེ་དང་རྦ་དང་རྣམ་དྲུག་ནི། །རི་ཀློངས་ཀུན་དངོས་འབུག་པ་མང་། །བྲག་རི་འགར་ཟང་ཐལ་ལམ་ཀྱང་ཡོད། །དུར་ཁྲོད་ཀྱང་རེ་ཆ་དགུ་ལྡན་གཟུགས། །སྣུམ་བསྐུས་ལྟའི་བྲག་རྩི་ཁ་ཡར་ཡོད། །ཁྱད་པར་རྦ་དོང་ལུགས་པ་དང་། །འགོ་མ་དེ་ལྕགས་འགགས་གོང་འགོ་ཟེར། །དེ་གཉིས་སུ་རྣམ་སྣང་ལོ་ཙ་དང་། །པིཀྴ་ཡི་སྒྲུབ་ཕུགས་རྣམ་གསུམ་ཡོད། །ཉི་ཕུག་དང་ཟླ་ཕུག་འོད་གསལ་ཕུག །ཟླ་ཕུག་འདིར་བདེ་མཆོག་གི་དཀྱིལ་འཁོར་ཡོད། །སོ་སོ་རུ་ཉི་ཟླ་དང་འཇའ་མཚོན་གྱི། །རི་མོ་དང་འབུར་མ་གང་ཡང་ཡོད། །དེ་གསུམ་དུ་མ་ཟད་ཕུག་པ་འགར། །ས་ཞགས་དང་ཆུ་ཐིགས་རྡོར་གྱུར་དང་། །པིདྡྷི་རས་དཀར་དམར་རྫས་ཀྱང་ཡོད། །ལར་སོ་སྐྱེ་ཡི་སྐྱེ་བོའི་དག་སྣང་དང་། །མ་དག་པའི་སྣང་ངོར་ལྷ་དང་འདྲེ། །སོ་སོ་རུ་འཆར་དང་ཅི་མི་མཚུངས། །བདག་རྣལ་འབྱོར་གྱི་སྣང་ངོར་རིགས་དྲུག་ཡུལ། །དཔལ་རྒྱལ་བ་རིགས་དྲུག་ཞིང་དུ་གྲུབ། །ཨ་ལ་ལ་དག་སྣང་ཁྱད་པར་འཕགས། །ཨེ་མ་ཧོ་དག་མིན་སེམས་ཅན་གྱི་གནས། །ཐམས་ཅད་ཀུན་མཉམ་ཉིད་རོ་གཅིག་གྱུར། །ཕཊཿ ཐུགས་གསུང་སྐུའི་མཚོན་བཤད་རྫོགས་གྱུར་ནས། །ད་ཡོན་ཏན་ཕྲིན་ལས་ཆུ་གཏེར་གྱི། །གནས་ཚུལ་དང་བཀོད་པ་བཟོད་ལ་གནོ། །གསེར་མདོག་གི་གཡུང་དྲུང་བཀྲ་བའི་མཚོ། །རྒྱུས་ཞེས་སུ་སྒྲགས་པའི་ལུགས་པའི་ཕུས། །གནས་རྒྱ་ཁྲམ་རྫོང་དུ་གྲགས་པའི་ཆར། །རྟེན་གནས་བཅས་ཤིང་གསེར་ཕྱེས་འདྲེན་པའི་དལ། །དེར་བརྟེན་པ་རིན་ཆེན་མཁའ་འགྲོ་མ། །འཁོར་སེར་མོ་འབུམ་གྱི་ཚོགས་དང་བཅས། །ལྷ་འོད་ཟེར་ཅན་མ་གསེར་མདོག་ཅན། །ཆོས་སྐྱོང་བའི་རྒྱལ་པོ་གསེར་གྱི་ལག །བསོད་ནམས་སྟོབས་ཞེས་པའི་རྒྱལ་སྲས་དང་། །དྲི་མེད་ཀུན་ལྡན་ཞེས་རྒྱལ་བའི་སྲས། །སྲོང་བཙན་དང་ཁྲི་སྲོང་ཁྲི་རལ་སོགས། །སྦྱིན་པ་ཡི་སྟོབས་ལྡན་མང་དུ་བཞུགས། །ལྷ་ཀླུ་མིའི་ནོར་བུ་དང་ཟ་མ་ཏོག །ཆོས་ནོར་གྱི་བལྟམས་པའི་གཏེར་སྒྲོམ་མང་། །དེ་ལྷོ་ཕྱོགས་ནོར་བུའི་རྫོང་ཞེས་པའི། །ཟླ་མཚོའི་དཔལ་གྱི་མཚོ་ཡིན་དེ། །ཡང་ཅིག་ནི་གཡུ་མཚོ་ཞེས་འབོད་པའི། །མཚོ་ནག་དང་ཉེ་བའི་བརྟེན་ལྷ་མོ། །གཙོ་མ་དེ་ལས་ཀྱི་མཁའ་འགྲོ་མ། །ལྗང་མོ་ཡི་འཁོར་ཚོགས་དུ་མ་དང་། །བདེ་སྐྱོང་གི་བརྟན་མ་བཅུ་གཉིས་སོ། །ཡང་གཡོག་དང་བྲན་ཁོལ་དུ་མ་དང་། །གཡུ་སྒྲོན་མཆེད་དུ་ལྔ་རིག་འཛིན་མ། །ཡང་འཁོར་གྱི་སྨན་མོ་དུ་མ་བཅས། །ཕན་ཚུན་དང་མདུན་རྒྱབ་བྲག་ལོགས་སུ། །བསྟན་མ་དང་གཡུ་སྒྲོན་རང་བྱུང་ཡོད། །དབྱངས་ཡིག་དང་གསལ་བྱེད་རང་བྱུང་དང་། །རྟེན་འབྲེལ་གྱི་སྙིང་པོ་རང་བྱུང་གཟུགས། །མཚོ་མཐའ་སོགས་ཀུན་སྣ་འཆོལ་བར་ཡོད། །སིནྡྷུ་ར་དཀར་དམར་རྫས་ཡོད་ཀྱང་། །བསྐལ་དང་དད་དམ་ལྡན་མིན་གྱིས། །རྗེས་འཁོར་ལོ་དང་ནོར་བུའི་རྫོང་གཉིས་པར། །སྨན་རྫོང་ཞེས་གྲགས་པའི་རི་ཡི་དབྱིབས། །བཻཌཱུ་ཪྱའི་ལྷུང་བཟེད་གནམ་བསྟན་ལྟའི། །རི་བོ་ལ་སྨན་བླ་བདེ་གཤེགས་བརྒྱད། །ཙ་ར་ཀ་ཧབ་པོ་སྐྱེས་ལ་སོགས། །འགྲོ་བ་ཡི་སྲོག་སྐྱོབ་སྨན་གྱི་ལྷ། །དུ་མ་ཞིག་བཞུགས་དང་ཨ་རུ་རའི། །དབྱིབས་ཅན་གྱི་རི་ལ་སྨན་གཏེར་ཡོད། །གང་དེའི་ཉེ་སྐོར་བ་ཏཿཡིག་གཟུགས། །མངོན་པ་དེ་སྒྲོལ་མ་དཀར་ལྗང་སོགས། །འཇིགས་པ་ལས་སྐྱོབ་བྱེད་ལྷ་ཚོགས་བཞུགས། །དེའི་ཉེ་སྒོར་རྗེ་བཙུན་སྒྲོལ་མ་ཡི། །བླ་མཚོ་ལ་རྟེན་མཚོ་ཆུང་ངུ་ཡོད། །དེ་ནའང་སྒྲོལ་མ་དཀར་དམར་ལྗང་། །ཡེ་ཤེས་དང་འཇིག་རྟེན་ཚུལ་གྱི་ཡོད། །མཚོ་དེའི་ཕྱོགས་བཞི་མ་ངེས་ཡོད། །ལ་བཞི་པོ་བགྲོད་པོ་འབྲས་བུ་ཡང་། །ལས་བཞི་པོར་འགྲུབ་ཅེས་རྒྱལ་བའི་བཀའ། །ལ་འགྲོ་མཛད་བར་རྒྱུ་མའི་འཕྲུལ་པའི་གཟུགས། །རྡོ་མཁན་གནས་དང་ཆུ་ལ་མེ་འབར་དང་། །མ་མཁའ་འགྲོ་ཡི་བྲོ་བརྡུང་བཤུལ་ལམ་རིས། །དེའི་བྱང་ཕྱོགས་ཚོད་ཞོང་བྷནྡྷའི་སྐྱོགས། །ཟུང་འབྲེལ་དུ་ཕོ་པའི་གཡོན་གྱི་ཆར། །ལ་པོ་རུ་སྔག་ཆེན་བྷི་མ་ལ། །གཡས་ལོགས་སུ་ཟ་མ་ཏོག་བཅས་ཡོད། །ལྷོ་ནོར་བུ་དང་ནུབ་ཕྱོགས་པདྨ་རྫོང་། །དེའི་བར་མཚམས་ན་འཇིག་རྟེན་རྨིགས་པའི་རྫོང་། །གནས་དེ་ཀ་རུ་ཙ་རུ་མུ་ཁ་དང་། །མདུན་དྲང་པོ་ན་དབྱངས་ཅན་ལྷ་མོ་བཞུགས། །དེའི་འཁོར་དུ་ནི་གཡང་སྤེལ་བ། །འདས་མ་འདས་ཀྱི་ལྷ་ཚོགས་གྲངས་དེ་བཞུགས། །དེའི་གཡས་གཡོན་དང་མདུན་རྒྱབ་བྲག་ལོགས་ལ། །ལྷ་ཞི་ཁྲོའི་སྐུ་འབུར་དང་རི་མོ་དང་། །དབྱངས་བཅུག་གསལ་བྱེད་གསུམ་ཅུ་པོ། །ཐོད་རྒལ་དུ་འཚོལ་བའི་ཚུལ་གྱིས་ཡོད། །གནས་པདྨ་དང་རྒྱ་ཁྲམ་མཚམས་ཤེད་ན། །ཡུམ་རྫང་སྤང་དང་ནག་ལྗོངས་ན་བ་འཆོལ། །དེ་སོ་སོ་རྒྱུ་མི་དབྱེ་དཔལ་སྤུངས་རྫོང་། །དེར་གླིང་རྗེ་རྒྱལ་པོ་གེ་སར་དང་། །གླིང་དཔའ་ཐེས་སུམ་ཅུ་ཁྱད་པར་དུ། །སྟོང་འབི་བ་རྒྱ་ཚ་ཞལ་དཀར་དེ། །དམག་དཔོན་གྱིས་ཚུལ་བཟང་ངེས་པར་བཞུགས། །ཤར་ཙཀྲ་ཡི་རྫོང་དང་བྱང་རྫོང་མཚམས། །དཔལ་ཁྱུང་ཆེན་གྱི་རྫོང་ཞེས་འཇིགས་པ་ཅན། །དེར་ཐང་རིགས་ལྔའི་གདུལ་རྒྱ་ཀླུན་བཅས། །མཚོ་རྒྱལ་ཀྱིལ་དང་ཆུ་མིག་དཀར་དམར་ནག །གནས་བཅས་པའི་གཟུགས་གདུལ་བྱ་འདུལ་བྱེད་ཀྱི། །ལྷ་བྱ་ཁྱུང་གི་སྤྲུལ་དང་ཡང་སྤྲུལ་གཟུགས། །དཔེ་མཁའ་ལྡིང་ཚོགས་གཟེན་ལ་རྔམ་ལྟར་བཞུགས། །གཞན་མཐའ་སྒོར་གྱི་རྫོང གི་གནས་ཚུལ་ཡང་། །བདུད་རི་ནག་སྤུངས་པ་གཙོ་དང་འཁོར། །རྫ་པོག་སོ་འཁྲོས་བསྟར་གནས་བཅས་ཤིང་། །དེའི་རྟེན་མཚོ་ལྕགས་སྡིག་ནག་པོ་ཡི། །མགོ་བརྒྱད་སོ་མཚམས་བརྒྱད་ལ་བལྟ་ཞིང་། །རྩ་བ་ཡི་མགོ་བོ་རྭ་གཉིས་བར། །སྟེགས་ཆགས་གཟུར་ཟ་བའི་བརྡུ་ུགས་ངོམ། །གནས་དེ་ནས་གཟུང་སྟེ་འཆོལ་ཚུལ་གྱིས། །ལྷ་དབང་དང་ཀླུ་དབང་ལྷ་མིན་དབང་། །མིའམ་ཅི་རྟ་མགོ་ཅན་དང་ནི། །གནོད་སྦྱིན་དང་མཁའ་རྟིང་གསེར་མིག་འཁྱིལ། །འཇིག་རྟེན་གྱི་མགོན་པོ་གཙོ་དང་འཁོར། །ཟུར་ཕུད་ལྔ་པ་ཏྲི་ཟའི་གཙོ། །ངེས་མེད་དུ་བཞུགས་ལ་ནང་གསང་གི །སྤྲུལ་འཁོར་དང་ཕོ་ཉའི་ཚོགས་ཀྱིས་བསྐོར། །དེ་འདུལ་བྱེད་ཀྱི་གཙོ་མཆོག་གསང་བའི་བདག །དབུ་དགུ་དང་བཅོ་བརྒྱད་ཕྱག་གི་གྲངས། །གཡས་པ་དགུས་གནམ་ལྕགས་རྡོ་རྗེ་དགུ། །གཡོན་པ་དགུས་ཀླུ་ཡི་གཙོ་བོ་དགུ། །དུག་སྦྲུལ་གྱི་རྣམ་པར་ཞལ་དུ་གསོལ། །ཞབས་བརྒྱད་ཀྱིས་ཕྱི་ནང་གསང་བ་དང་། །མཆོག་དང་ནི་སྤྲུལ་པ་ཡང་སྤྲུལ་བརྗིས། །དེ་གང་ཞེས་ན་ཕྱི་ནང་གསང་བའི་རྩལ། །ཕྱི་ལྟར་ན་སྐུ་བླ་གཉན་རྩེ་དང་། །ནང་ལྟར་ན་དགེ་བརྙེན་བདུད་འཇོམས་རྩལ། །གསང་བ་ནི་ཕྱག་རྟོར་སྲིད་ཞིའི་མགོན། །ཞི་ཁྲོ་ཡི་དཀྱིལ་འཁོར་རྫོང་བཞིན་བཞུགས། །ཡང་གསང་ལྟར་འོག་མིན་ཆོས་དབྱིངས་ད ལ། །དབྱིངས་སྣང་གི་ལོངས་སྐུ་གཙོ་འཁོར་དང་། །སྣང་སྟོང་དང་གསལ་སྟོང་ཚུལ་གྱི་བཞུགས། །དེ་གཙོ་བོ་རུ་བཞུགས་པའི་མདུན་ངོས་ན། །ཡུམ་ངང་རྒྱལ་མོ་སྨན་བཙུན་ཁྲོས་པའི་གཟུགས། །འཁོར་འགར་བ་ཡི་ཚུལ་འཛིན་དུ་མ་དང་། །ཡང་རྨན་མོ་དང་མི་མོའི་ཚུལ་འཛིན་པའི། །ལྷ་འདྲེ་གཉིས་ཀྱི་བར་མཚམས་འཛིན་པ་མང་། །དེའི་མར་གཤམ་གྱི་འོག་གི་སྤང་ལྗོངས་སྤོར། །ལྷ་ཆེན་པོ་ཡི་བཞུགས་གནས་སྤོམ་ར་ཞེས། རི་ཅི་རྟའི་རྩེ་དགུང་དུ་བསྟན་པ་ལྟའི། །མཐའ་འཁོར་ཡུག་དུ་ལྟ་ཕྲན་དུ་མས་བསྒོར། །ཡུམ་དང་རྒྱལ་མའི་བཞུགས་གཡས་ལུང་པའི་ཕུའི། །རྫ་ཤ་བ་ཡི་གཟུགས་ཅན་མཚོ་ཆུང་བཅས། །དེར་བརྟེན་བཅས་པའི་ལྷ་མིན་གཙོ་བོ་ལ། །འཁོར་རང་འདྲ་བའི་ཟོ་དོར་དུ་མས་བསྐོར། །ཡང་ལུངས་དེའི་ཉིན་ངོར་རྫ་དང་བྲག །མདོག་དཀར་དམར་ནག་འདྲེས་པའི་མངོན་རྟོགས་ནི། །དབྱིབས་གློ་བོའི་གཟུགས་གྱུར་གང་དེ་ལ། །རྟེན་བཅས་པའི་མཁའ་ལྟེང་གསེར་མིག་འཁྱིལ། །དེར་གནས་ནས་ཟོ་དོར་འདབ་བཟང་རིངས། །གཟུགས་འཇིག་རྟེན་པར་བསྒྱུར་ཡང་ཡེ་ཤེས་འཕྲུལ། །ཡུལ་ཤོས་ཞེས་དང་ཁྱུག་ལུང་གི་ཆར། །རྫ་བྲག་སྤངས་དང་ནག་ལྗོངས་ན་བ་ཡི། །རྫོང་ཕལ་ཆེར་གྱི་བདག་པོ་དྲི་ཟ་དང་། །མི་མིན་གྱི་གཙོ་བོ་འཁོར་གཡོན་བཅས། །དེ་ཀུན་ཀྱང་ཐ་མལ་མ་ཡིན་དེ། །དཔལ་བཛྲ་པཎིའི་ཟློས་པའི་གར། །ཆབ་དཀར་མོ་ཀྱུ་ཐུག་དུང་ལུག་ཅན། །མཛོད་རྒྱལ་མ་དང་ཁྱུག་དཔལ་མཛད་དང་། །ཤོས་སྟོད་ཀྱི་ཞོ་མཛོད་མཚེའུ་བཅས། །དེ་ཀུན་གྱི་བདག་པོ་ཀླུ་གནོད་དང་། །འཁོར་ཀླུ་རིགས་བཅས་མི་ལ་ཕན་གནོད་ངོམ། །ཚུལ་དེ་ནུའི་དཀྱིལ་དང་འཁོར་གྱུར་པའི། །སྐུ་གསུམ་གྱི་རྒྱལ་བ་སྲས་བཅས་ནས། །མཐའ་བསྐོར་གྱི་སྟེ་བརྒྱད་སྤྲུལ་པར་བཅས། །མི་མ་ཡིན་ཕྲ་རག་དུ་མས་བསྐོར། །གཟའ་སྐར་གཟུགས་རྒྱ་མཚོར་སྣང་བཞིན་ནོ། །དེ་ལས་ཀྱང་ཅུང་ཟད་དབྱེ་ཡིས་ཉོན། །ཤར་འཁོར་ལོ་རྫོང་གི་ཕུ་ཞིག་ན། །བྲག་དམག་དཔོན་ཁྲབ་གྱོན་འགྱེང་འདྲ་བར། །དཔལ་པདྨ་རྒྱལ་པོའི་བྱིན་རླབས་གནས། །རྗེ་བཻ་རོས་བསྐལ་པ་སྐད་ཅིག་དུ། །ཡོངས་བསྒྱུར་ནས་བཞུགས་པའི་ཕུག་ཅེས་ཟེར། །ལྷོ་ནོར་བུའི་རྫོང་གི་བྱང་བར་མཚམས། །རྡོ་ཕ་འོང་རྒོ་པོ་བྱིན་བབས་ལྟའི། །སྒོས་ཞུ་བཏུང་འདྲ་བའི་ཕུགས་པ་རུ། །ལྷ་དྲང་སྲང་ཧྲི་མེད་འོད་ཟེར་དང་། །རྫངས་དཔལ་གྱི་སེང་གེ་རང་བྱུང་ཡོད། །དབུ་རྡོ་རྗེ་རྫོང་ཞེས་གྲོགས་པ་ན། །མདུན་ཚོགས་རྫས་བསྟར་འདྲའི་ཕ་བོང་གོང་། །བྲག་དབྱིབས་ནི་གླིང་ངན་ཉལ་འདྲ་བ། །སྒོ་ཁྲོ་ཞལ་གདངས་ལྟའི་ག་པ་རུ། །རྗེ་དམ་པ་སངས་རྒྱས་བཞུགས་པའི་གནས། །དེ་མི་འགྱུར་རྟགས་སུ་ཐོད་པ་དང་། །རྐང་གླིང་དང་གྲི་གུག་རང་བྱུང་གཟུགས། །བྲག་ལོགས་ན་རྡོ་རྗེ་ཕག་མོ་ཡོད། །དེའི་ཐོག་ན་ཕུགས་གཟུགས་ངོམ་པའི་ཕུག །ཡང་ཕ་བོང་གི་དལ་ལ་ཆ་རྒྱུས་རིས། །བྲིས་པ་ལྟར་གསལ་བའི་ཉེ་ལོགས་ན། །རྣལ་འབྱོར་མའི་སྐུ་དང་མ་གཟའ་དམ། །རྣམ་གསུམ་སོགས་རང་བྱུང་བསམ་ལས་འདས། །ལགས་རྫོང་ཆེན་དང་རྫོང་ཆུང་ཇི་རྙེད་ཀྱིས། །གསུང་གསུམ་གྱི་ས་བོན་སྐུ་དང་གསུང་། །ཐུགས་ཕྱག་མཚན་སོགས་བརྗོད་པའི་མཐར་འདང་ཤིང་། །ས་བཅུ་ལ་གནས་པའི་སེམས་དཔས་ཀྱང་། །ཚུལ་ཇི་བཞིན་བརྗོད་པར་དཀའ་ངེས་ན། །གཞན་སོ་སྐྱེ་ཀྱི་སྤྱོད་ཡུལ་ག་ལ་ཡིན། །འོན་ཀྱང་ནི་དད་དམ་གཙག་མའི་མཚོར། །རྩ་ལྟུང་གི་འདུ་འཕྲོད་སྟོབས་རྒྱས་པས། །དག་སྣང་གི་གཟུགས་བརྙན་བསམ་ཡས་ཀྱང་། །མདོར་དྲིལ་སྣ་གཞི་དབྱངས་ཀྱི་སོར་ཆ་དེ། །དཔལ་ཀུན་ཏུ་བཟང་མོར་དབྱེ་རྒྱུ་མེད། །དེའི་གཞི་སྣང་ལ་བདེ་མཆོག་འགྱུར་མེད་དེ། །ཡབ་ཀུན་ཏུ་བཟང་པོ་ལས་གཞན་ཅི། །དེའི་རྩལ་དུ་ཤར་བའི་རྫོང་ཆེ་ཆུང་། །སྒྲུབ་གནང་དང་ཆུ་མ་དེར་གང་ཇི་སྙེད། །དེ་དག་ཀུན་སྐུ་གསུམ་རྒྱལ་བའི་ཞིང་། །བརྟེན་པའང་གདན་གསུམ་ལྷ་ཡི་དལ། །དབྱིག་འཛིན་ཁམས་སངས་རྒྱས་སྤྱན་མ་དང་། །དལ་འགྲོའི་དབྱིངས་ཡུམ་ཆེན་མ་མ་ཀི །མེ་ཁམས་ཀྱི་ཀློང་ནི་གསོ་དཀར་པོ། །རླུང་ཁམས་ཀྱི་བ་ཨུ་ཡིན་དཔྱོད། །དམ་ཚིག་སྒྲོལ་བ་འཛིན་བྲལ་དམ་པའི་ཆོས། །དེ་དག་གི་གཞི་དབྱིངས་དབྱིག་ཕྱུག་མ་ལ། །འཁོར་འདས་ཀྱི་གཞི་རུ་ལྷུན་གྱིས་གྲུབ། །དོན་དེ་ཕྱིར་ན་གནས་མཆོག་གི་འདི་ཉིད་ལ། །བསྒོར་ཕྱག་སོགས་རྣམ་དཀར་ལས་བགྱིས་པ། །ཁྱན་མ་ལ་བགྱིད་དུ་རྩ་བའི་དགེ། །གང་ཟག་གི་དབང་པོ་སྐལ་བ་དང་། །བློ་རིམ་རྣ་བསྒོམ་སྤྱོད་འབྲས་བཞིའི། །ཁྱད་པར་ཀྱི་དབྱེ་བའི་ཕན་ཡོན་མཐོང་ངོ་། །དེ་ནི་དབྱེ་ཚུལ་འདི་ལྟ་ལྟའི། །ལྡ་བ་ལ་ཡིན་པ་མེད་པ་དང་། །སྒོམ་པ་ལ་མིན་པ་མེད་པ་དང་། །སྤྱོད་པ་ལ་ཚུལ་འཆོས་མེད་ངེས་ཀྱིས། །ལན་གཅིག་ཏུ་བསྐོར་བའི་ཕན་ཡོན་ནི། །གང་ཟག་གི་བློ་ཡིས་གཞན་དུ་མེད། །ལུས་ལྷ་དང་ངག་སྔགས་ཡིད་ཏིང་འཛིན། །བསྐྱེད་རིམ་ལ་རང་གཞན་ཚུད་རྣམས་ཀྱིས། །ལན་གཅིག་པུ་བསྐོར་བའི་བསོད་ནམས་སྟོབས། །ཡི་གེ་དྲུག་དུང་གཅིག་བཏོན་དང་མཉམ། །སྨོན་སེམས་ཀྱི་འགྲོ་དོན་འདུ་ཤེས་དང་། །འཇུག་སེམས་ཀྱིས་པྱག་སྐོར་འདུ་བྱེད་པ། །དེ་འདྲ་ཡིས་བསྐོར་བ་གསུམ་བྱེད་པ། །མ་ཎི་དང་གཏོན་དང་ཁྱད་པར་མེད། །གཞན་དད་གུས་ཀྱིས་ཐར་བ་དོན་གཉེར་ཆེད། །སྡིག་དང་མ་འདྲེས་བསྐོར་བ་དགུ། །གཡས་འགྱུར་ན་ཕན་ཡོན་གོང་དུ་མཉམ། །སེམས་ལུང་མ་བསྟན་དགེ་བློའི་མ་ཟིན་བཞིན། །བསྐོར་ཁྲལ་ལྟའི་དད་གུས་ལྡན་མིན་ཡང་། །བསྐོར་བ་ནི་བཅོ་བརྒྱད་བརྒྱ་ཕྱག་དགུ། །སྔ་མ་དང་ཕན་ཡོན་མཉམ་པར་གྱུར། །གཞན་ནད་ཞི་དང་བསོད་ནམས་རྒྱས་ཕྱིར་དུ། །བསྐོར་བ་ཡི་འབྲས་བུ་དང་དེ་ལྟར་འབྱུང་། །ལོག་ལྟ་ཡི་ངང་ནས་བསྐོར་གྱུར་ཡང་། །ངན་འབྲེལ་གྱི་ཐུགས་རྗེས་བསྐུལ་མར་འགྱུར། །གཞན་བྱ་རིགས་རི་དྭགས་ཆུ་གནས་སོགས། །ས་ཀི་ཙི་དང་བཅས་སྒྲིབ་དག་ནས། །མཐའ་ཅན་གྱི་འགྲོ་བར་གདོན་མི་ཟ། །འདིར་གནས་ཀྱི་སྲོག་ཆགས་བསད་པའི་མི། །ཚེ་འདི་ལ་ཚེ་ཐུང་ནད་མང་ཞིང་། །བསོད་ནམས་དང་བྲལ་ནས་ནོར་གྱིས་དབུལ། །དགྲར་འཕྲད་ཅིང་མུ་གེས་མནར་བ་སོགས། །མི་འདོད་པར་འགྲོགས་ནས་དམྱ་བར་འགྲོ། །དེའི་ཕྱིར་ན་བླང་དོར་གལ་ཆེའོ། །གནས་འདིའི་སྒོ་སྔོན་ནས་རང་ཕྱེས་མོད། །འབྱུང་འགྱུར་ཆར་ལྕགས་ཀྱི་སྲོལ་ལུག་ནས། །གནས་ཀྱི་སྒོ་ངེས་པར་ཕྱེས་ནས་སུ། །འབྲེལ་ཐོགས་ཀུན་ཕན་དང་བདེ་ལ་སྦྱོར། །ཁྱད་པར་དུ་ལྕགས་ཀྱི་རྟ་ལུག་ནས། །བགྲང་བྱ་དྲུག་མ་འདས་ཚུན་ཆད་ནས། །བསྐོར་འབྲས་ཀྱང་རིམ་བཞིན་གོང་འཕེལ་ནས། །ལྟ་སྒོམ་དང་ལྡན་རྣམས་ཟླ་དང་བླལ། །བཟླས་སྒོམ་ལ་གོམ་རྣམས་བརྒྱད་འགྱུར་འཕགས། །གཞན་རྣམས་ཀྱང་དེ་ཡི་འགྲེས་ཀྱིས་གཞལ། །གནས་འདི་ལ་སྐོར་ལམ་རྣམས་པ་གསུམ། །གསང་གསུམ་གྱི་མཚོ་དང་དེའི་རྟེན་མཚོ་རྫོང་། །ཡོན་ཏན་དང་ཕྲིན་ལས་མཚོ་སྐུང་བཅས། །བསྐོར་བ་ལ་རྩེ་སྐོར་དང་དབུས་སྐོར་ཞེས། །ཡང་མཚོ་དཀར་གྱི་བཀྲ་ཤིས་ལ་ཁ་ནས། །ཤོས་སྟོད་ཀྱི་བདེ་ཆེན་ལ་བརྒལ་ཞིང་། །གཞུང་མཐུར་དུ་དེད་ནས་སོང་བའི་མདོ། །འཁོར་བ་ཡི་ལ་མོ་ཆེ་བརྒལ་ཏུ་ཞིང་། །ཁུ་བྱུག་གི་དུར་ཁྲོད་ལ་བརྒྱན་མཐར། །གཉན་རྩེ་ཡི་བཀྲ་ཤིས་འཁྱིམ་ནས་ཡར། །ངང་སྟོད་ཀྱི་ཁུག་པ་ལ་བརྒྱན་འཕྲལ། །ཤུག་འཕྲེད་ནས་རྡོ་རྗེ་རྫོང་ཆུའི་མདོར། །ཕྱིན་པ་ཡི་འཁོར་ཡུག་བར་སྐོར་ཡིན། །མཐའ་སྐོར་ནི་ཤོས་ཆུ་རྡོ་ཆུ་དང་། །འདྲེས་མཚམས་ནས་རྡོ་ཆུ་མཐུར་དེད་དུ། །ཕྱིན་དུ་རྡོ་རྙིའི་ལ་བརྒལ་ནས། །ངང་རྙི་ནས་ངང་ཕུའི་ལ་བརྒན་ཚུལ། །སྔ་མ་དང་མཐུན་པ་ཕྱིའི་མུ་ཁྱུད། །གནས་སྒོ་དེ་གསལ་ཕྱེས་རྟེན་འབྲེལ་ཡང་། །བཟང་ངན་གཉིས་མ་ངེས་ཚུལ་གྱིས་འབྱུང་། །དཔལ་ཨོ་རྒྱན་གྱི་ཐུགས་རྗེའི་འོད་ཟེར་འཕྲུལ། །དུས་སྙིགས་མ་ཡི་འདྲེན་མཆོག་ཨ་བྷྱེ། །བཱི་ས་ཡིས་ཇི་བཞིན་གསལ་མཛད་ནས། །ཀུན་དག་སྣང་དང་དད་མོས་གསལ་པོར་ངོམ། །གནས་མཆོག་དེའི་སྒོ་མོ་འབྱེད་པའི་ལྟས། །སྟོང་ནམ་མཁའ་སྟོང་པའི་དབྱིངས་རིམ་ནས། །སྔ་མ་མངོན་པའི་སྒྲ་དང་གཟུགས་དང་མ་ཐོས་སྒྲ། །འགོ་དབྱིག་འཛིན་བུ་མོས་གར་བསྒྱུར་ཞིང་། །ཤར་མ་ཧཱ་ཙ་ནའི་བྷོ་ཊའི་ཡུལ། །དབུས་གཙང་དང་ཁམས་གསུམ་རི་མོར་འགོད། །ཡུལ་འདིའི་དབལ་མེའི་བྱིས་ཚང་དུ། །གཞན་ཟ་འདོད་སྟེ་འགྲོ་ཞུགས་ལ་ལྟོས། །རྩེ་རྣོ་རྡུལ་གསུམ་རྭ་བར་དུ། །གཞན་ཚ་དྲོད་ཁོལ་མའི་ཁྲོ་ཆུའི་ཞུན། །ཐུག་བྱུང་ན་སྔོན་གྱི་ལུས་སུ་སེམས། །ཚད་ལས་ཐལ་གླང་མོ་དྲེགས་ཤིང་རྒྱགས། །ཆུ་སྲེ་མོ་མ་བུའི་ཚང་བརྟིབས་པས། །སྐྱོན་དྲང་གཟུགས་སྟེང་དུ་ཆས་ལ་བཞིན། །དེ་དཀར་ནག་བསོད་ནམས་གོ་ལྡོག་དོན། །ཡུལ་རྡོ་སྟོད་འཇིགས་བརྒྱད་སེར་བར་དགོས། །རྡོ་སྨད་ཀྱང་ཕུན་སུམ་ཚོགས་འཕྱང་མོ་ཉུག །བྱང་གཞན་གནོད་ཏུ་སྒྲུབ་ཀྱི་གཅན་གཟན་ཁྱུ། །ལྷ་མ་ཧཱ་རྭ་ཛའི་གལ་དུ་འཐོགས། །ས་ཡུལ་འདི་ཡི་མཛའ་མཁོན་བར་མའི་འགྲོ། །ཡོངས་གོ་ལོག་ཚུལ་གྱིས་འཆོལ་སྤྱོད་ངོམ། །གནས་འདི་ལ་དྭང་བ་སྟོན་པའི་མི། །དཔལ་ཡོན་ཏན་ཀུན་ལྡན་བསོ་པ་བཞིན། །མགོན་མཆོག་གསུམ་རྩ་གསུམ་བྱིན་ནུས་མཐུས། །དུས་རྒྱལ་པོ་ལྕགས་ཀྱི་རྟ་ལུག་ནས། །ཡུལ་ཕལ་ཆེར་རྩི་ཤིང་ལོ་ཐོག་རྒྱས། །ཁོང་འཕགས་པའི་སྒྱུ་འཕྲུལ་གཏམ་གྱི་བྲེལ། །མོ་བྲག་གནས་མེར་བསྡུས་དུཿཁས་གདུང་། །ཁྱོད་དྲག་རྒན་དུས་ཀྱི་བསེར་བུས་འདག །སྟོད་སྡེ་བཞིའི་སྤྲིན་དཔུང་དྲི་བཞོན་འཕྲད། །དགེ་མི་དགེར་གྱུར་པས་རྗེ་འབངས་དམན། །ཡུལ་ལྷ་ལྡན་མི་དགའ་དམན་མཆོག་བརྗེས། །ཁོང་དྲེགས་ལྡན་ལ་ལ་སོམ་ཉིས་འདར། །ཡུལ་འགར་འགར་དམན་མཆོག་གོ་པ་འཛོལ། །ལྷ་ཨོ་རྒྱན་སྤྲུལ་པ་མང་དུ་མོ། །བདུད་ཕོ་མོའི་སྤྲུལ་པའང་དེའི་རྗེས་འབྲངས། །གནས་སྐལ་བཟང་གི་རྟེན་ལ་བརྟེན་པའང་དེས། །འདྲེ་བྲག་ལ་གནས་པ་ཐབས་ཀྱིས་འདྲིད། །གདོན་ཕུན་ཚོགས་དབང་རྒྱལ་གྱི་མཁར་ནང་། །མགོན་དགྲར་ལངས་ཀྱི་འཇིགས་ཚོགས་སུ་ཡིས་འགོག །བདུད་རྡོ་རྗེ་དམྱལ་བའི་སྙིང་རྩ་དེ། །ལྷ་སྒོག་པའི་རྡོ་རྗེའི་མཚོན་གྱིས་གཞོལ། །ཡུལ་པདྨ་ཅན་དུ་གནས་གསར་འཇུག །དེར་ལེགས་པོའི་སྒྲ་ཡིས་ཕྱོགས་མཚམས་འུར། །མ་མཁའ་འགྲོ་ཤྲཱི་དྷཱ་ར་རྒྱལ། །གང་བཤེས་ཀུན་དགའ་བདེའི་རྫོགས་ལྡན་མཇལ། །དེ་ལྟར་ཡང་གཟུགས་སྐུའི་དབང་པོའི་མཚོན། །རྟེན་འབྱུང་གི་བདེན་པས་བྱེད་ལས་ཀྱིས། །ཞག་སྟོང་ཕྲག་དང་བརྒྱད་ཅུ་མ་འཁྱོལ་ཙམ། །དབྱིག་ཕྱུངས་སྟོང་པའི་དང་གར་སོང་ཆ་མེད་འགྱུར། །ཁོང་སྦས་པའི་རྣལ་འབྱོར་འཕགས་པའི་མིང་། །ཡུལ་མཐའ་ཁོབ་ཀྱི་མུན་པ་སེལ་སླད་དུ། །རྡོ་ཐལ་བའི་འགོ་ནས་ཐོན་སྲིད་ཚེ། །རྟེན་འབྲེལ་སྣ་ཁ་མ་ལོག་ན། ངན་གྲོགས་དང་གཡང་སའི་གཅོང་རང་འགར། །ཕན་བདེའི་ལེགས་ཚོགས་སྤེལ་ཡང་སྲིད། །གླིང་བདུད་ཇོས་རྡོ་རྗེ་གནས་འདི་རུ། །ལྷ་མཚོ་སྐྱེས་རྡོ་རྗེས་མངགས་བྱུང་ན། །ཡོངས་ཕྱོགས་འདིའི་འགྲོ་ལ་ཕན་བདེ་ངོམ། །ཁོང་གང་ལ་གང་འདུལ་དཔལ་མངའ་ཞིང་། །ཚུལ་མ་ངེས་སྤྱོད་པའི་བསྟན་འགྲོ་གསོ། །མགོན་ཨོ་རྒྱན་མཁན་པོ་བསྟན་འཛིན་མཆོག །མི་གཞན་ལས་འཕགས་པའི་སྐྱེས་མཆོག་དེས། །གནས་འདི་ཡི་བཀོད་པ་གཞན་ལ་འདོམས། །དེར་གཤེ་སྐུར་འདེབ་མཁན་མང་དུ་འབྱུང་། །ཡུལ་འཛམ་བུའི་གླིང་གི་ཐང་ཆེན་ན། །བློ་ཀཱ་ལ་ཙཀྲར་གཞོལ་བ་ཡི། །མང་སུཎྡྷེ་དྷརྨཱའི་སྲོག་ཤིང་ཅན། །ཕྱོགས་རིན་བྲལ་བསྟན་འགྲོར་སྨན་ལགས་ཀྱང་། །དུས་ཡིན་རིང་མ་ཡིན་བདུད་དང་རྩོད། །ཚུལ་དེ་ལས་རྒྱལ་ན་གནས་འདིར་དང་། །དཔལ་ལག་ན་རྡོ་རྗེས་བྱིན་རླབས་པས། །ཁོང་ཀརྨ་དཔའོ་ཧེ་རུ་ཀས། །གནས་འདི་ལ་རྒྱན་གྱིས་བརྒྱན་གྱུར་ན། །ཡུལ་འདི་ཀའི་བདེ་སྐྱེད་བོས་པ་བཞིན། །ལྷ་ཚེ་དཔག་མེད་ཀྱི་དཔལ་བྱིན་པ། །ཁོང་ཆོས་ལ་དབང་ཐོབ་དམ་པ་དང་། །དཔལ་ཛྙཱ་ན་སིདྡྷི་སླར་ཡང་འདིར། །གནས་ཕན་ན་རང་དང་གཞན་ལ་སྨན། །གནས་རྫོང་ཆེན་རྫོང་ཆུང་ཆུ་གཏེར་གྱིས། །རྟེན་འགའ་མ་བརྟེན་བཅས་ཆོས་ནོར་རྫས། །བདུད་ཕོ་མོས་མ་བཀའ་མངོན་བྱུང་ན། །དེས་བསྟན་འགྲོའི་དབུལ་ཕེལ་རྒུད་པའི་རེ་ཞིག་གསོ། མི་བདག་གིས་བདོན་གོས་གཏེར་གྱི་ནོར། །ཡོངས་བསྟན་འགྲོའི་དབུལ་སེལ་མཆིས་པ་དག །ཚེ་ཕྱི་མར་སྨོན་སྣ་ཉིང་གི་བུ། །ཕ་པདྨའི་གདུང་འཛིན་འགྲོ་ཕན་གླིང་། །མིང་དེ་ལྡན་སྔགས་སྤྱོད་སྐྱེས་བུ་ལ། །གཏེར་དངོས་མ་དག་སྣང་གསལ་བའི་ངོར། །ཆོས་ཕྱོགས་རྫོགས་དབུ་མ་ཞི་གཅོད་སོགས། །མཐའ་མ་བཀག་མེ་ལོང་བཞིན་འཕྲད་དེས། །ཚུལ་དཔེ་ནི་བསྟན་འགྲོར་ཕན་བདེ་སྟེར། །གནས་ལྷ་རྩེའི་གུ་རུ་ཀརྨཱའི་མིང་། །ཡང་བིཏྱཱ་དྷཱ་ར་ཆུ་སྐྱེས་དང་། །དཔལ་ཡོན་ཏན་ཀུན་ལྡན་པུཎྡྱེ་གཞན། །ཁྱད་པར་དུ་ག་ག་རཏྣ་ཡིས། །བྱིན་རླབས་ཀྱི་སྤྲུལ་སྐུ་ཤི་ལས་མཚན། །དེ་རྣམས་ཀྱི་གནས་འདིར་དགའ་ཞིང་མཆོད། །ཚུལ་དེ་མཐུས་ཡུལ་འདིའི་ལུགས་ཟུང་དར། །སྐྱབས་རྡོ་རྗེ་ཆོས་ཀྱིས་བྱིན་རླབས་པའི། །མི་རྣམ་གསུམ་བཟོད་པའི་བརྡུགས་ཅན། །ཁོང་འོད་ཟེར་རྡོ་རྗེའི་ཟེར་མདངས་ཀྱིས། །ཡུལ་ཆེ་བཀྲ་འགའ་ལ་ཕན་སྲིད་ཀྱང་། །མི་བདག་དང་འབྲེལ་མིན་རྗེས་སུ་འགྲོ། །གནས་ལྷ་རྩེ་དགོན་གྱི་དེ་ར་ཏུ། །དཔལ་ཨོ་རྒྱན་མཁན་པོའི་བྱིན་ཐའོ་མགོན། །ཆོས་ཡོ་ག་གསུམ་གྱི་ཡེ་ཤེས་ལ། །དབང་བསྒྱུར་དེའི་ཟློས་གར་པདྨའི་གཉེན། །དཔལ་སྙིང་མའི་ཕྲིན་ལས་གསལ་བྱེད་ཉི། །གེགས་དཀར་ནག་སྤྲིན་གྱིས་མ་བསྒྲིབས་ན། །དེས་གནས་དེའི་ཆུ་སྐྱེས་དགའ་བར་བྱེད། །གནས་དེ་རུ་སྔོན་དར་མདོ་རྒྱུ་སེམས། །དཔལ་བཀའ་དགོང་ཕུར་པ་བཀའ་མ་སོགས། །དཀྱིལ་གསར་རྙིང་གི་ཞི་དྲག་སྒྲུབ་མཆོད་རིགས། །ཕྱོགས་རིས་གཅོད་ཀྱིས་བར་ཆོད་མ་ཞུགས་ཡང་། །ལུགས་ཟུང་གི་ལོ་འབྲས་ལེགས་པ་འགའི། །འཁྲུག་རྩོད་ཀྱི་གྲལ་པར་བདལ་ལ་ལྟོས། །དཔལ་ཨོ་རྒྱན་ཆེན་པོའི་རྗེས་འཇུག་པའི། །ཀ་རྫོགས་དང་དཔལ་ཡུལ་བསྟན་འཛིན་རྣམས། །ཐུགས་མཐུན་དང་ཐུགས་བསྐྱེད་སྟོབས་བསྐྱེད་ནང་། །རྙིང་བསྟན་འདི་བླ་ནས་བླ་རུ་འཕགས། །མཁོན་རིགས་ལས་མཆེད་པའི་ས་བསྟན་ཡང་། །རི་མོ་ཡི་འཆད་རྩོད་རྩོམ་པའི་གཟུགས། །ཀར་བསྟན་གྱི་ཉི་འོད་ཤར་རིའི་ཡོད། །གསལ་འགྱུར་ཡང་སྤྲིན་གྱི་མི་བསྒྲིབས་སྨོན། །དྲི་དགེ་བ་སྡོམ་རློམ་ཆོས་ལུགས་ཀྱང་། །ཕྱོགས་ལྷུང་གི་གདོན་གྱི་ཆུ་འཁྱོགས་ཀྱིས། །དགེ་བཅུ་ཡི་ལོ་ཐོག་ལྷག་མེད་དུ། །གཞོམ་སྐྱོན་གྱི་དཔལ་ཡོན་རི་མོའི་ཆབ། །ཞི་གཅོད་ཟུང་འཕེལ་མེད་འཁྲུབ་པའང་མེད། །གནས་འདི་ཡི་ཤར་ནས་ལྷ་ཡིན་གྱི། །སེམས་མི་ལ་ཁྱུགས་འགས་ཀུ་ཅོ་འདོན། །ལྷོར་གནས་པའི་སྤྲ་སྤྲེལ་ཅི་སྦིར་སྒྲས། །ཁོང་ནགས་ཉལ་གཉིད་མགོ་ཕལ་ཆེན་པ། །ནུབ་གངས་ཆེན་ཁུ་བའི་ཆུ་རྒྱུན་སྒྲས། །བདེ་ཆེ་ཆུང་འགྲོགས་པ་ཙི་ནར་གྲགས། །བྱང་གཅན་སྤྱང་སེམས་ལྡན་བྱུར་པོ་ཆེ། །ལས་ནག་པོ་སྟོབས་རྒྱས་རང་ཕུངས་བརྩོན། །ཁོང་བླ་དཔོན་ལ་ལ་ཕྱོགས་ཕྱོགས་རྒྱུ། །ཡུལ་ཀུན་གྱི་བསམ་སྦྱོར་དཀར་ནག་ཁྲ། །སྔོན་མ་དེས་འཕགས་པའི་ཟླ་རུ་ཤེས། །བར་མ་དཔེ་གཞན་གནོད་གཞི་བཅས་སྤྱོད། །ཐ་མ་དཔེ་དཀར་ནག་འདྲེས་མར་བརྩོན། །དེ་ཀུན་ཀྱང་གཟུང་འཛིན་མཐུས་བསྒྲུན་ལས། །ཆོས་བདག་མེད་རྟོགས་ན་རེ་དྭོགས་བྲལ། །དཔལ་ཤུལ་ཁག་རྩེ་མོ་སྲད་བུས་སྦྲེལ། །མཛི་ཀའི་ཡུལ་ཁོལ་སྟོང་ལ་ཉེས། །ཛམྦྷ་ལའི་ཐང་ཡང་ཁྲ་བོར་འགྱུར། །རྒྱལ་རོང་ཁག་གཅིག་སྟོང་གཅིག་གིས་གནོན། །ཇི་ཞིག་ནས་གཞན་གྱིས་འཐེན་ཁྱེར་བྱེད། །པུ་ཝརྣའི་མཆོག་དམན་སྡེ་དགའ་ཡི། །དོན་ཆུང་ལ་ཉེས་ཆེན་བསློངས་ནས་སུ། །ལོག་ལྡོག་ས་ཕུ་བ་གཞན་ཡུལ་སྙེགས། །སྨད་པ་ཡང་སྲིན་བུའི་ཚང་འཐོར་འདྲ། །བར་མ་ཡང་རྡོ་བསྐོས་གཟུགས་བརྙན་བཞིན། །འདུལ་མེད་ཀྱི་ལས་ལ་སྦྱོར་ངེར་ལྟོས། །གེ་འཕན་ཡང་སྣལ་མ་འགོ་བྲོག་ཟླ། །ཧོར་སྡེ་ཁག་སེང་གེའི་ཁོག་པའི་འབུས། །རང་ལུས་ཀྱི་ལྟོ་བ་འབིབས་དང་མཚུངས། །དོན་དེ་ཕྱིར་ན་མཆོག་དམན་བར་གསུམ་གྱི། །མི་སེར་སྐྱ་རྣམས་མཆོག་གསུམ་སྐྱབས་བརྟེན་པ། །ཆོས་དགེ་སྒྲུབ་དང་སྡིག་སྤང་བླང་དོར་རིམ། །ཡང་སྤྱི་དང་ནི་བྱེ་བྲག་ཡུལ་འདི་ཡིས། །སྡེ་མཆོག་དམན་ཀུན་བསམ་པ་སྤྱི་རིལ་གྱིས། །ལྷ་ཨོ་རྒྱན་གྱི་རྣམ་ཐར་གསུང་སྒྲགས་དང་། །ལེའུ་བདུན་མ་དང་བཛྲ་གུ་རུ་སོགས། །གང་མང་དུ་འདོན་དང་བཀའ་ཀླུ་ཡིས། །ཞི་བསྲེག་དང་གཏོར་བཟློག་མདོས་ཟེར་བསྟེགས། །ཉེས་སེལ་དང་རྒྱལ་མཚན་རྩེ་མོའི་གཟུངས། །དར་ཆགས་སུ་བྲིས་པས་གང་མང་འཛུགས། །ཡལ་འདི་ཡི་མངའ་ཞབས་སུ་གཏོགས་རྣམས། །འཆི་ངེས་པ་ཅན་གྱིས་སྲོག་བསྲུ་དང་། །ཚེ་ཐར་དང་ཁྱད་པར་གནས་འདི་ཡི། །སྐོར་ལམ་གྱི་ནང་གནས་རི་དྭགས་དང་། །བྱ་རིགས་དང་ཆུ་གནས་ལ་སོགས་པའི། །སྲོག་ཆགས་རིགས་མི་གསོད་དམ་མནོས་ན། །དེ་མཐུ་ཡིས་མི་ཕྱུག་བདེ་ལྡན་ཞིང་། །ལོ་ལེགས་དང་འབྲུ་འཕེལ་དཔལ་འབྱོར་ལྡན། །འཕྲལ་ཕུག་གཉིས་བདེ་བའི་རྒྱུ་རུ་འགྱུར། །ཚུལ་དེ་ལས་བཟློག་ཅིང་བླང་དོར་གནས། །གོ་ལྡོག་ན་བླ་དཔོན་ཐམས་ཅད་དང་། །ཡུལ་མི་བདེ་ནད་རིམས་པད་སེར་སྡང་། །རྟ་ནོར་དང་ར་ལུག་ཤི་གོད་མང་། །འཕྲལ་ཕུག་གཉིས་མི་བདེའི་རྒྱུ་རུ་གྱུར། །དེ་ཕྱིར་ན་སྤངས་བྱ་ཡོངས་སྤངས་ཤིང་། །བླང་བྱ་རྣམས་ཇི་བཞིན་བསྒྲུབ་གྱུར་ན། །འདི་ཕྱི་གཉིས་དགའ་བདེའི་འབྲས་བཟང་མཐོང་། །ཚུལ་དེ་སྐད་ཅེས་སྨྲ་མཁན་གང་ཞེས་ན། །ཕ་མཁྱེན་བརྩེའི་འོད་ཟེར་རིགས་བདག་ཏུ། །དུས་ནམ་ཡང་མི་འབྲལ་རྣལ་འབྱོར་པ། །དཔལ་བྱང་ཆུབ་རྡོ་རྗེ་ཞེས་འབོད་པའི། །ཉམས་ཤེས་གྱི་གོང་དུར་ཤར་བའི་གླུ། །འདི་ཤར་མར་སྤེལ་བའི་ཡི་གེ་པ། །རང་ཉིད་ཀྱི་སློབ་བུ་དད་དམ་དང་། །ཐོས་བསམ་དང་སྒོམ་གྱི་ནོར་ལྡན་པ། །མིང་འཇིགས་མེད་བསྐལ་པ་བཟང་པོ་ཞེས། །རྗེ་བླ་མའི་ལུང་དུ་བསྟན་པའི་དབུ། །དེས་བྲིས་པའི་དགེ་བས་གནས་འདི་དང་། །འབྲེལ་ཐོགས་རྣམས་འཕྲལ་ཕུག་ཀུན་བདེ་ཤོག །དགེའོ། །དགེའོ། །དགེའོ།། །།


previousགནས་མཆོག་ཁམས་ཀྱི་ཚ་རི་ཏྲ་རལ་གྲི་དེ་རྫོང་རྫོགས་ཆེན་གྱི་བཀོད་པ་གསལ་བར་བྱེད་པ་དྲི་བྲལ་བཻཌཱུཪྻའི་མེ་ལོང་།next