Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
རིག་འཛིན་ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་ཚེ་དབང་བསྐུར་ཐབས་དོན་གཉིས་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ།
   
   
   
   
   
   
   
   
   
   
   
   
   
   
   


 
previousརིག་འཛིན་ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་ཚེ་དབང་བསྐུར་ཐབས་དོན་གཉིས་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ།next

རིག་འཛིན་ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་ཚེ་དབང་བསྐུར་ཐབས་དོན་གཉིས་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ།

༄༅། །རིག་འཛིན་ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་ཚེ་དབང་བསྐུར་ཐབས་དོན་གཉིས་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས། །

ཆོས་སྐུ་ཀུན་བཟང་སྣང་མཐའ་གྱུར་མེད་ཐུགས། །ལོངས་སྐུ་རྡོར་འཆད་རིགས་ལྔ་ལྷུན་རྡོགས་གསུང་། །འཆི་མེད་པདྨ་འབྱུང་གནས་སྤྲུལ་པའི་སྐུ། །སྐུ་གསུམ་ཚེ་ཡི་ལྷ་རྣམས་སྤྱི་བོས་མཆོད། །མཁྱེན་པའི་ཡེ་ཤེས་མཁའ་ལྟར་རྒྱ་ཆེ་ཞིང་། །བྱམས་བརྩེའི་རང་བཞིན་ཉི་ལྟར་འོད་ཟེར་འཕྲོ། །མཐུ་སྟོབས་ནུས་པ་འཇིགས་མེད་གླིང་པའི་ཞབས། །བྱང་ཆུབ་བར་དུ་འབྲེལ་མེདསྙིང་ནས་བསྟེན། །རིག་འཛིན་ཚོ་སྒྲུབ་གསེར་འཛིན་དགའ་མའི་ངོར། །ལེགས་འཁྲུངས་མཚོ་སྐྱེས་གཞོན་ནུ་འཆི་མེད་ཀྱི། །དབར་བསྐུར་བ་དཀར་ཕྲེང་བ་འདིར་ངོམ་ན། །སྐལ་ལྡན་རྗེས་འཇུག་ཚོགས་རྣམས་དགའ་བས་ལོངས། དེ་ལ། འདིར་ཚེ་སྒྲུབ་བདུད་རྩི་བུམ་བདུད་ཀྱི་དབང་བསྐུར་བྱེད་པར་འདོད་ན། །གཞུང་ལས། དབེན་པའི་གནས་སུ་སྟེགས་བུའི་ཁརཿ རྡུལ་ཚོན་རས་ཚོན་སྐབས་སྦྱར་གྱིཿ དཀྱིལ་འཁོར་དབུས་སུ་ལྡིང་ཁྲིའི་ཁརཿ ཚེ་བུམ་དབུས་ལ་ཚེ་རིལ་གཡསཿ ཚེ་མདའ་རྒྱབ་ལཚེ་ཆང་གཡོནཿ ཚེ་གཏོར་མདུན་བཤམས་མཆོད་པས་བསྐོརཿ བདག་དང་སྒྲུབ་རྟེན་དབྱེར་མེད་དུཿ རིག་འཛིན་འདུས་པའི་ལས་གཞུང་བསྲང་ཿ བསྟོད་པའི་མཇུག་ཏུ་འཛབ་ཁང་དབྱེཿ ཞེས་བསྟོད་པའི་བར་བྱ་ཞིང་། དབྱེ་གཞི་དཀྱིལ་འཁོར་གྱི་སྣང་ཆ་གསལ་ཐེགས་ནས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཕཊ་ཛཿ ཞེས་བརྗོད་པས་དཀྱིལ་འཁོར་གཉིས་པ་ཞིག་ལོགས་སུ་ཕྱེ་ནས་མདུན་མཁར་མེ་རི་འདབས་འབྱོར་དུ་བཞུགས་པར་གསལ། ཐུགས་ཀར་པདྨ་ཉི་ཟླའི་སོགས་བསྙེན་བསྒྲུབ་ཀྱི་བཟླས་པ་གཞུང་བཞིན་བྱས་མཐར། ཚེ་སྒྲུབ་དམིགས་པ་འདི་བཞིན་ནོ། །བྷྲཱིཿ ཚེ་དབང་རིག་འཛིན་པདྨ་འབྱུང་ཿ སྣང་སྲིད་བྲིལ་གནོན་ཐུགས་ཀ་རུཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེདཿ དམར་གསལ་ལོངས་སྐུ་ཡུམ་དང་སྦྱོརཿ པདྨ་རཱ་གའི་བུམ་པ་འཛིནཿ ཐུགས་ཀར་ཉི་ཟླའི་གའུའི་ནང་ཿ སྲོག་གི་སྙིང་པོ་ཡི་གེ་ཧྲཱིཿ ཐ་མར་སྔགས་ཀྱི་ཕྲེང་བས་བསྐོརཿ འོད་ཟེར་འཕྲོས་པས་བརྟན་གཡོའི་བཅུདཿ རྒྱལ་བ་རིག་འཛིན་དྲང་སྲོང་གིཿ ཚེ་བཅུད་བསྡུས་ལ་བཅུད་དུ་འདྲིལཿ པ་སྤུའི་བུ་ག་ཚུན་ཆོད་ཀྱང་ཿ ཚེ་དཔག་མེད་པས་ཐམ་གྱིས་གང་ཿ ཀུན་ཀྱང་བུང་བ་ཚང་ཞིག་ལྟརཿ ཧྲཱིཿ སྒྲ་འཇམ་ལ་སྙན་པར་སྒྲོགསཿ འཆི་མེད་རིག་འཛིན་འགྲུབ་པར་འགྱུརཿ ངག་ཏུ་བརྗོད་ཅིང་ཡིད་ལ་བསམཿ འཇམ་རླུང་བུམ་པ་ཅན་དང་སྦྲགསཿ ཞེས་གསུངས་ལས། ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་སྐུ་མདོག་དམར་གསལ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་རང་འོད་ཀྱི་ཡུམ་དང་འཁྲིལ་ཞིང་ཕྱག་གཉིས་མཉམ་གཞག་གི་སྟེང་ན་པདྨ་རཱ་གའི་ཚེ་བུམ་འཛིན་ཅིང་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀར་སྣོད་བཅུད་མ་ལུས་པའི་ཁམས་ཀྱི་དྭངས་མ་ཉི་ཟླའི་ག་འུ་ཁ་སྦྱོར་གྱི་ནང་དུ་ཐུགས་སྲོག་གི་སྙིང་པོ་ཧྲཱིཿདང་། དེའི་གཡས་བསྐོར་དུ་སྔགས་ཕྲེང་ལུ་གུ་རྒྱད་དུ་འཁོར་ཞིང་འོད་ཟེར་བཀྲག་ལྡན་དུ་འཕྲོ་བ་གསལ་བརྟན་གྱི་རྩལ་རྫོགས་པར་གྱུར། ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨ་ལུ་ཛྙཱ་ན་མ་ཧཱ་པུ་ཎྱེ་ཚེ་བྷྲཱུཾ་བྷྲཱྀ་ཛཿ སརྦ་སིདྡྷི་ཧཱཾཿ ཅི་རིགས་བགྲངས། སྔགས་ཕྲེང་རྣམས་ལས་འོད་ཟེར་དཀར་འཚེར་ཐག་འཛིངས་པ་ལྟ་བུ་བུན་བུན་འཕྲོས། འོག་མིན་དག་པའི་ཞིང་གི་ངེས་པ་ལྔ་ལྡན་རྟག་པ་རྒྱུན་གྱི་འཁོར་ལོའི་ཡོན་ཏན་དང་། རིག་འཛིན་དང་དྲང་སྲོང་རྣམས་ཀྱི་བསྐལ་པར་གནས་པའི་ཚེ་བཅུད། བརྟན་པ་སྣོད་ཀྱི་འཇིག་རྟེན་དང་། གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་བཀྲག་མདངས་གཟི་བྱིན་ས་བཅུད་ཚེ་དཔལ་བསོད་ནམས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར་བསྡུས་ནས་རང་ཉིད་ལ་ཐིམ་པའི་མོད། འཁོར་འདས་ཀྱི་དྭངས་བཅུད་དེ་དག་ཐམས་ཅད་སྐད་ཅིག་ཉིད་ལ་བཅུད་དུ་འདྲིལ་ནས་ཚེ་དཔག་མེད་ཀྱི་སྐུ་རྡུལ་ཕྲ་རབ་ཏུ་གྱུར་པས། ལུས་ཀྱི་ནང་ཁོངས་བ་སྤུའི་བུག་ཚུན་ཆོདཀྱང་ཐམ་གྱིས་འགགས་པས་རྡོ་རྗེའི་སྲོག་ལ་དབང་ཐོབ་ཅིང་། གཡུང་དྲུང་ལྟ་བུའི་ལུས་སུ་གྱུར་པར་དམིགས་ཤིང་། དེ་དག་ཀུན་ཀྱང་གཅིག་ལ་གཅིག་མི་རེག །གཅིག་གིས་གཅིག་མི་སྒྲིབ། ཡངས་དོག་མེད་པ་རིལ་གོང་ཕྱུར་བལྟར་གནས་པ་ཐམས་ཅད་ཀྱི་ཞལ་ནས་ཚེའི་སྙིང་པོ་ཀུན་ལས་ཡང་སྙིང་དུ་གྱུར་པ། གནད་བསྐུལ་སྲོག་གི་རིག་པ་ཡི་གེ་འརུ་གཅིག་པོ་བུང་བ་ཚང་ཞིག་པ་ལྟར་འཇམ་ལ་སྙན་པ་སྒྲོགས་པར་བསམས་ལཿ འཛམ་རླུང་བུན་ཅན་དང་བཅས་པའི་འགོག་བཟླས་སམ། རྡོ་རྗེའི་བཟླས་པ་ཁོ་ན་གཞོལ་བ་ནི་དབང་པོ་ལང་རབ་སྤྲོས་པ་དང་བྲལ་བ་རྣམས་ཀྱིས་རླུང་སེམས་དབྱེར་མེད་ཀྱི་ཚེ་སྒྲུབ་ཡིན་ནོ། །སྤྱིར་བཏང་གཞན་དོན་དུ་བསྒྲུབ་པ་དང་། ཏིང་ངེ་འཛིན་དང་རླུང་སྟོབས་ཞན་པའི་དང་པོའི་ལས་ཅན་རྣམས་ཀྱིས་རང་ཉིད་ཀྱིས་སྒྲུབ་སྔགས་དང་། ཚེ་དཔག་མེད་རྣམས་ཀྱིས་ཧྲཱིཿསྒྲ་སྒྲོགས་པར་བསམས་ལ་འོད་ཟེར་སྤྲོ་བསྡུ་བ་བྱ་བ་ནི་གཙོ་བོར་གཅེས་ཤིང་། གཞན་དོན་ལ་དམིགས་བྱའི་སྲོག་གི་ངོ་བོ་ཡི་གེ་ནྲྀའི་རྣམ་པ་ཐུགས་སྲོག་གི་ཁོང་དུ་བསམ་ནས་དེ་ལ་ཚེ་བཅུད་སྡུད་ཅིང་། །ཀུན་ལ་ཐུན་གྱི་སྨད་ཆར་རྡོ་རྗེའི་བཟླས་པ་ཅུང་ཟད་རེ་བྱས་པས་ལེགས་པར་འགྱུར་ལ་ཞེས་གསུངས་པ་བཞིན། ༀ་ཨཱཿཧཱུྃ་བཛྲ་མཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མཧཱ་པུ་ཎྱེ་ཚེ་བྷཱུཾ་ནྲྀ་ཛཿ སརྦ་སིདྡྷི་ཧཱུྃཿ ཞེས་ཚེ་བསྙེན་བ་ཟླ་བ་དང་། མདུན་བསྐྱེད་ཀྱིས་ཧྲཱིཿསྒྲ་སྒྲོགས་པར་བསམ། ཐུན་འཇུག་ཏུ་འཛམ་རླུང་དང་སྦྲགས་ཏེ་ཧྲཱིཿཡིག་རྡོར་བཟླས་དང་འགོག་བཟླས་ཚུལ་གྱིས་ཅི་འགྲུབ་བཟླ་ཞིང་མཐར་བུམ་པ་ལ་དམིགས་ཏེ། བུམ་པའི་ནང་དུ་ཨོ་རྒྱན་ཚེ་དཔག་ཏུ་མེད་པ་འཁོར་རིག་འཛིན་བརྒྱད་དང་ཚེའི་ལྷ་ཚོགས་དཔག་ཏུ་མེད་པ་རྒྱ་མཚོ་ལ་གཟའ་སྐར་ཤར་བའམ། མེ་ལོང་ལ་གཟུགས་བརྙན་སྣང་བ་ལྟར་གསལ་བའི་ཐུགས་སྲོག་ཧྲཱིཿཡིག་ལ་སྔགས་ཀྱིས་བསྐོར་བར་དམིགས་ཤིང་། བདག་གི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་ལུ་གུ་རྒྱུད་ཀྱི་ཚུལ་དུ་འཕྲོས། བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱད་བསྐུལ། སླར་ཡང་འོད་ཟེར་འཕྲོས་འོག་མིན་དག་པའི་ཞིང་ངེས་པ་ལྔ་ལྡན་རྟག་པ་རྒྱུན་གྱི་འཁོར་ལོའི་ཡོན་ཏན་དང་། རིག་འཛིན་དང་དྲང་སྲོང་རྣམས་ཀྱི་བསྐལ་པར་གནས་པའི་ཚེ་བུད། བརྟེན་པ་སྣོད་ཀྱི་འཇིག་རྟེན་དང་། གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་བཀྲག་མདངས་གཟི་བྱིན་དྭངས་བཅུད་ཚེ་དཔལ་བསོད་ནམས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ནས་བུམ་པའི་ལྷ་ཚོགས་ལ་ཐིམ་པས་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་སྐད་ཅིག་ཉིད་ལ་བཅུད་དུ་དྲིལ་ནས་ལྷ་ཚོགས་རྣམས་ཀྱི་སྐུ་ལ་འཆི་མེད་ཚེ་ཡི་བདུད་རྩིའི་རྒྱུན་ཆེན་པོ་འབབས་པས་བུམ་པ་ཡོངས་སུ་གང་བར་གྱུར། ཞེས་ཚེ་བསྙེན་ཅི་མང་དང་། ཧྲཱིཿབཟླས་ཅི་རིགས་བྱ། དེ་ནས་ལས་བུམ་ལ་དམིགས་ཏེ། ལས་བུམ་དུ་སྐད་ཅིག་གིས་བཅོམ་ལྡན་འདས་པདྨ་དབང་ཆེན་དམར་པོ་གཡས་དབྱུང་ཏོ་དང་། གཡོན་སྡིགས་མཛུབ་ཞགས་པ་འཛིན་པའི་སྐུར་གྱུར་པའི་ཐུགས་ཀའི་འོད་ཟེར་འཕྲོས་འདུས་དོན་གཉིས་བྱས། སླར་འདུས་པས་སྐུ་ལས་བདུད་རྩིའི་རྒྱུན་ཆེན་པོ་བབས་ནས་བུམ་པ་ཡོངས་སུ་གང་བར་གྱུར། ཞེས་བསམས་པ། ༀ་བཛྲ་ཀྲོ་ཏ་བྷྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ ཞེས་བརྒྱ་རྩ་ལས་མི་ཉུང་བས་བཟླས་མཐར་ལྷ་མོ་བཅུ་དྲུག་སོགས་རྒྱས་བསྡུས་གང་འཚམས་ཀྱིས་མཆོད། ལས་གཞུང་ི་བསྟོད་པའི་མཇུག །ཧྲཱིཿ འོད་དཔག་མེད་མགོན་སྤྲུལ་སྐུ་འཆི་བ་མེད། །དྡྲོག་པོའི་སྐུར་བཞེངས་ལྷ་སྲིན་འདུལ་བའི་གཉེན། །སྤྱན་རས་གཟིགས་དབང་དྷྲཱིཿལས་རྔམ་བརྗིད་སྐུ། །རྟ་མ་གྲིན་རྟ་སྐད་བཞག་ལ་ཕྱག་འཚལ་བསྟོད། །ཅེས་པའི་མཐར་ཡི་གེ་བརྒྱད་པ་ལན་གསུམ་གྱིས་བཤགས་པ་བྱའོ་འོད་ཞུ་བྱ་བ་ནི། ༀ་ཨཱཿཧཱུྃ་ཞེས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་ཕུལ་བས་བུམ་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་ཞུ་བ་བུམ་ཆུ་དང་དབྱེར་མེད་དུ་གྱུར། ཅེས་དང་། ལས་བུམ་གྱི་ལྷ་འོད་དུ་ཞུ་ནས་ཁྲོ་བོའི་རྡུལ་ཕྲ་རབ་ཏུ་གྱུར། ཅེས་བརྗོད་ཅིང་བསམ་མོ། །ཚེ་འགུགས་པ་ནི། དེ་ནས་བདག་མདུན་གྱི་ངུགས་ཀ་ནས་འོད་ཟེར་དཀར་འཚེར་བ་ཐག་འཛིངས་པ་ལྟ་བུ་བུན་བུན་འཕྲོས། འོག་མིན་དག་པའི་ཞིང་ངེས་པ་ལྔ་ལྡན་རྟག་པ་རྒྱུན་གྱི་འཁོར་ལོའི་ཡོན་ཏན་དང་ཕྲིན་ལས་རིག་འཛིན་དྲང་སྲོང་རྣམས་ཀྱི་བསྐལ་པར་གནས་པའི་ཚེ་བཅུད། བརྟན་པ་སྣོད་ཀྱི་འཇིག་རྟེན་དང་། གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་བཀྲག་མདངས་གཟི་བྱིན་དྭངས་བཅུད། ཚེ་དཔལ་བསོད་ནམས་ཐམས་ཅད་རྡོ་ཁབ་ལེནབ་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ནས་ཚེ་རྫས་དང་། བསྲུང་བྱ་རྣམས་ལ་ཐིམ་པའི་མོས་པ་མཛོད། ཚོ་མདའ་གལ་བ་ཅིང་། ༀ། རང་སྣང་ཟངས་མདོག་དཔལ་གྱི་རིཿ ལྔ་ལྡན་རང་བྱུང་ཕོ་བྲང་ནསཿ སོགས། སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཚེ་བྷྲཱུཾ་ནྲི་ཛཿ ཞེས་དང་། བྷྲཱིཿ ལྷ་དག་རིག་འཛིན་ཚེ་ཡི་བདགཿ ཅིས་ཀྱང་མི་ཆོས་མི་ཤིགས་པའིཿ ཚེ་བསྲིང་བླ་ཁུག་རྒྱས་ཐོབ་ལཿ འཆི་མེད་ཚེ་དབང་འདིར་སྩོལ་ཅིག། ཚེ་གཟུངས་བཟླ། ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག །མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག །མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག །ཚེ་སྲོག་རྡོ་རྗེའི་བྲག་རི་བས་སྲ་ཞིང་བརྟན་པ་ལ་མངའ་བརྙེས་པར་གྱུར་ཅིག །ཞེས་བཀུག་ཚེ་པྲ་བརྟགས་པའི་རྗེསཿ རྒྱས་གདབ་ཚེ་མདའ་དྲང་པོར་བསྲང་ཿ ཨཱཿ འབྱུང་ལྔའི་དབྱིངས་སུ་འཁྱབས་པའི་ཚེཿ ཡུམ་ལྔའི་ཀློང་དུ་རྒྱས་བཏབ་པསཿ ཡེ་ཤེས་ལྔ་ལ་སྐྱེ་འཆི་མེདཿ སྐུ་ལྔའི་དབྱིངས་སུ་ཚེ་སྦས་པཿ རིགས་ལྔའི་རྒྱལ་བས་ཀྱང་མི་གཟིགསཿ དྷརྣཱདྷརྟུ་བཛྲ་རཀྵཿ ཞེས་བྱིན་བརླབ་བརྟན་པར་བྱ། དེ་ནས་བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་བསྒོམས་ནས་རིག་པའི་མེ་ཏོག་དོར་བ་ཉིད་དོན་གྱིས་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས། མེ་ཏོག་འཐོར་བ་དང་བཅས། ༀ་བཛྲ་ས་མ་ཡ་ༀ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་མེ་ཏོག་ཕུལ་བས། བདག་དང་དཀྱིལ་འཁོར་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམས་ཏེཿ འཇུག་བྱའི་དཀྱིལ་འཁོར་དང་བདག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཏེ་འབྲས་ཆོས་ལྔ་པོ་དབྱེར་མེད་རོ་གཅིག་ཏུ་བསམ་པའོ། ༀ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། ༈ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་ཧཱུྃ། ༀ་བཛྲ་ས་མ་ཡ་སྟཱཾ། ༀ་བཛྲ་ས་མ་ཡ་ཧོ། ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ༀ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། ཞེས་སློབ་དུ་འཇུག་པར་གནང་བ་ཞུས་པས་ལྷ་ཚོགས་རྣམས་ཀྱིས་དེ་དེ་བཞིན་དུ་གནང་བ་བྱིན་པར་བསམ་མོ། ཛཿཧཱུྃཿབྃཿཧོཿ ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སོག་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དབང་མཆོག་བསྐུར་དུ་གསོལ། །ཞེས་དང་། ཆོས་སྐྱོང་གི་བསྐང་གསོལ་དང་། ཚོགས་ཀྱི་མཆོད་པ་བཅས་བྱ་ཞིང་། ཚོགས་ལ་རོལ་ཟིན་པ་དང་། གཞན་དོན་དུ་དབང་ལ་འཇུག་པ་ནི། སློབ་མ་རྣམ་མདུན་དུ་འཁོད་པར། ཧཱུྃ། བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཆུས། །སྐལ་ལྡན་སློབ་མའི་ལུས་ངང་ཡིད་གསུམ་ལ། །གནས་པའི་ཉེས་སྐྱོན་དིར་མའི་ཚོགས་བཅས་ཀུན། །བཀྲུ་བར་བགྱིའོ་བྱང་ཞིང་དག་གྱུར་ཅིག །ལས་སྔགས་དང་སྦྲེལ། ༀབཛྲ་སཏྭ་ས་མ་ཡ་སོགས་བཟླ་བཞིན་ལས་ཆུས་ཉེ་རེག་བྱ་ཞིང་། བགེགས་གཏོར། ༀ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ དང་། ༀ་སྭབྷ་བ་ཤུདྡྷ་སརྦ་དྷརྨ་སྭ་བྷ་བ་ཤུདྡྷོ་ཧཾ། གིས་སྦྱངས་ལ། སྟོང་པ་ཉིད་དུ་གྱུར། སྟོང་པའི་དང་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་བགེགས་ཀྱི་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་རྣམ་པ་ལྔ་དང་ལྡན་པར་གྱུར། ཞེས་བསམས་ལ། ༀ་ཨཱཿཧཱུྃ་ཧོ། ལྕགས་ཀྱུའི་ཕྱག་རྒྱས། སརྦ་བྟུ་ཏ་ཨ་ཀཪྵ་ཡ་ཛཿ ལན་གསུམ། ༀ་སརྦ་བི་བྷན་ན་མཿ སརྦ་ཏ་ཐཱ་ག་ཏ་བྷྱོཿབེ་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་གེ་ག་ན་ཁཾ་གྷྲྀ་ཧྞེ་ཨེ་དཱཾ་བ་ལིཾ་ཏ་ཡེ་སྭཱཧཱས་བགེགས་གཏོར་གཡས་སུ་ལན་གསུམ་བསྐོར་བ་གསུམ་གྱི་མཐར། ན་མོ་རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བཀའ་བདེན་པ་དང་། ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། ཆོས་ཉིད་འགྱུར་བ་མེད་པའི་བཀའ་བདེན་པ་དང་། ཆོས་ཅན་རྒྱ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེནཔ་ཆེན་པོའི་མཐུ་སྟོབས་བྱིན་རླབས་ནུས་པ་ལ་བརྟེན་ནས་དེང་འདིར་བླ་མ་དང་དགེ་བཤེས་མཁན་པོ་སོགས་ལ་རིག་པ་འཛེན་པ་འདི་དག་ཅེས་སྦྱར། རང་ལས་དམན་པར་རྡོ་རྗེའི་སློབ་མ་འདི་དག་རྣམས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་ཟབ་མོ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་ལོག་འདྲེན་འབྱུང་པོ་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་རིགས་གང་དག་སུ་ཡང་རུང་བ་ཐམས་ཅད་བགེགས་ཀྱི་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་དམིགས་པའི་ཡུལ་གཞན་དུ་འགྲོ་བར་གྱིས་ཤིག །གལ་ཏེ་མི་འགྲོ་ཟིང་འདུག་པར་གྱུར་ན་བདག་སོགས་ཁྲོ་རྒྱལ་འབར་བའི་ཚོགས་རབ་ཏུ་ཁྲོས་ནས་ཨོ་མཚོན་མེ་དཔུང་གི་དབལ་ཟེར་གྱིས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརལག་པར་གདོན་མི་ཟའོ། །ༀ་སུམྦྷ་ནི་ལན་གསུམ་གྱི་མཐར་དྲག་སྔགས་སོ་ལྔ་དང་ཧཱུྃ་གི་གདངས་ཅི་རིགས་བརྗོད་མཐར་གནོད་བྱེད་འབྱུང་པོ་སརྦ་ཨུ་ཙ་ཏ་ཡ་ཕཊཿ ཅེས་བགེགས་བསྐྲད་ནས། བགེགས་ཚོགས་ལོག་པར་འདྲེན་པ་ཐམས་ཅད་ཕྱིར་བསྐྲད། ཁྲོ་མཚོན་མེ་དཔུང་གི་ཚོགས་རྣམས་ཚུར་འདུས་པ་ལས་སྲུང་བའི་འཁོར་ལོ་སྟེང་ཐམས་ཅད་རྡོ་རྗེའི་གུར་དག་བླ་རེ། འོག་ཐམས་ཅད་རྡོ་རྗེའི་ས་གཞི། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་བ་དྲྭ་བ་ཡེ་ཤེས་ཀྱི་མེ་རི་མེ་དཔུང་ཆེན་པོས་ཡོངས་སུ་བསྐོར་བའི་སྲུང་བའི་གུར་ཁང་དུ་གྱུར། ༀ་བཛྲ་རཀྵ་རཀྵ་ཧཱུྃ། ལན་གསུམ་བརྗོད་ཅིང་གསོར་བར་བྱའོ། དེ་ནས། སླར་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕན་འདོད་ཀྱི་ལྷག་བསམ་ཡིད་ལེ་མཆོག་ཏུ་བཅགས་ནས་དམ་པའི་ཆོས་ཉམ་པ་ལ་ཞུགས་པ་ནི་སྐྱེས་བུ་ཆེན་པོའི་ལམ་བསོད་ནམས་ཚད་མེད་པའི་འཇུག་དོགས་ཡིན་ཏེ། རེན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས་པས་སེམས་ཅན་གྱི་ཁམས་ཚད་མེད་པ་ལྟར་དེ་ལ་ཕན་འདོད་ཀྱི་ལྷག་བསམ་ལན་ཅིག་སྐྱེས་པའང་ཚད་མེད་དེ། བཟང་པོ་སྤྱོད་པ་ལས། །ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པར། ༈སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཅི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གིས་སྨོན་ལམ་མཐའ་དེ་ཙམ་མོ། །ཞེས་གསུངས་པ་བཞིན་སེམས་ཅན་ཐམས་ཅད་ཡིད་ལ་བཅངས་ཏེ་གསན་པར་མཛོད། དེ་ཡང་ཆོས་ཉན་པའི་ཀུན་ཏུ་སྤྱོད་པ། སྣོད་ཀྱིས་གཡོན་གསུམ་དྲི་མ་དྲུག །མི་འཛིན་པ་ལྔ་དང་བཅས་པ་སྤང་དགོས། དང་པོ་ནི། རྣ་བ་མི་གཏོད་ཁ་སྦུབ་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་རྡོལ་ལ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། ཞེས་དང་། དྲི་མ་དྲུག་ནི། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་སོ། །མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ་དང་། །དོན་འཛིན་པ་སྐད་ཀྱང་ཚིག་མི་འཛིན་པ་དང་། མི་ཚང་པར་འཛིན་པ་དང་། །ལོག་པར་འཛིན་པ་དང་། བརྡ་མ་འཕྲོད་པར་འཛིན་པ་སྟེ། སྐྱོན་དེ་རྣམས་སྤངས་ནས་ཚུལ་ཇི་ལྟ་བུས་ཉན་སྙམ་ན། མདོ་སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་ཉན་པའི་དུས་སུ་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་དེ་མཉམ་པར་བྱ་ཞེས་གསུངས་པ་ལྟར་མཉན་པ་དང་། དེའི་སྟེང་དུ་ཕ་རོལ་ཏུ་པྱིན་པ་དྲུག་ཚང་བའི་སྒོ་ནས་ཉན་དགོས་པའང་། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་ལྦ་མའི་གདམས་ངང་ཉོན་། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་གསུངས་༩པའི་དོན་ལ་དགོངས་ཏེ་ཉན་དགོས་པ་ཡང་། འདི་ལྟར་དམ་པའི་ཆོས་ཀྱིསགར་ཙམ་ཐ་ན་དུད་འགྲོའི་རྣ་ལམ་དུ་ཐོས་ནའང་ངན་སོང་གི་སྡུག་བསྔལ་ལས་གྲོལ་བའི་ནུས་པ་ཁྱད་པར་ཅན་ཡིན་པ་མདོ་རྒྱུད་རྒྱ་མཚོ་ནས་བཤད་ཅིང་། །དེ་སྐད་དུའང་རྒྱལ་བའི་དབང་པོ་ཀློང་ཆེན་ཞབས་ཀྱིས། །ཆོས་རྔ་སྒྲོགས་པའི་སྒྲ་ཐོས་སེམས་ཅན་ཡང་། །ཡང་སོང་རྣམ་གྲོལ་ཉན་རྣམས་སྨོས་ཅི་དགོས། །ཞེས་གསུངས་པའི་ཕྱིར་ཁྱེད་ཅག་རྣམས་ཆོས་སྒྲ་སྒྲོག་པ་ལ་མོས་པ་སྟོབས་སུ་གྱུར་པ་འདི་ཡང་སྡིད་པ་མང་པོར་ཚོགས་བསགས་པ་ཆོས་ཅན། དེ་ལྟ་ནའང་། སློབ་དཔོན་ཞིབ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་འགྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱི་ནས་ཡང་དག་འབྱོར་པར་ག་ལ་འགྱུར། །ཞེས་གསུངས་པས་ན། ད་རེས་ཡིད་བཞིན་གྱི་ནོར་བུ་ལག་ཏུ་ལོན་པའི་དཔེས་ཀྱང་བརྒྱ་སྟོང་གི་ཆར་ཡང་མི་ཕོད་པའི་དལ་བའི་རྟེན་བཟང་འདི་ལྟ་བུ་རྣེད་པའི་གནས་སྐབས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གནེར་བའི་ཐབས་ལྷུར་ལེན་དོགས། དེ་ཅིས་ལེན་ན་ཁམས་དྲུག་ལྡན་གྱི་རྟེན་འདི་ཁོ་ན་ལ་ཏོས་དགོས་པའི་ཕྱིར། སློབ་དཔོན་ངང་གི་དབང་ཕྱུག་གྲགས་པའི་ཞལ་ནས། ཆོས་སྤྱོད་དབང་པོ་ཐུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཁོར་བར་སྡོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པར་མ་མཐོང་སྟེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བ་ཀུན་ཏུ་སྤྱོད། །ཅེས་སོ། །དེ་ལ་ཡང་སྤྱིར་བར་ཆད་ཀྱི་རྐྱེན་མང་ཞིང་ཁྱད་པར་དུས་མ་ཡིན་པར་འཆི་བའི་རྐྱེན་ནི་ཚེ་དང་ལས་དང་བསོད་ནམས་ཟད་པ་སྟེ་རྐྱང་ཟད་གསུམ་དང་། དེ་དག་གཉིས་གཉིས་ཟད་པ་དང་གསུམ་ལས། ཚེ་ཟད་པ་ལ་ཚེ་སྒྲུབ་ཀྱི་ཆོ་གདང་། ལས་ཟད་པ་ལ་སྲོག་བསླུ་ཉེའུ་འདོན་པ་སོགས་དང་། བསོད་ནམས་ཟད་པ་ལ་མཆོད་སྦྱིན་གྱིས་སྤེལ་བ་ལ་སོགས་པས་གསོ་བ་དང་། དེ་དག་གཉིས་མཉམ་དུ་ཟད་པ་ནི། གཉེན་པོ་དེ་དང་དེས་གསོ་བར་གསུངས་པ་ལས། གསོ་བྱ་ཚེ་ཉིད་ཉམས་པའི་རྐྱེན། ཉམས་པའི་རྟགས། གསོ་བྱེད་སློབ་དཔོནམ། གསོ་ཚུལ་དང་བཞིར་རྒྱུད་ལས་གསུངས་པ་སྟེ། དང་པོ ཉམས་པའི་རྐྱེན་ནི། དམ་ཉམས་སེམས་དཀྲུགས་ཡི་ཆད་དངངས་པ་དང་། ཞེ་སྡང་དྲག་པོས་རྦོད་གཏོང་ཚར་བཅད་དང་། སྐུ་གསུངས་྄ཐུགས་ཀྱི་དམ་ཚིག་ཉམས་པ་དང་། གནས་ངན་དག་ཏུ་གནས་ཕབ་འདི་དག་ནི། ཚེ་ཉམས་དབུགས་དངངས་བགེགས་ཀྱི་དབང་དུ་འགྱུར། ཞེས་དང་། གཉིས་པ་ཉམས་པའི་རྟགས་ནི། འཁོར་ལ་ཁྲོ་ཞིང་སྡུག་སྐད་འབྱིན་པ་དང་། བཞིན་འགྱུར་སྤྱོད་ལམ་རྣམས་ནི་འཆལ་བ་དང་། སློབ་དཔོན་འཚོ་བྱེད་དུས་ལས་ཡོལ་བ་དང་། ཁ་ཟས་རྣམས་ཀྱང་ཡིད་གར་མི་འོང་རྣམས། འདི་དག་རྣམས་ནི་ཉམས་པའི་རྟགས་ཡིན་ནོ། །ཞེས་དང་། གསུམ་པ་སློབ་དཔོན་ནི། །ཏིང་འཛིན་ཕྲ་མོ་ལས་སུ་རུང་བ་དང་། །རྒྱུད་ཀྱི་དོན་ལ་མཁས་ཤིང་དབང་ཐོབ་པ། མཐུ་བྱིན་ཆེ་ཞིང་དམ་ཅན་ཉེ་བ་སྟེ། །འདི་གསུམ་གང་གིས་བཀུག་ཀྱང་ཁུག་པར་འགྱུར། ཞེས་དང་། བཞི་པ་ཇི་ལྟར་གསོ་བའི་ཐབས། རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་འཆི་མེད་སྒྲུབ་པའི་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་བསྟན་པ་རྣམས་ཀྱི་ནང་ནས་འདུས་ནི་སྔ་འགྱུར་རྡོ་རྗེ་ཐེག་པའི་ཕྱོགས་སུ་གཏོགས་ལ། དེ་ལ་ཞལ་ནས་གསུངས་པའི་བཀའ་མ། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་བརླབས་པའི་དག་སྣང་མ་སྟ་བརྒྱུད་པའི་བཀའ་སྲོལ་ཆེན་པོ་གསུམ་དུ་གྲགས་པ་ལས། ཁྱད་པར་དུ་གྱུར་པ་འདིའི་ལོ་རྒྱུས་ཅུང་ཟད་སྙམ་དུ་གསོལ་ན། ལུང་བསྟན་བཀའ་རྒྱ་མར། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུ། །ཟབ་དོན་སྙིང་ཏིག་ཆོས་ཀྱིས་འགྲོ་བ་འདྲེན། །འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུང་། །ཞེས་སྙིང་ཏིག་གི་རྫོགས་རིམ་དང་རིག་འཛིན་གྱི་བསྐྱེད་རིམ་ལ་བརྟེན་ནས་རིམ་པ་བཞིའི་རྣལ་འབྱོར་ལ་སྦྱོར་བའིུ་ལམ་སྟོན་དུ་བསྔགས་པའི་ཕྱིར། རིག་འཛིན་འཛམ་གླིང་རྡོ་རྗེའི་གཏེར་ལུང་ལས་ཀྱང་། དབུས་གཡོར་གཞུང་དུ་བྱང་སེམས་པདྨའི་མིང་ཿ བཀའ་རྙིང་བསྟན་སྐྱོང་ཐབས་མཁས་འགྲོ་བ་འདུལཿ ཞེས་རྡོ་རྗེའི་ལུང་གིས་དབང་པོར་བྱས་པ་བཞིན་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱིས་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པར་མིང་གིས་དབང་བསྐུར་བའི་སྐྱེས་བུ་ཉིད་ཀྱི་རྗེས་ལ་ཏོབ་པའི་རོལ་པ་དང་། རྨི་ལམ་གྱིས་ནང་ཆ་སྒྱུ་མའི་རང་བཞིན་གཅིག་ཏུ་མཉམ་པའི་མིག་འཕྲུལ་ལྟ་བུའི་གསལ་སྣང་ལ་བ་ལ་ཡུལ་གྱི་མཆོད་རྒེན་བྱ་རུང་ཁ་ཤོར་གྱི་གམ་དུ། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་ཡེ་ཤེས་ཀྱི་བརྡ་རིས་མངོན་དུ་སྤྲད་པ་ལས་བྱུང་བའི་ཆོས་སྡེ་གནད་བྱང་ཐུགས་ཀྱིས་རོལ་བུ་ལས། དེ་དུས་ད་ལྟའི་རྗེས་འབངས་གྲོགསཿ བི་མ་རྒྱལ་སྲས་ལྷ་རྗེ་རྣམསཿ སྨོན་ལམ་ཐུགས་རྗེས་སྤྲུལ་པའི་སྲསཿ རང་བྱུང་རྡོ་རྗེ་པདྨ་དབང་ཿ གསང་མཚན་གར་དབང་འཇིགས་མེད་གླིང་ཿ རྟོགས་གྲོལ་དུས་མཉམ་ཐུགས་གཏེར་བདགཿ འཕགས་པས་རྗེས་སུ་བ་ཟུང་བའི་རྟགསཿ ལག་གཡས་མཐིལ་པདྨའི་སྤྱནཿ དབང་ཅེན་གསུང་གི་རིག་འཛིན་ཕྱིརཿ མཐེ་བོང་ཐུགས་སྲོག་བྷྱ་ཡིས་མཚནཿ རྟོགས་པ་ཀློང་དུ་གྱུར་པའི་རྟགསཿ ཚོམས་ལ་སྐྱེ་མེད་ཡི་གེ་ཨཿ སྙིང་རྗེ་ཆེ་ཞིང་རིག་ཧུརཿ ཤེས་རབ་ཆེ་ཞིང་འཛིན་ཆགས་ཆུང་ཿ ཐུགས་སྒམ་ཚིག་བཙན་བལོ་གྲོས་ཟབཿ ངེས་མེད་སྤྱོད་པ་ཅིར་ཡང་སྟོནཿ འཇིགས་པ་མེད་པའི་བརྟུལ་ཞུགས་ཅནཿ ཞུམ་མེད་སྣང་བ་ཟིལ་གྱིས་གནོནཿ དེ་ལ་ཐུགས་རྒྱུད་དངོས་གཏེར་རམཿ ཡང་ན་དགོངས་གཏེར་ཚུལ་དུ་འབེབསཿ ཞེས་གསུངས་པ་ལྟར། ཀློང་བྱང་བརྡ་བསྒྱུར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་རིག་འཛིན་ཚེ་སྒྲུབ་བདུད་རྩི་བུར་བཅུད་ཀྱི་ཚེ་དབང་འབུལ་བར་སྐབས་སུ་བབས་པ་ཡིན་ཏེ། དེ་ཡང་རྩ་བར། ལྷ་སྔགས་ཏིང་འཛིན་དམིགས་པའི་གནདཿ ཀུན་ལས་ཀྱད་འཕགས་རིག་འཛིན་གྱིཿ ཚེ་སྒྲུབ་བདུད་རྩི་བུམ་བཅུད་འདིཿ ཆོས་བདག་སྐྱེས་བུའི་སྲོག་མཐུད་ཕྱིརཿ ཀློང་བྱང་མཁའ་འགྲོའི་བརྡ་རུ་བསྟནཿ །ཅེས་གསུངས་པ་ལྟར། ཡེ་ཤེས་སེམས་དཔའ་ལ་བརྟེན་ནས་རྒྱལ་བ་འོད་མཚན་སྟོང་འབར་མངོན་དུ་བསྒྲུབ་ཅིང་ཚེ་དཔག་མེད་ཀྱི་གོ་ཆ་བསྐོན་པ། རིགས་ལྔའི་རིག་འཛིན་ལ་བརྟེན་ནས་འབྱུང་ལྔའི་ཁམས་ནས་བླ་ཚེ་བསྡུ་བ། དྷ་ན་སཾ་སྐྲྀ་ལ་བརྟེན་ནས་བླ་འཁྱམས་འགུགས་པ། བི་མ་མི་ཏྲ་ལ་བརྟེན་ནས་ཚེ་ཟད་པ་བསྲིང་བ། རོམྦྷུ་གུ་ཧྱ་ལ་བརྟེན་ནས་ལྷ་འདྲེ་མཐུ་བོ་ཆེས་བརྐུས་པའི་བླ་ཚེ་འཕྲོག་པ། ཤིནྟཾ་གརྦྷ་ལ་བརྟེན་ནས་ཕ་རོལ་བན་བོན་གྱིས་བྱད་དུ་བཅུག་པའི་བླ་ཚེ་བསྡུ་བ། འབྱུང་འཇུག་གནས་གསུམ་སྔགས་ཀྱི་ངོ་བོར་རྒྱས་འདེབས་པ་ལ་སོགས་ཏེ་ཀྱད་ཆོས་དུ་མ་དང་ལྡན་པའི་ཕྱིར། ཐུགས་རྗེ་ལྡན་པའི་སློབ་དཔོན་གྱིསཿ མོས་གུས་ལྡན་པའི་སློབ་མ་ལཿ གཞུང་བཞིན་འདི་ནི་སུས་བསྐུར་བཿ འཆི་བདག་ཁ་རུ་ཚུད་ཀྱང་ཐོནཿ བྱད་དུ་བཅུག་ཀྱང་ཡ་མི་ང་ཿ དེ་ཕྱིར་སྣིང་ལས་གཅེས་པར་ཟུང་ཿ ཞེས་ཆེད་དུ་བསྔགས་པ་ཡིན་ལ། དེ་ལྟ་བུའི་ཚེ་དབང་ཟབ་མོ་བསྐུར་བར་བྱེད་པ་ལ། བདག་རྡོ་རྗེ་སློན་དཔོན་ཚེ་དབང་རིག་འཛིན་དང་། གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་ངོ་བོར་རྫོགས་པ་ལ་མཎྜལ་འབུལ་བར་མཛོད། འོ་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་གཞི་བརྟན་པར་བྱ་བ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། །རྒྱས་སྲས་ཀྱི་སྤྱོད་པ་ལ་སློ་ཕྱིར་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ། རྒྱུད་དག་པར་བྱ་པྱིར་ཡན་ལག་བདུན་གྱིས་ཚོགས་བསགས་པ་རྣམས་ཚོགས་ཆུང་དུས་དོན་ཆེན་པོ་སྒྲུབ་པར་མ་ཟད་དབང་གི་འབྲས་བུ་ཆགས་པ་ལའང་མེད་དུ་མི་རུང་བ་ལགས་པས། དེ་དག་རང་རང་གི་ཚིག་དོན་ཡིད་ལ་བརྣག་པས་འདིའི་རྗེས་ཟློས་མཛད་པར་ཞུ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལཿ དུས་གསུམ་ཞུགས་ལ་ཕྱག་འཚལ་ལོཿ མཆོག་གསུམ་བརྟེན་པའི་ཞིང་གྱུར་ལཿ གཉིས་མེད་ཡིད་ཀྱི་སྐྱབས་སུ་མཆིཿ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའིཿ དག་པའི་མཆོད་པ་བཞེས་སུ་གསོལཿ དངོས་གྲུབ་ཆུ་བོ་གཅོད་པའི་གེགསཿ ཉེས་བྱས་མ་ལུས་བཤགས་པར་བགྱིཿ ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོསཿ མ་ཆགས་སྤྱོད་ལ་རྗེས་ཡི་རང་ཿ དག་པའི་མཐའ་བཞི་དྲི་མ་མེདཿ རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོཿ བདེ་གཤེགས་དབང་ཕྱུག་སེམས་ཅན་ལཿ དགོས་པ་གསུམ་ཕྱིར་ལུས་འབུལ་ལོཿ ཚེ་རབས་བགྲངས་པའི་དགེ་བ་ཀུནཿ བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོཿ ལན་གསུམ་བརྗོད་ལ། སླར་ཡང་གསོལ་བ་གདབ་པ་འདིའི་རྗེས་ཟློས་གྱིསཿ ཞེས་བརྡ་སྦྱར་ལ། འཆི་མེད་མགོན་པོ་པདྨ་འབྱུང་ཿ སྲོག་གི་འཇིགས་པས་སྐྲག་པ་ལཿ ཐུགས་རྗེ་ཆེན་པོས་ཉེར་དགོངས་ནསཿ ཚེ་ཡི་དབང་དང་དངོས་གྲུབ་སྩོལཿ ཅེས་ལན་གསུམ་རྗེས་སུ་སློབ་མ་ནིཿ ལས་ཆུས་བསངས་ལ་གུ་རུར་བསྐྱེདཿ ༀ་མ་ཧཱ་ཤུནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨདྨ་ཀོ་ཉ་ཧཾཿ ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་ཟླའི་གདེན་གྱི་སྟེང་དུ། སློབ་མ་རྣམས་ཀྱི་གདོས་བཅས་ཤ་ཁྲག་གི་ཕུང་པོ་མི་དམིགས་པར་ནམ་མཁའ་ཚོན་རིས་བརྐ་བ་བཞིན་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་སྤྱི་གཟུགས་སྣང་ཞིང་སྲིད་པའི་ཆོས་རྣམས་ཟིལ་གྱིས་གནོན་པའི་རྣམ་འགྱུར་དང་བཅས་པའི་རིག་འཛིན་གྱི་རྒྱལ་པོ་པདྨ་འབྱུང་གནས་ཞལ་གཅིག་ཕྱག་གཉིས་པ་དཀར་ལ་དམར་བའི་མདངས་ཆགས་པ། བྱང་སེམས་ཀྱི་ཐེག་པ་རྫོགས་པའི་རྟགས་སུ་གསང་གོས་དཀར་པོ་དང་། སྔགས་ཀྱི་ཐེག་པ་རྫོགས་པའི་ཟ་བེར་མཐིང་ནག །སོ་སོར་ཐར་པ་རྫོགས་པའི་རྟགས་སུ་ཆོས་གོས་དམར་པོ་གསེར་མདོག་གི་ལེའུས་སྤྲས་པ་ཅན་ནམ་བས་པ། ཕྱག་གཡས་ཐབས་ཀྱི་རང་བཞིན་རྡོ་རྗེ་རྩེ་ལྔ་པ་གསོར་ཞིང་བསྡིགས་པའི་ཚུལ་གྱི་འཛིན་པ། གཡོན་པས་ཀ་པཱ་ལ་དུམ་བུ་གཅིག་པ་ཛ་གད་ཀྱིས་བཀང་བའི་ནང་ན། འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བལྟམས་པའི་ཚེ་བུམ་རྒྱན་ལྡན་དག་བཅས་པ་ཟུང་འབྲེལ་དུ་བསྣམས་པ། མཆན་ཁུང་གཡོན་ན་ལྷ་ལྕམ་མདྡྷའ་ར་བ་དང་འོད་ཀྱི་ཚུལ་དུ་སྐུལ་འཁྲིལ་བ། དབུ་ལ་པད་པདྨ་ཁྱ་ཕྱེས་པ་ལྟ་བུ་རྒོད་སྒྲོ་དར་སྣ་ཉི་ཟླ་རྒྱ་གྲམ་གྱིས་མཚན་པ་གསོལ་བ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། དེ་ལྟར་དུ་གསལ་བའི་སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ། །མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ། །ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་མཐིང་ཀ་གསུམ་གསལ་བ་དང་། ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་མཁའ་ཁྱབ་ཏུ་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་ནས་རིག་འཛིན་གྱི་གཙོ་བོ་པདྨ་འོད་འབར་ལ་འཁོར་རིག་འཛིན་བརྒྱད་སོགས་དཔའ་བོ་མཁའ་འགྲོ་བསམ་གྱིས་མི་ཁྱབ་པར་དང་བཅས་ཏེ་མདུན་གྱི་ནམ་མཁར་སྤྲིན་དཔུང་ཏིབས་པ་ལྟར་བྱོན་པར་གྱུར། ཅེས་བསམས་ལ། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམསཿ པདྨ་གེ་སར་སྡོང་པོ་ལཿ ཡ་མཚན་མཆོག་གི་དངོས་གྲུབ་བརྙེསཿ པདྨ་འབྱུང་གནས་ཞེས་སུ་གྲགསཿ འཁོར་དུ་མཁའ་འགྲོ་མང་པོ་དང་། རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོརཿ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིསཿ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལཿ གནས་མཆོག་འདི་རུ་བྱིན་ཕོབ་ལཿ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུརཿ བགེགས་དང་ལོག་འདྲེན་པར་ཆད་སོལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལཿ ཞེས་གསོལ་བ་བཏབ་པ་ཙམ་གྱིས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་། ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པ་སྐུའི་ཞིང་ཁམས་དག་། རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་དང་མ། འགྲོ་འདུལ་སྤྲུལ་སྐུའི་ཞིང་གི་གཙོ་བོར་གྱུར་པ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དང་། ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་སོགས་རབ་འབྱམས་རྒྱ་མཚོའི་ཞིང་ཁམས་ན་བཞུགས་པའི་སྐུ་གསུམ་རྒྱལ་བ་རྒྱ་མཚོ་འཁོར་དང་བཅས་པ་རྣམས་ཨོ་རྒྱན་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པར་རོལ་པས་སྔོན་གྱི་ཐུགས་དམ་དུས་ལ་འབབས་པ་ཇི་བཞིན། ནམ་མཁའ་ནས་བྱོན་པ་ཐམས་ཅད་ཁ་ནབ་བུ་ཡུག་འཚུབས་པ་ལྟ་བུ། བར་སྣང་ན་བྱོན་པ་ཐམས་ཅད་སྦྲང་ཆར་བབས་ལྟ་བུ། ས་གཞི་ནས་བྱོན་པ་ཐམས་ཅད་ས་རླང་བྱུང་བ་བཞིན་ས་གསུམ་གྱི་གནས་ཡོངས་སུ་གང་ཞིང་། བཛྲ་གུ་རུའི་སྒྲ་འབྲུག་སྟོང་དུས་གཅིག་ལྡིར་བ་ལྟ་བུའི་གསང་སྔགས་ཀྱི་རང་སྒྲ་དང་བཅས་ཏེ་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་བཞིན་ཁྱེད་རང་རྣམས་ཨུ་རྒྱན་ཚེ་དཔག་མེད་དུ་གསལ་བའི་ལུས་ངག་ཡིད་གསུམ་ལ་དབྱེར་མེད་དུ་ཐིམ་པའི་མོས་པ་གྱིས་ཤིག །ཅེས་བརྡ་སྦྱར་ལ། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལཿ བཛྲ་མ་ཡ་ཛཿཛཿ ཞེས་རོལ་མོའི་སྒྲ་ཆེན་པོ་དང་བཅས། དམ་ཡེ་དབྱེར་མེད་དུ་གྱུར་པའི་མོས་པ་བརྟན་པའོ་མཛོད་ཅིག །ༀ་སུ་པྲ་ཏིཥྛ་བེཾདར་ཡེ་སྭཱ་ཧཱཿ སྔགས་དེ་ལན་གསུམ་དང་། སྤྱི་བོར་རྒྱ་གྲམ་བཞག་ཚུལ་བྱས་མཐར། སྤྱི་བོར་ཚེ་དཔག་མེད་ཡབ་ཡུམཿ མཉམ་པར་སྦྱོར་བའི་མཁའ་གསང་ནསཿ བདེ་ཆེན་བྱང་སེམས་བདུད་རྩིའི་རྒྱུནཿ བབས་པས་ལུས་གང་བདེ་བས་མྱོསཿ རྡོ་རྗེའི་སྲོག་ལ་དབང་ཐོབ་དམིགསཿ ཞེས་རྒྱས་གདབ་མཐར། ཚེ་བསྐུལ་བྱ་བ་ནི། དེ་ནས་སློབ་དཔོན་ཚེ་དཔག་མེད་དུ་གསལ་བ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་དཀར་འཚེར་བ་ཐག་འཛིངས་པ་ལྟ་བུན་བུན་འཕྲོས་འོག་མིན་དག་པའི་ཞིང་ངེས་པ་ལྔ་ལྡན་རྟག་པ་རྒྱུན་གྱི་འཁོར་ལོའི་ཡོན་ཏན་དང་ཕྲིན་ལས་རིག་འཛིནདརང་སྲོང་རྣམས་ཀྱི་བསྐལ་པར་གནས་པའི་ཚེ་བཅུད། བརྟན་པ་སྣོད་ཀྱི་འཇིག་རྟེན་དང་། གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱུ་ཁམས་དག་བཀྲག་མདངས་གཟི་བྱིན་དངས་བཅུད། ཚེ་དཔལ་བསོད་ནམས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ནས་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། །མདའ་དར་ཚད་བཞག་གདུང་ཤུགས་བསྐྱེད། ༀ་རང་སྣང་ཟངས་མདོག་དཔལ་གྱི་རིཿ ལྔ་ལྡན་རང་བྱུང་ཕོ་བྲང་ནསཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེདཿ འཇའ་ལུས་རིག་འཛིན་ཚོགས་དང་བཅསཿ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངསཿ འཆི་མེད་ན་ནམ་མཁའི་བཅུད་བསྡུས་ལཿ རྣམ་ཤེས་ཁམས་ནས་ཡར་བའི་ཚེཿ དབྱིངས་ཕྱུག་རིག་པའི་ཀློང་དུ་བསྐྱིལཿ འགྱུར་མེད་སྲོག་གི་ཀ་བ་ཚུགསཿ ཚེ་མདའ་འདི་ལ་ཚད་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ ༀ་ཨཱཿཧཱུྃ་བཛྲ་མཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཚེ་བྷཱུཾ་ནྲྀ་ཛཿ སརྦ་སིདྡྷི་ཧཱུྃཿ ཧཱུྃཿ ཤར་ནས་རིག་འཛིན་ཧཱུྃ་ཀ་རཿ ཡང་དག་ཐུགས་ཀྱི་ཀློང་ནས་བཞེངསཿ འབྱུང་བ་ཆུ་ཡི་བཅུད་བསྡུས་ལཿ ཁྲག་གི་ཁམས་ནས་ཡར་བའི་ཚེཿ མཱ་མ་ཀཱི་ཡི་ཀློང་དུ་བསྐྱིལཿ འགྱུར་མེད་སྲོག་གི་ཀ་ཚུགསཿ ཚེ་མདའ་འདི་ལ་ཚད་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཚེ་བྷཱུཾ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃཿ ཏྲཱྀཿ ལྷོ་ནས་རིག་འཛིན་མཉྫུ་ཤྲཱིཿ འཇམ་དཔལ་སྐུ་ཡི་ཀློང་ནས་བཞེངསཿ འབྱུང་བས་ཡི་བཅུད་བསྡུས་ལཿ ཤ་ཡི་ཁམས་ནས་ཡར་བའི་ཚེཿ སངས་རྒྱས་སྤྱན་མའི་ཀློང་དུ་བསྐྱིལཿ འགྱུར་མེད་སྲོག་གི་ཀ་བ་ཚུགསཿ ཚེ་མདའ་འདི་ལ་ཚད་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུ་ཎྱེ་ཚེ་བྷཱུཾ་ནྲྀ་ཛཿ སརྦ་སིདྡྷི་ཧཱུྃཿ ཧྲཱིཿ ནུབ་ནས་རིག་འཛིན་ནཱ་ག་རྫུཿ པདྨ་གསུང་གི་ཀློང་ནས་བཞེངསཿ འབྱུང་བ་མེ་ཡི་བཅུད་བསྡུས་ལཿ དྲོད་ཀྱི་ཁམས་ནས་ཡར་བའི་ཚེཿ གོས་དཀར་མོ་ཡི་ཀློང་དུ་བསྐྱིལཿ འགྱུར་མེད་སྲོག་གི་ཀ་བ་ཚུགསཿ ཚེ་མདའ་འདི་ལ་ཚད་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་འཆི་མེད་པའི་དགོས་གྲུབ་སྩོལཿ ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མཧཱ་པུཎྱེ་ཚེ་བྷཱུཾ་ནྲྀ་ཛཿསརྦ་སིདྡྷིཧཱུྃཿ ཨཿ བྱང་ནས་རིག་འཛིན་པྲ་བྷ་ཧཿ ཕྲིན་ལས་ཕུར་པའི་ཀློང་ནས་བཞེངསཿ འབྱུང་རླུང་གི་བཅུད་བསྡུས་ལཿ དབགུས་ཀྱི་ཁམས་ནས་ཡར་བའི་ཚེཿ དམ་ཚིག་སྒྲ་མའི་ཀློང་དུ་བསྐྱིལཿ འགྱུར་མེད་སྲོག་གི་ཀ་བ་ཚུགསཿ ཚོ་མདའ་འདི་ལ་ཚད་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ ༀཨཱཿཧཱུྃ་བཛྲ་མ་ཧའ་གུ་རུ་འ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཚེ་བྷཱུཾ་ནྲྀ་ཛ་སརྦ་སིདྡྷིཧཱུྃཿ ཛཿཤར་ལྷོ་རིག་འཛིན་དྷ་ན་སཾཿ རོད་གཏོང་ཟིལ་གནོདན་བརྟུལ་ཞུགས་བསྐྱེདཿ ཀློང་གྱུར་ཡེ་ཤེས་ལྕགས་ཀྱུ་ཡིསཿ འཁྱབས་དང་ཡར་བའི་བླ་ཚེ་ཁུགཿ འགྱུར་མེད་སྲོག་གི་ཀ་བ་ཚུགསཿ ཚེ་མདའ་འདི་ལ་ཚད་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ ༀ་ཨཱཿཧཱུྃ་བཛྲ་མཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མཧཱ་པུཎྱེ་ཚེ་བྷྲའཾ་ནྲྀ་ཛཿ སརྦ་སིདྡྷིཧཱུྃཿ ཧཱུྃཿ ལྷོ་ནུབ་རིག་འཛིན་བི་མ་ལཿ ཚེ་ལ་དབང་བའི་བརྟུལ་ཞུགས་བསྐྱེདཿ འདའ་ཀ་ཡེ་ཤེས་ཞགས་པ་ཡིསཿ འཐོར་བ་ཁུག་ལ་ཟད་པ་སྲིངསཿ འགྱུར་མེད་སྲོག་གི་ཀ་བ་ཚུགསཿ ཚེ་མདའ་འདི་ལ་ཚད་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ ༀཨཱཿཧཱུྃ་བཛྲ་མཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཚེ་བྷཱུཾ་ནྲྀ་ཛཿསརྦ་སིདྡྷི་ཧཱུྃཿཧཱུྃཿ བཾཿ ནུབ་བྱང་རིག་འཛིན་རོམྦུ་གུཿ དྲེགས་པ་ཟིལ་གནོན་བརྡུལ་ཞུགས་བསྐྱེདཿ དབྱིངས་གྲོལ་ཡེ་ཤེས་ལྕགས་སྒྲོག་གིསཿ ལྷ་འདྲེས་བརྐུས་པའིབལ་ཚེ་ཕྲོགསཿ འགྱུར་མེད་སྲོག་གི་ཀ་བ་ཚུགསཿ ཚེ་མདའ་འདི་ལ་ཚད་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ ༀ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་ཚེ་བྷཱུཾ་ནྲྀ་ཛཿ སརྦ་སིདྡྷིཧཱུྃཿ ཧོཿ བྱང་ཤར་རིག་འཛིན་ཤཱིནྟཾ་གྷ་རཿ མངོན་སྤྱོད་དམོད་པའི་བརྟུལ་ཞུགས་བསྐྱེདཿ མཐའ་གྲོལ་ཡེ་ཤེས་དྲིལ་བུ་ཡིསཿ བྱང་དུ་བཅུག་པའི་བླ་ཚེ་སྡུསཿ འགྱུར་མེད་སྲོག་གི་ཀ་བ་ཚུགསཿ ཚེ་མཛའ་འདི་ལ་ཚར་ཅིག་སྟོནཿ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུརཿ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལཿ ༀཨཱཿཧཱུྃ་བཛྲ་མཧཱ་གུ་རུ་ཨཱ་ཡུརྫྙཱ་ན་མཧཱ་པུཎྱེ་ཚེ་བྷཱུཾ་ནྲྀ་ཛཿ སརྦ་སིདྡྷི་ཧཱུྃཿ སོགས། ཞེས་བཀུག་ཚེ་པྲ་བརྟགས་པའི་རྗེས། ཅེས་གདབ་ཚེ་མདང་དྲག་པོར་བསྲངསཿ ཚེ་དབང་བསྐུར་བ་དངོས་ནི། བུམ་པ་ཐོགས་ཏེ། བུ་མི་པ་འདི་ཉིད་ཕྱི་རིན་པོ་ཆེའི་བུམ་པའི་དབྱིབས་ལ། ནང་འགྱུར་བ་མེད་པའི་རྡོ་རྗེའི་ཕོ་བྲང་དུ་ཨོ་རྒྱན་ཚེ་དཔག་ཏུ་མེད་པའི་ལྷ་ཙོགས་མངོན་སུམ་བཞིན་གསལ་བའི་སྐུ་ལས་ཆི་མེད་ཚེའི་བདུད་རྩིའི་རྒྱུན་ཆེན་པོ་བབས་པ། སློབ་མ་རྣམས་ཀྱི་སྤྱི་བོ་ནས་ཞུགས་པས། ལུས་ཡོངས་སུ་གང་ཞིང་འཆི་མེད་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། ཧྲཱིཿ སྣང་སྲིད་གཞོན་ནུ་བུམ་པའི་སྐུཿ སྐྱེ་འཆི་བྲལ་བའི་བཅུད་ཀྱིས་གཏམསཿ སྐལ་ལྡན་བུ་ལ་དབང་བསྐུར་བསཿ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོགཿ ཅེས་ཚེ་འཛབ་དང་། ཀཱ་ཡ་ཨབྷི་ཥེཉྩ་ༀཿ བུམ་ཆུ་སྦྱིན་མཐར། ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག །མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག །མི་ནུབ་པ་རྒྱལ་མཚོན་ལྟ་བུར་གྱུར་ཅིག །ཚེ་སྲོག་རྡོ་རྗེ་བྲ་རེ་བས་སྲ་ཞིང་བརྟན་པ་ལ་མངའ་བརྙེས་པར་གྱུར་ཅིག །ༀ་ཨཱཿཧཱུྃ་བཛྲ་མཧའ་གུ་རུ་ཨཱ་ཡུརྫྙཱ་ན་མ་ཧཱ་པུཎྱེ་ཚེ་བྷཱུཾ་ནྲྀ་ཛཿ སརྦ་སིདྡྷི་ཧཱུྃཿ ཚེ་གཟུངས་བརྗོད། ཚེ་ཆང་བྱིན་པ་ནི། ཚེ་ཆང་འདི་ཉིད་ངོ་བོ་འཛི་མེད་མངོན་པོ་སྟངས་དཔྱལ་གྱི་བྱང་སེམས་བདུད་རྩིའི་རང་བཞིན་ཡིན་པ་ཁྱེད་རང་གི་ངག་ཏུ་བླུད་པ་ཙམ་གྱིས་བདེ་སྟོང་འགྱུར་བ་མེད་པའི་དངོས་གྲུབ་ཐོབ་པའི་མོས་པ་མཛོདཿ ཅེས་བརྗོད་ལ། ཧྲཱིཿ བདེ་ཆེན་ཡུམ་ལྔའི་བྷནྡྷ་རུཿ འཆི་མེད་བྱང་སེམས་བདུད་རྩིར་འཁྱིལཿ སྐལ་ལྡན་བུ་ལ་བྱིན་པ་ཡིསཿ སྐྱེ་འཆི་མེད་པའི་དབང་ཐོབ་ཤོགཿ རྩ་སྔགས་དང་། ཝཱཀྐ་ཨ་བྷི་ཥི་ཉྩཨཿ ཅེས་བརྗོད་ཅིང་ཚེ་ཆང་བྱིན་ནས། ཚེ་དབང་དུ་གྱུར་ཅིགཿ སོགས་གོང་ལྟར་བརྗོད་ཅིང་། ཚེ་རིལ་སྦྱིན་པ་ནི། ཚེ་རིལ་འདི་ཉིད་འཁོར་འདས་སྣང་སྲིད་ཡོངས་ཀྱི་ཚེ་བསོད་དཔལ་འབྱོར་བཅུད་དུ་དྲིལ་བའི་རྫས་མཆོག་ཏུ་དམིགས་ཏེ། ཁྱེད་རང་གི་མགྲིན་པའི་ལམ་དུ་བསྟིམ་པ་ཙམ་གྱིས་རྡོ་རྗེའི་སྲོག་ལ་དབང་ཐོབ་པའི་མོས་པ་མཛོད། ཅེས་བརྗོད་ལ། ཧྲཱིཿ བརྟན་གཡོའི་ཁམས་དང་སྟོབས་བཅུའི་དཔལཿ ཡོངས་ཀྱི་བུད་འདུས་ཤེའི་རིལ་བུཿ རིགས་ཀྱི་བུ་ལ་སྦྱིན་པ་ཡིསཿ རྡོ་རྗེའི་སྡོག་ལ་དབག་ཐོབ་ཤོགཿ ༀ་ཨཱཿༀ་བཛྲ་བཧའ་གུ་རུ་ཨཱ་ཡུཛྙཱ་ན་མཧཱ་པུཎྱེཚེ་བྷཱུཾ་ནྲྀ་ཛཿ སརྦ་སིདྡྷི་ཧཱུྃཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿ ཞེས་བརྗོད་ཅིང་ཚེ་རོལ་བྱིན། ཚེ་དབང་དུ་གྱུར་ཅིག །དབང་དངོས་གྲུབ་ཏུ་གྱུར་ཅིག །ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག །མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག །མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག །ཚེ་སྲོག་རྡོ་རྗེའི་བྲག་རི་བས་སྲ་ཞིང་བརྟན་པ་ལ་མངའ་བརྙེས་པར་གྱུར་ཅིག །ཚེ་གཟུངས་བཟླས་མཐར་སྤྲོ་ན་ཚེ་བསྐུལ་རྒྱས་པ་བྱ་ཞིང་། དེ་ལྟར་མི་སྤྲོ་ན་ཚོ་མདའ་ཐོགས་ལ། ཧྲཱྀཿ ལྷ་དང་རིག་འཛིན་ཚེ་ཡི་བདགཿ ཅིས་ཀྱང་མི་ཆོད་མི་ཤིགས་པའིཿ ཚེ་སྲིང་བླ་ཁུག་རྒྱས་ཐོབ་ལཿ འཆི་མེད་ཚེ་དབང་འདིར་སྩོལ་ཅིག །ཚེ་གཟུངས་བཟླ་བཞིན་ཚེ་མདའ་མགོར་བཞག །ཚེ་དབང་དུ་གྱུར་ཅིག །སོགས་གོང་ལྟར་ལ། ཨཱཿ འབྱུང་ལྔའི་དབྱིངས་སུ་འཁྱམས་པའི་ཚེཿ ཡུམ་ལྔའི་ཀློང་དུ་རྒྱས་བཏབ་པསཿ ཡེ་ཤེས་ལྔ་ལ་སྐྱེ་འཆི་མེདཿ སྐུ་ལྔའི་དབྱིངས་སུ་ཚེ་སྦས་པཿ རིགས་ལྔའི་རྒྱལ་བས་ཀྱང་མི་གཟིགསཿ དྷརྨཱདྷརྟུ་བཛྲ་རཀྵཿས་རྒྱས་གདབ། སྤྲོ་ན་བཀྲ་ཤིས་རྫས་རྟགས་ཀྱིས་མངའ་གསོལ། གཞན་བཀྲ་ཤིས་ཅི་རིགས་པར་བརྗོད་ཅིང་། དེ་ནས་དམ་ཚིག་གི་རིམ་པ་རྣམས་ཚུལ་བཞིན་དུ་སྙམ་པས་འདི་ཡི་རྗེས་ཟློས་གྱིས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། དེ་དག་ཐམས་ཅད་བདག་གིས་བགྱི། ལན་གསུམ་མཐར། དེ་ལྟར་ཚེའི་དབང་བསྐུར་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་ཏདུ་མཎྜལ་ཕུལ། ཞེས་འབུལ་བཅུག །དེ་ལྟར་ཚེ་ཡི་དབང་བསྐུར་ལེགས་པར་གྲུབ་པའི་དགེ་བ་འདིས་མཚོན་པའི་དུས་གསུམ་བསགས་ཡོད་ཀྱི་དགེ་བ་རྣམས་མཁའ་མཉམ་སེམས་ཅན་གྱི་དོན་དུ་བསྔོ་བར་ཞུ། ཞེས་མཐའ་རྒྱས་སུ་བྱའོ། །ཚེ་དབང་བརྒྱ་རྩ་གྲངས་གསོག་ན། དང་པོ་མཎྜལ། འཆི་མེད་མགོན་པོ་པདྨ་འབྱུང་ཿ གིས་གསོལ་གདབ། སློབ་མ་ལྷར་བསྐྱེད། ཡེ་ཤེས་དབབ། ཚེ་བསྐུལ། ཚེ་བུམ། ཚེ་ཆང་། ཚེ་རིལ། རྒྱས་གདབ་བཀྲ་ཤིས་བཅས་བསག་ཚུལ་ཟུར་བཀོལ་ལྟར་རོ། འདིར་སྨྲས་པ། སྙིང་དུས་འགྲོ་བའི་སྐྱབས་གཅིག་པད་འབྱུང་དང་། དབྱེར་མེད་མཀྱེན་བརྩེའི་འོད་ཟེར་འཇིགས་མེད་གླིང་། །གང་དེའི་དགོངས་གཏེར་ནམ་མཁའི་མཛོད་ཆེན་ལས། །ལེགས་བྱུང་ཚེ་སྒྲུབ་བདུད་རྩི་བུམ་བཅུད་རྨད། །དེ་ཡི་སྨིན་བྱེད་ཁྲིགས་སུ་བསྡེབས་པ་འདི། །རྒྱ་མཚོ་འཇིང་ལས་ཡིད་བཞིན་དབང་པོ་མཆོག །ལེགས་བཏོན་སྐལ་བཟང་དད་ལྡ་སྐྱེས་མཆོག་གི། །གཙུག་གི་རྒྱན་དུ་བྱིན་གྱིས་དད་པ་དང་། །དངས་པའི་སེམས་ཀྱིས་ལོངས་ལ་གདུལ་བྱའི་འགྲོའི། །ཚེ་སྲོག་ཉམས་པ་གསོ་བའི་སེམས་བསྐྱེད་ཀྱིས། །འདིར་བརྩོན་ཐབས་མཆོག་བླ་ན་མེད་པ་འདིས། །ཀུན་ཀྱང་འཆི་བའི་འཇིགས་ལས་དབུགས་འབྱིན་ཤོག །ཅེས་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ཚེ་སྒྲུབ་བདུདད་རྩི་བུམ་བཅུད་ཀྱི་ཚེ་དབང་བསྐུར་ཐབས་དོན་གཉིས་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ་འདི་ཉིད་བླ་མ་རྡོ་རྗེ་འཛིན་པ་འཇིགས་མེད་ཤཱཀྱ་སེང་གེས་བསྐུལ་ངོར་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་སྤེལ་བས་ཡེ་གེ་པ་ནི་དད་ལྡན་སངས་རྒྱས་བཟང་པོའམ་སངས་རྒྱས་འོད་གསལ་གྱིས་བགྱིས་པའི་དགེ་བས་འགྲོ་རྣམས་འཆི་མེད་མགོན་པོའི་དཔལ་ཡོན་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །དགེའོ། སརྦ་མངྒ་ལཾ།། །།


previousརིག་འཛིན་ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་ཚེ་དབང་བསྐུར་ཐབས་དོན་གཉིས་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོ།next