Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་གསོལ་འདེབས་བདེན་པ་གཉིས་ཀྱི་མྱུ་གུ་དངོས་གྲུབ་འབྱུང་གནས།
   
   
   
   
   
   
   
   
   
   
   
   


 
previousཡེ་ཤེས་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་གསོལ་འདེབས་བདེན་པ་གཉིས་ཀྱི་མྱུ་གུ་དངོས་གྲུབ་འབྱུང་གནས།next

ཡེ་ཤེས་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་གསོལ་འདེབས་བདེན་པ་གཉིས་ཀྱི་མྱུ་གུ་དངོས་གྲུབ་འབྱུང་གནས།

༄༅། །ཡེ་ཤེས་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་གསོལ་འདེབས་བདེན་པ་གཉིས་ཀྱི་མྱུ་གུ་དངོས་གྲུབ་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཧཱུྃ། བདེ་སྟོང་སྤྲོས་དང་བྲལ་བའི་ཕོ་བྲང་ནས། །ཆོས་སྐུའི་སྟོན་པ་ཀུན་བཟང་ཡབ་ཡུམ་ལ། །གཉིས་མེད་འཛིན་བྲལ་ངང་ནས་གསོལ་བ་འདེབས། །གཞོན་ནུ་བུམ་པའི་སྐུ་རུ་བྱིན་གྱིས་རློབས། །སྣང་སྟོང་ལྷུན་གྱིས་གྲུབ་པའི་ཕོ་བྲང་ནས། །ལོངས་སྐུའི་སྟོན་་རིགས་ལྔ་སྟངས་དཔྱལ་ལ། །ཟུང་འཇུག་བདེ་ཆེན་ངང་ནས་གསོལ་བ་འདེབས། །མཐའ་བྲལ་ལོངས་སྤྱོད་རྫོགས་སྐུར་བྱིན་གྱིས་རློབས། །གསལ་སྟོང་རོལ་རྩལ་འགག་མེད་ཀློང་ཡངས་ནས། །ཐུགས་རྗེ་སྤྲུལ་སྐུའི་སྟོན་པ་བསམ་ཡས་ལ། །རྣམ་གསུམ་དད་པའི་ངང་ནས་གསོལ་བ་འདེབས། །གང་འདུལ་སྤྲུལ་པའི་སྐུ་རུ་བྱིན་གྱིས་རློབས། །འོག་མིན་པདྨ་འོད་ཀྱི་ཕོ་བྲང་དུ། །སྟོན་པའི་ཞལ་སྐྱིན་པདྨ་འབྱུང་གནས་ལ། །བཀའ་དྲིན་དྲན་པའི་ངང་ནས་གསོལ་བ་འདེབས། །འགྱུར་མེད་རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །གནས་ཡུལ་དུར་ཁྲོད་མཁའ་སྤྱོད་ཡོངས་ཀྱི་བདག །རྡོ་རྗེ་ཕག་མོཛྙཱ་ན་ས་ཀ་རར། །བཅུ་དྲུག་དགའ་བའི་ངང་ནས་གསོལ་བ་འདེབས། །བདེ་སྟོང་གཉིས་འཛིན་བྲལ་བར་བྱིན་གྱིས་རློབས། །རྒྱལ་ཀུན་བསྐྱེད་ཡུམ་མཁའ་འགྲོའི་གསང་གསུམ་ན། །གདན་གསུམ་ཡོངས་རྫོགས་དམ་པ་རིགས་བརྒྱའི་ལྷ། །དངོས་འཛིན་ཞེན་བྲལ་ངང་ནས་གསོལ་བ་འདེབས། །ལྷ་ཚོགས་རོ་གཅིག་རྟོགས་པར་བྱིན་གྱིས་རློབས། །ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་རྗེ། །རྩ་གསུམ་མྱུ་གུ་མཁྱེན་བརྩེའི་འོད་ཟེར་ལ། །དད་དམ་གོང་འཕེལ་ངང་ནས་གསོལ་བ་འདེབས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །འགྲོ་ཕན་སྙིང་རྗེ་ཀུན་ཁྱབ་ཀློང་ཡངས་ནས། །འཇིགས་མེད་ཕྲིན་ལས་འོད་ཟེར་དཔལ་འབར་ལ། །དམ་ཚིག་རྒྱུན་ལྡན་ངང་ནས་གསོལ་བ་འདེབས། །རབ་འབྱམས་ཕྲིན་ལས་འགྲུབ་པར་བྱིན་གྱིས་རློབས། །ཁ་སྐོང་ནི། རླབས་ཆེན་འགྲོ་འདུལ་སྤྱོད་པའི་ཀློང་ཡངས་ནས། །རིག་འཛིན་འཇིགས་མེད་རྒྱལ་བའི་མྱུ་གུ་ལ། །རྣམ་ཐར་རྗེས་དྲན་ངང་ནས་གསོལ་བ་འདེབས། །ཕྱོགས་མེད་འགྲོ་དོན་ནུས་པར་བྱིན་གྱིས་རློབས། །རབ་འབྱམས་ཆོས་ཚུལ་རྒྱ་མཚོའི་ཕོ་བྲང་ནས། །འཇམ་དཔལ་རྡོ་རྗེ་མདོ་སྔགས་གླིང་པའི་ཞབས། །སྒོ་གསུམ་ཟོལ་མེད་ངང་ནས་གསོལ་བ་འདེབས། །ཟབ་ལམ་མཐའ་རུ་འཁྱོལ་བར་བྱིན་གྱིས་རློབས། །མི་འབྲལ་བདེ་ཆེན་འཁོར་ལོའི་ཟུར་ཕུད་ནས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །ཁྱེད་ཤེས་མོས་པའིངང་ནས་གསོལ་བ་འདེབས། །དགོངས་བརྒྱུད་བདུད་རྩིས་འཚོ་བར་བྱིན་གྱིས་རློབས། །རྡོ་གྲུབ་བསྟན་ཉིས་མཛད་པ། །གསོལ་བཏབ་ཐུགས་རྗེས་འཁོར་འདས་ཆོས་སོ་ཅོག །ཀུན་རྫོབ་སྒྱུ་མའི་དཔེ་བརྒྱད་རྣམ་རོལ་ཀྱང་། དོན་དམ་བདེ་གཤེགས་སྙིང་པོར་ཡོངས་བཟླུམ་པ། མྱང་འདས་མཐའ་བྲལ་དོན་གྱི་དབུ་མ་མཆོག །ཕྱག་རྫོགས་དབྱེར་མེད་ཡེ་ཤེས་མཁའ་འགྲོའི་ཞལ། །མངོན་སུམ་མཐོང་ནས་མཐའ་ཡས་འགྲོ་བ་ཀུན། །བདག་མེད་ལྷ་མོ་མཚོ་རྒྱལ་རྣལ་འབྱོར་མའི། །གོ་འཕང་མཆོག་ལ་འགོད་ནུས་དཔལ་ཐོབ་ཤོག །ཅེས་ཡེ་ཤེས་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་གསོལ་བདེབས་བདེན་པ་གཉིས་ཀྱི་མྱུ་གུ་དངོས་གྲུབ་འབྱུང་གནས་བྱ་བ་འདི་ཉིད་དད་དམ་ཐོས་པའི་ནོར་ལྡན་ཡོ་གི་ས་མནྟབྷ་དྲདྷརྨཱ་དཱི་དང་། སྔོན་ལས་དགེ་བའི་བག་ཆགས་དུས་སུ་སྨིན་པ་རང་ཉིད་ཀྱི་ཚ་མོ་ཚོགས་གཉིས་དབང་མོ་ཟུང་གིས་ནན་བསྐུལ་ངོར། །རྣལ་འབྱོར་པ་ཀུན་བཟང་གཞན་ཕན་གྱིས་མཉམ་བཞག་གི་སྒྲོམ་ནས་རྗེས་ཐོབ་ཀྱི་སྣང་ཆར་སྤེལ་བའི་ཡི་གེ་པ་ནི་འགྱུར་མེད་ཡེ་ཤེས་ཀྱིས་བགྱིས་པ་ཡོངས་སུ་དགེ་བར་གྱུར་ཅིག །སརྦ་མངྒ་ལཾ།། །།


previousཡེ་ཤེས་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་གསོལ་འདེབས་བདེན་པ་གཉིས་ཀྱི་མྱུ་གུ་དངོས་གྲུབ་འབྱུང་གནས།next