Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀློང་ཆེན་སྙིང་ཐིག་གི་ཆ་ལག་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་འདྲེན་རྣམ་གྲོལ་ལམ་བཟང་།
   
   
   
   
   
   
   
   
   
   
   


 
previousཀློང་ཆེན་སྙིང་ཐིག་གི་ཆ་ལག་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་འདྲེན་རྣམ་གྲོལ་ལམ་བཟང་།next

ཀློང་ཆེན་སྙིང་ཐིག་གི་ཆ་ལག་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་འདྲེན་རྣམ་གྲོལ་ལམ་བཟང་།

༄༅། །ཀློང་ཆེན་སྙིང་ཐིག་གི་ཆ་ལག་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་འདྲེན་རྣམ་གྲོལ་ལམ་བཟང་བཞུགས་སོ། །

ན་མོ་གུ་རུ་ལོ་ཀི་ཤྭ་རཱ་ཡེ། རྒྱལ་ཀུན་བྱམས་བརྩེའི་རྣམ་རོལ་སྤྱན་རས་གཟིགས། །གང་དང་རྣམ་དབྱེར་མ་མཆིས་མཁྱེན་བརྩེའི་ལྔ། །སྙིང་དབུས་དད་བརྒྱའི་པདྨོའི་གེ་སར་སྟེང་། །འབྲལ་མེད་རྟག་པར་བཞུགས་ལ་བྱིན་གྱིས་རློབས། །དེ་ཡང་གཤིན་པོ་རིགས་དྲུག་གྲོང་ཁྱེར་ནས། །བདེ་ཆེན་ཐར་པའི་གོ་སར་དབུགས་དབྱུང་ཕྱིར། །གནས་འདྲེན་ཆོ་ག་རྣམ་གྲོལ་ལམ་བཟང་མཆོག །སྤེལ་ལ་ཕྱག་ན་པདྨོས་བྱིན་ནུས་སྩོལ། །དེ་ལ་ཐོག་མར་སྡུག་བསྔལ་རང་གྲོལ་གྱི། །ཆོ་ག་དཀྱུས་བཞིན་འཛབ་བཟླས་བསྟོད་པ་བཅས། །གྲུབ་རྗེ་རིགས་དྲུག་དལ་དུ་ཐུབ་དྲུག་དང་། །སོ་བོན་དྲུག་བཀོད་གཞན་ཡང་སྦྱོང་ཆས་དང་། །རིགས་དྲུག་སོ་སོའི་ལན་ཆགས་གཏོར་མ་དྲུག །ཁྲུས་བུམ་དབང་རྫས་གཞུང་ལྟར་ལེགས་བཀོད་ནས། །གཤིན་གྱི་མིང་བྱང་ཆས་ལྡན་ཟས་བསྔོའི་རྫས། །མ་ཚང་མེད་པར་འདུ་བྱ་བཤམས་ཏེ་བཞག །དེ་ནས་བྱམས་བརྩེའི་ངང་ནས་འདི་བཞིན་བརྗོད། །ཧྲཱིཿ བདག་ཉིད་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི། །ཐུགས་ཀའིཧྲཱིཿལས་འོད་ཟེར་རབ་འཕྲོས་པས། །ཚེ་འདས་རྣམ་ཤེས་འཇིག་རྟེན་བདུན་པོའི་ཡུལ། །གང་ལ་གནས་ཀྱང་བཀུར་སྟེ་གཟུགས་ལ་བསྟིམ། །ཞེས་བསམ་ཏིང་འཛིན་ཡེངས་མེད་སྟོབས་ཀྱིས་བཀུག །ན་མོ། མཆོག་གསུམ་རྩ་གསུམ་ཀུན་འདུས་ཐུགས་རྗེའི་ལྷ། །སྡུག་བསྔལ་རང་གྲོལ་སྤྱན་རས་གཟིགས་དབང་གི། །བདེན་པའི་སྟོབས་ཀྱིས་ཚེ་འདས་རྣམ་ཤེས་དེཿ མྱུར་བ་ཉིད་དུ་མཚན་བྱང་འདི་ལ་ཁུག །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཚེ་ལས་འདས་པ་ཨཾ་ཀུ་ཤཱ་ཡ་ཛ་ཛཿ མདུན་དུ་དུལ་བའི་ཚུལ་གྱིས་བག་ཕེབས་གྱུར། ཧྲཱིཿ འདི་སྣང་ལས་ཏལ་ཚེ་འདས་ཁྱོད་ཉོན་ཅིག །རིགས་དྲུག་གར་སྐྱེས་སྡུག་བསྔལ་འཛིན་ཁྲིའི་གནས། །དེ་ལས་འདོན་ཕྱིར་གཟུགས་མིང་ཡིད་ཆགས་རྫས། །སྒོ་གསུམ་རྟེན་རྫས་འདི་ལ་བརྟན་པར་བཞུགས། །ནྲྀཿཛཿཧཱུྃ་བཾ་ཧོཿ ཏིཥྛནྟུ། ཞེས་བརྗོད་བརྟན་པར་བཞུགས་ནས་ཆོས་ཉན་མོས། བགེགས་གཏོར་བསང་སྦྱངས་བྱིན་རླབས་སྔོན་འགྲོ་བྱ། །ཧྲཱིཿ འཁོར་བར་འཁོར་ཚེ་ལན་ཆགས་ཤ་མཁོན་རྒྱུས། བསྐྱེད་པའི་ཟ་འདྲེ་ཤི་གཤེད་སྲོག་གཅོད་དང་། །དབུགས་ལེན་གཤིན་དུ་བརྫུ་བའི་རིགས་རྣམས་ཀུན། །གླུད་འདི་ལོངས་ལ་གཞན་དུ་དེངས་ཤིག་ཕཊཿ ཚམ་རྔམ་དྲག་པོས་གཏོར་མ་ཕྱིར་བཏང་ཞིང་། །ཧཱུྃ་བཞིའི་སྔགས་དང་དྲག་སྔགས་སོ་ལྔའི་གཤམ། །ཟ་འདྲེ་ཤིག་ཤེད་ཐམས་ཅད་ཨུ་ཙནྜཱ་ཡ་མཱ་ར་ཡ་ཕཊཿ ཅེས་བརྗོད་གཤིན་འདྲེ་བྲལ་བའི་མོས་པ་དང་། །ཚེ་འདས་སྒོ་གསུམ་གུས་པས་འདི་སྐད་ཅིས། །ཞུ་ཞིང་གསོལ་བ་འདེབས་པའི་དམིགས་འདུན་གྱིས། །ཧོཿ སྐྱབས་གནས་ཀུན་འདུས་བླ་མས་སྤྱན་རས་གཟིགས། །སྐྱབས་མེད་བདག་སོགས་ཐུགས་རྗེས་སྐྱས་ཏུ་གསོལ། །རིགས་དྲུག་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས། །བསྒྲལ་ནས་ཐར་པའི་སྐམ་སར་དྲང་དུ་གསོལ། །ལན་གསུམ་ཞུ་རྗེས་བླ་མ་ཡིསཿ ཧཱུྃཿ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཐོབ་དཀའི་མི་ལུས་ཐོབ་ལགས་ཀྱང་། །མི་རྟག་འཆི་བ་དབང་བཙན་པས། །རྣམ་ཤེས་ཕ་རོལ་གནས་སུ་འཁྱམས། །འདུས་བྱས་གཟུགས་ཕུང་ཤུལ་དུ་ལུས། །ལས་ངན་བག་ཆགས་རླུང་གིས་སྦྲིབས། །དཀར་ནག་རྣམ་སྨིན་སྔོན་ནས་བསྒུགས། །གཤིན་རྗེའི་ཕོ་ཉས་དབང་མེད་ཁྲིད། །མི་འདོད་ངན་སོད་གླིང་གསུམ་སྙོགས། །སྡུག་བསྔལ་བཟོད་དཀའ་ཡ་རེ་ང་། །དེ་དག་རང་བྱས་ལས་འབྲས་ཡིན། །དོན་ལ་རང་སྣང་མཐུ་རྟས་པས། །ཐོ་ཡོར་མི་དང་ཐག་ཁྲར་སྦྲུལ། །འཁྲུལ་ངོར་སྣང་བཞིན་ཤེས་མཛོད་ལ། །རང་རིག་ཡེངས་མེད་ངང་ཉིད་ལས། །ལྷ་དང་བླ་མར་གསོལ་བ་ཐོབ། །ལན་གསུམ་བརྗོད་ཅིང་ཚེ་འདས་ཀྱིས། །བརྗོད་པར་བསམ་རྗེས་ཨ་དཪྴར། །མཚན་བྱང་ཤར་བ་བཀུར་བྱ་ཞིང་། །ཧཱུྃ། འདི་ནི་བྱམས་དང་བརྩེ་བའི་འཕྲུལ། །སྤྲུལ་སྐུའི་རོལ་རྩལ་ཆུ་རྒྱུན་གྱིས། །ཁྱོད་ཀྱི་ཕུང་ཁམས་སྐྱེས་མཆེད་ཀྱི། །མ་དག་སྒྲིབ་ཚོགས་དག་གྱུར་ཅིག །ༀ་མ་ཎི་པདྨེ་ཧཱུྃ། ཚེ་འདས་ཀྱི་ཤེ་འཁོར་བ་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིག་ཐམས་ཅད་སརྦ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཧཱུྃ། འདི་ནི་ལྷུན་གྲུབ་དབྱིངས་སྣང་རྩལ། །འགགས་མེད་ལོངས་སྐུའི་ཆུ་རྒྱུན་གྱིས། །ཁྱོད་ཀྱི་རྣམ་ཤེས་ཚོགས་བརྒྱད་ཀྱི། །མ་དག་སྒྲིབ་ཚོགས་དག་གྱུར་ཅིག །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ༀ་ཧཱུྃ་ཏྲཾ་ཧྲཱིཿཨཱཿ ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སརྦ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། ཧཱུྃ། འདི་ནི་ཀ་དག་སྤྲོས་བྲལ་གདངས། །གཞོན་ནུ་བུམ་སྐུའི་ཆུ་རྒྱུན་གྱིས། །ཁྱོད་ཀྱི་ལྷན་སྐྱེས་ཀུན་བརྟགས་ཀྱིས། །མ་དག་སྒྲིབ་ཚོགས་དག་གྱུར་ཅིག །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བུདྡྷ་ཛྙཱ་ན་དྷ་རྨ་དྷརྟུ་ཨཱཿ ཚེ་འདས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སརྦ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། དེ་ལྟར་སྔགས་གསུམ་བཟླས་པ་དང་། །ཆགས་ཅིག་ལས་བུ་མ་ཆུ་ཡིས་བཀྲུ། །དེ་ནས་དུག་དབྱུང་བྱ་བ་ནི། ཧཱུྃ། མ་རིག་རྩལ་སྣང་འོད་ལྔ་པོ། །བདག་གིར་བཟུང་ལ་རབ་འཐས་པས། །ཕྱི་ནང་འབྱུང་བ་ལྔ་ཕྲག་ཟུང་། །དུག་ལྔའི་སྐྱེ་མཆེད་སྐྱེ་ཡུལ་གྱི། །ཕ་མ་ཇི་བཞིན་གྱུར་པའི་དུག །ལྔ་སྔགས་ཏིང་འཛིན་རོལ་རྩལ་གྱིས། །དུག་ཕྱུང་དུག་ལྔའི་སྒྲིབ་ཚོགས་ཀུན། །འབྱུང་བ་སོ་སོའི་དབྱིངས་སུ་དག །དུག་འཛིན་མཁའ་ལྟར་སྟོང་གྱུར་ཅིག །བྱེ་མ་བྲལ་བ་ཡིག་དྲུག་མཐར། །ཚེ་འདས་ཀྱི་ཚེ་འཁོར་ག་ཐོག་མ་མེད་པ་ནས་དུས་གསུམ་ཀུན་ཏུ་དགུ་ལྔའི་སོག་ནས་བསགས་པའི་སྡིག་བསྒྲིབ་ཐམས་ཅད་སརྦ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། གོང་གི་ཁྲུས་སྔགས་གསུམ་པོ་དང་། །འོག་གི་དུག་སྦྱང་སྔགས་དང་བཅས། །སོ་སོའི་སྐབས་སུ་གསུམ་གསུམ་བཟླ། །དེ་ནས་རིགས་དྲུག་གནས་འདྲེན་ནི། །མཚན་བྱང་རིམ་བཞིན་སྤོ་བ་དང་། །གཏོར་མ་དྲུག་ཀྱང་བཤམས་ནས་སུ། །འགྲོ་དྲུག་རིགས་ལ་རིམ་བཞིན་འབུལ། །དང་པོ་དམྱལ་བའི་སྒྲིབ་སྦྱང་ནི། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར། །ཚེ་འདས་ཞེ་སྡང་ལས་བསགས་པའི། །ལན་ཆགས་ཤ་མཁོ་ན་སྦྱང་ཕྱིར་བསྔོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། །ཞེས་བརྗོད་གཏོར་མ་བསྔོ་འཕྲལ་དུ། །དམྱལ་བའི་ཐུབ་པའི་དབང་བསྐུར་ཏེ། ཧཱུྃ། ཞེ་སྡང་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །དམྱལ་བའི་ཐུབ་པ་མེ་ཆུའི་ཕྱག་མཚན་བསྣམས། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །མི་བསྐྱོད་རྡོ་རྗེའི་གསང་གསུམ་དབང་ཐོབ་ཤོག །ༀ་མུ་ནེ་ཡེ་སྭཱ་ཧཱ། ༀ་ད་ཧ་ད་ཧ་སརྦ་ན་རཀ་ག་ཏེ་ཧེ་ཏུ་ན་ཧཱུྃ་ཕཊཿ ཅེས་བརྗོད་ཚེ་འདས་ཀྱིས་སེམས་དང་རང་གི་སེམས། །བསྲེ་བཞིན་དམྱལ་བ་དོང་ནས་སྦྲུགས་པར་བསམ་ཞིང་། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སེམས་ཉིད་བདག་མེད་བདག་ཏུ་བཟུང་སྐྱོན་དང་། །སྣང་བ་གཞན་མེད་གཞན་བཟུང་སྡང་ཞེན་འབྲས། །ཚ་གྲང་དམྱལ་བའི་སྣོད་བཅུད་ཞེ་རེ་འཇིགས། །དོན་ལ་རང་སེམས་འཁྲུལ་པ་ཡིན་པའི་ཕྱིར། །འཁྲུལ་སྣང་རྨི་ལམ་སད་པའི་གནས་སྐབས་ལྟར། །ཤེས་པར་གྱིས་ལ་དམྱལ་གནས་སྤང་བར་མཛོད། །ཅེས་བརྗོད་མཚན་བྱང་གནས་སྤོ་བགེགས་གཏོར་བཏང་། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར། །ཚེ་འདས་སེར་སྣས་ལས་བསགས་པའི། །ལན་ཆགས་ཤ་མཁོན་སྦྱང་ཕྱིར་བསྔོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་བཤོ་ཁ་འབར་དབང་བསྐུར་བ། ཧཱུྃ། སེར་སྣ་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །ཡི་དྭགས་ཐུབ་པ་སྒྲོམ་བུའི་ཕྱག་མཚན་ཅན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །སྣང་བ་མཐའ་ཡས་གསང་གསུམ་དབང་ཐོབ་ཤོག །ༀ་མུ་ཧེ་ཀྵཾ་སྭཱ་ཧཱ། ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུ་ན་ཧཱུྃ་ཕཊཿ ཅེས་བརྗོད་ཡི་དྭགས་འཁོར་བ་དོང་སྤྲུགས་བསམ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །བདག་མེད་རྣམ་གཉིས་མ་རྟོགས་འཁྲུལ་དབང་གིས། །སེར་སྣའི་ལས་བསགས་ཡི་དྭགས་ཡུལ་དུ་སྐྱེས། །བཀྲེས་སྐོམ་སྡུག་བསྔལ་བཟོད་དཀའ་ཡ་རེང་། །དེ་ཡང་རྨི་ལམ་སྐབས་ལྟར་ཤེས་མཛོད་ལ། །པྲེ་ཏའི་ཡུལ་སྤོང་ཐར་ལམ་ཞིང་ཁམས་སྙོགས། །ཞེས་བརྗོད་མཚན་བྱང་གནས་སྤོ་བགེགས་གཏོར་བཏང་། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་དགུ་ཕན་ཚོགས་གཏེར། །ཚེ་འདས་བཀོལ་སྤྱོད་ལས་བསགས་པའི། །ལན་ཆགས་ཤ་མཁོན་སྦྱང་ཕྱིར་བསྔོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་བརྗོད་དུད་འགྲོའི་ཐུབ་པའི་དབང་བསྐུར་བ། ཧཱུྃ། གཏི་མུག་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །དུད་འགྲོའི་ཐུབ་པ་པོ་ཏིའི་ཕྱག་མཚན་ཅན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །རྣམ་པར་སྣང་མཛད་གསང་གསུམ་དབང་ཐོབ་ཤོག །ༀ་མུ་ནེ་བྲེ་སཱ་ཧཱ། ༀ་མ་ཐཱ་མ་ཐཱ་སརྦ་ཏིཪྱ་ཀ་ག་ཏེ་ཧཱུྃ་ཕཊཿ ཅེས་བརྗོད་དུད་འགྲོའི་འཁོར་བ་དོར་སྤུགས་བསམ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། རང་ངོ་མ་ཤེས་རྨོངས་པའི་ལས་དབང་གིས། །བྱོལ་སོང་ཡུལ་སྐྱེས་གཏི་མུག་ལས་ལ་སྤྱོད། །བཀོལ་སྤྱོད་སྡུག་བསྔལ་བཟོད་དཀའ་བག་རེ་གྲང་། །དེ་ཡང་ཐག་ཁྲར་སྦྲུལ་འཛིན་ལས་ལྡོག་ལྟར། །དུད་འགྲོའི་ཡུལ་སྤོང་ཡང་དག་ལམ་དུ་ཤོག །ཅེས་བརྗོད་མཚན་བྱང་གནས་སྤོ་བགེགས་གཏོར་བཏང་། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར། །ཚེ་འདས་འཐབ་རྩོད་ལས་བསགས་པའི། །ལན་ཆགས་ཤ་མཁོན་སྦྱང་ཕྱིར་བསྔོ། །ན་མཿ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་བསྔོ་ལྷ་མིན་ཐུབ་པའི་དབང་། ཧཱུྃ། ཕྲག་དོག་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །ལྷ་མིན་ཐུབ་པ་རལ་གྲི་གོ་ཆ་འཛིན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །དོན་ཡོད་གྲུབ་པའི་གསང་གསུམ་དབང་ཐོབ་ཤོག །ༀ་མུ་ནེ་སྲུཾ་སྭཱ་ཧཱ། ༀ་བི་ད་ན་ཁ་ཏ་ཁ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊཿ ཅེས་བརྗོད་ལྷ་མིན་འཁོར་བ་དོང་སྤྲུགས་བསམ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །ལྷན་སྐྱེས་ཀུན་བརྟགས་མཐུ་བརྟས་རྒྱུ་རྐྱེན་གྱི། །ཕྲག་དོག་འཁོན་འཛིན་ལས་ཀྱི་འཕངས་པའི་འགྲོ། །ལྷ་མིན་ཡུལ་སྐྱེས་འཐབ་རྩོད་བཟོད་དཀའ་ཡང་། །ལ་ཁའི་ཐོ་ཡོར་མིར་འཁྲུལ་སངས་པ་བཞིན། །ལྷ་མིན་ཡུལ་སྤོང་རྣམ་དག་ཞིང་ཁམས་སྙོགས། །ཞེས་བརྗོད་མཚན་བྱང་གནས་སྤོ་བགེགས་གཏོར་བཏང་། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར། །ཚེ་འདས་ང་རྒྱལ་ལས་བསགས་པའི། །ལན་ཆགས་ཤ་མཁྱོན་སྦྱངས་ཕྱིར་བསྔོ། །ན་མཿསརྦཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་བརྗོད་ལྷ་ཡི་ཐུག་པའི་དབང་། ཧཱུྃ། ང་རྒྱལ་རྣམ་དག་འགྲོ་འདུལ་སྤྲུལ་སྐུ། །ལྷ་ཡི་ཐུབ་པ་པི་ཝང་ཕྱག་མཚན་ཅན། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །རིན་ཆེན་འབྱུང་ལྡན་གསང་གསུམ་དབང་ཐོབ་ཤོག །ༀ་མུ་ཧེ་ཀྲེ་སྭཱ་ཧཱ། །ༀ་སརྦ་སུ་ཁ་སརྦ་ཀརྨ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལྷའི་འཁོར་བ་དོང་སྤུགས་བསམ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་ིརགས་ཀྱི་བུ། །ཀུན་གཞིའི་རྣམ་ཤེས་གཞན་དབང་གྱུར་པ་ཡིས། །ང་རྒྱལ་ཁེངས་སེམས་ལས་ལ་སྤྱོད་འབྲས་ཀྱིས། །ལྷ་ཡུལ་སྐྱེས་ནས་འཕོ་ལྟུང་ལས་སོགས་ཀྱི། །སྡུག་བསྔལ་བ་རྣག་པར་དཀའ་ཡང་སྐྱུ་མའི་འཕྲུལ། །ཞིག་ལྟའི་ལྷ་ཡུལ་འཛིན་པ་སྤོང་མཛོད་ལ། །རྣམ་མཁྱེན་ཡང་དག་ལམ་དུ་འདོངས་པར་གྱིས། །ཞེས་བརྗོད་མཚན་བྱང་གནས་སྤོ་བགེགས་གཏོར་བཏང་། ཧཱུྃ། འདོད་པའི་ཡོན་ཏན་ལྔ་ལྡན་པའི། །གཏོར་མ་མཁོ་དགུ་ཕུན་ཚོགས་གཏེར། །ཚེ་འདས་དུག་ལྔ་སྤྱི་དང་ནི། །ཁྱད་པར་འདོད་ཆགས་ལས་བསགས་པའི། །ལན་ཆགས་ཤ་མཁོན་སྦྱང་ཕྱིར་བསྔོ། །ན་མཿསརྦ་ཏཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ༀ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཞེས་བསྔོ་ཤཱ་ཀྱ་ཐུབ་པའི་དབང་། ཧཱུྃ། འདོད་ཆགས་རྣམ་དག་འགྲོ་འདུལ་སྤྲུལ་པའི་སྐུ། །མི་ཡི་ཐུབ་པ་གསེག་གཤང་ལྷུང་བཟེད་བསྣམས། །ཚེ་འདས་རིགས་ཀྱི་བུ་ལ་དབང་བསྐུར་བས། །ཐུགས་རྗེ་ཆེན་པོའི་གསང་གསུམ་དབང་ཐོབ་ཤོག །ༀ་མུ་ནེ་སུཾ་སྭཱ་ཧཱ། ༀ་ནྲྀ་བི་ཤ་མུ་ཥ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊཿ ཅེས་བརྗོད་མི་ཡི་འཁོར་བ་དོང་སྦྲུགས་བསམ། ཧཱུྃ། ཉོན་ཅིག་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ། །སྒོ་ལྔའི་རྣམ་སེས་ཡུལ་ལྔའི་ཇེས་འབྲག་བས། །ཚོགས་དྲུག་ལ་ཆགས་སྡང་བྱས་འབྲས་ཀྱིས། །མི་ཡུལ་སྐྱེས་ནས་སྡུག་བསྔལ་བཅུ་གཅིག་ལ། །རྟག་ཏུ་སྤྱོད་པ་བཟོད་དཀའི་གནས་ཡིན་ཀྱང་། །རང་གྲིབ་མཐོང་ཚེ་དེ་ཉིད་དགྲར་བཟུང་བ། །ཇི་བཞིན་རྟོགས་ལྟར་ངར་འཛིན་སྤོང་མཛོད་ལ། །ཕྱག་པདྨའི་གོ་སར་སླེབས་པར་ཤོག །དེ་ནས་གཤིན་པོར་དབང་བསྐུར་ཚེ། །ཡན་ལག་བརྒྱད་པའི་ཚོགས་བསགས་ནི། །ན་མོ། །མཆོག་གསུམ་རྩ་གསུམ་ངོ་བོ་ཉིད། །སྡུག་བསྔལ་རང་གྲོལ་ལྷ་ཚོགས་ལ། །ཕྱག་མཚལ་སྐྱབས་མཆི་ཉེས་ཚོགས་བཤགས། །མཆོད་ཚོགས་ཀུན་འབུལ་ཆོས་འཁོར་བསྐོར། །དགེ་རྩར་ཡི་རང་རྟག་བརྟན་བཞུགས། །བསོད་ནམས་འགྲོ་ལ་ཕན་ཕྱིར་བསྔོ། །ཞེས་བརྗོད་ལ་གྱི་ཤར་སྒོ་རུ། །དབང་སྟེགས་པདྨ་འདབ་བརྒྱད་ལ། །ཚེ་འདས་མངོན་སུམ་ལྷག་གསལ་ལ། །མིག་དར་གདབ་ཅིང་སྔགས་འདི་བརྗོད། །ༀ་ཙུཀྵུ་བྷནྡྷ་ཝ་ར་མ་ཧ་ཡེ་སྭཱ་ཧཱ། མེ་ཏོག་སྔགས་དའིས་གཏད་པར་བྱ། །ༀ་ཨཱ་ཁཱཾ་ཝཱི་ར་ཧཱུྃ་ༀམ། རང་སྣང་རྣམ་དག་འོག་མིན་ཞིང་། །སྡུག་བསྔལ་རང་གྲོལ་ཕོ་བྲང་འདིར། །བདག་ནི་སྨིན་པར་འཚལ་ལགས་ན། །ཐུགས་རྗེ་ཆེན་པོས་བདག་སྐྱབས་མཛོད། །ལན་གསུམ་གསོལ་བཏབ་སྒོ་དབྱེ། ཧཱུྃ། དོན་གྱི་འོག་མིན་སྒོ་སྐྱོང་བ། །ཚད་མེད་བཞི་ལྡན་ལྷ་བཞི་པོ། །ཐུགས་རྗེས་སེམས་ཅན་དོན་མཛད་ཕྱིར། །ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཤིག །ཅེས་བརྗོད་ཀྱིལ་འཁོར་ལྷ་ཚོགས་རྣམས། །མངོན་སུམ་མཇལ་བའི་མོས་འདུན་གྱིས། །གཤིན་པོས་འདི་ལྟར་བཟློས་བར་བསམ། །ཕྱོགས་བཅུའི་རྒྱལ་བསྲས་བཅས་ཀྱི། །སྤྱི་གཟུགས་འཕགས་མཆོག་ཐུགས་རྗེའི་གཏེར། །སྡུག་བསྔལ་རང་གྲོལ་དཀྱིལ་འཁོར་ལྷར། །བདག་ནི་གུས་པས་སྐྱབས་སུ་མཆི། །དགེ་བསྣེན་དགེ་ཚུལ་དགེ་སློང་དང་། །བྱང་སེམས་སྔགས་ཀྱི་བསླབ་སྔོམ་རིགས། །མ་ལུས་བདག་གིས་ཡོངས་སུ་བཟུང་། །ལན་གསུམ་གདབ་རྗེས་ཡེ་ཤེས་དབབ། ཚེ་ལས་འདས་པ་སྐད་ཅིག་གིས། །འཕགས་པའི་སྐུར་གསལ་གནས་གསུམ་དུ། །ཡིག་འབུར་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་ལྷ་ཡི་ཚོགས། །སྤྱན་དྲངས་གཤིན་པོ་ལྷར་གསལ་བར། །དབྱེར་མེད་དུ་མ་རོ་གཅིག་གྱུར། །ཡི་གེ་དྲུག་མའི་སྔགས་ཤམ་དུ། །ཨཱཪྱ་ལོ་ཀི་ཤྭ་ར་ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཨ་ཨ། ཡེ་ཤེས་དབབ་ཅིང་བརྟན་བཞུགས་ནི། །ཏིཥཱུ་བཛྲ་སོགས་བརྗོད་ཅིང་། །དལ་དུ་མེ་ཏོག་དོར་བ་ནི། །ཧཱུྃ། རྟེན་འབྲེལ་རྫས་ཀྱི་མེ་ཏོག་འདི། །དཀྱིལ་འཁོར་ལྷ་ལ་འབུལ་ལགས་ན། །སྔོན་ནས་ལས་འཕྲོ་གང་ཡོད་པའི། །ལྷག་པའི་ལྷ་དེར་འབབ་པར་ཤོག །པུཥྤེ་པྲ་ཏཱི་ཙྪ་ཧོཿ མེ་ཏོག་གང་བབ་ལྷ་དང་ནི། །མཚུངས་མིང་བཏགས་ཤིང་མིག་དབྱེ་བ། ཧཱུྃ། མིག་དར་མ་རིག་ལིང་ཏོག་མཚོན། །ཐུགས་རྗེ་ཆེན་པོའི་གསེར་ཐུར་གྱིས། །ཡེ་ཤེས་སྤྱན་དུ་དབྱེ་བགྱི་ན། །རང་བྱུང་ལྷ་ཞལ་མཇལ་བར་ཤོག །ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊཿ དེ་ནས་ལྷ་ཞལ་བསྟན་པ་ནི། ཧཱུྃ། ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ། །ལྟོས་ཤིག་མདུན་གྱི་དལ་ལ་ལྟོས། །མཚན་མ་རྫས་ཀྱི་དཀྱིལ་འཁོར་འདི། །འོག་མིན་སྤྲུལ་པའི་ཞིང་ཁམས་ཏེ། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཡིན། །དོན་ལ་རང་སེམས་མ་འཁྲུལ་པའི། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ། །ཐུགས་རྗེ་ཆེན་པོར་ལྷུན་གྱིས་གྲུབ། །དེ་ལ་རྟོགས་པའི་ཡིད་དམ་ལྷ། །ལོགས་རང་སེམས་མ་འཁྲུལ་པའི། །ངོ་བོར་རང་བཞིན་ཐུགས་རྗེ་གསུམ། །ཐུགས་རྗེ་ཆེན་པོར་ལྷུན་གྱིས་གྲུབ། །དེ་མ་རྟོགས་པའི་ཡི་དམ་ལྷ། །ལོགས་ན་མེད་དོན་ཤེས་པར་མཛོད། །ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཨ་ཨ་ཨཿ ཞེས་བརྗོད་མཉམ་གཞག་ཡེངས་མེད་བྱ། །དེ་ནས་བུ་མ་དབང་བསྐུར་བ་ནི། ༀ་ཕྱི་ལྟར་བུམ་པ་སྣོད་བཅུད་ལྡན། །ནང་ལྟར་ཕྱག་ན་པདྨོ་ཡི། །ཐུགས་རྗེའི་བདུད་རྩིའི་ཆུ་རྒྱུན་གྱིས། །ཚེ་འདས་ལུས་ལ་དབང་བསྐུར་བས། །སྤྲུལ་པའི་སྐུ་རུ་སྨིན་པར་ཤོག །རྩ་སྔགས་ཤམ་དུ་འདི་བཏགས་བཟླས། །ཀཱ་ཡ་ཨ་བྷི་ཥི་ཉྩ་ༀ། གསུང་སྔགས་ཀྱི་དབང་བསྐུར་བ་ནི། །ཨཱཿ ཕྱི་ལྟར་ས་ཆུ་མེ་རླུང་སྒྲ། །ནང་ལྟར་འགྲོ་བ་རིགས་དྲུག་སྐད། །གསང་བ་རྒྱལ་ཀུན་གསུང་གསང་དོན། །ཡི་གེ་བདུན་པར་འདུས་པའི་དབང་། །ཚེ་འདས་ངག་ལ་དབང་བསྐུར་བས། །ལོངས་སྤྱོད་རྫོགས་སྐུར་སྨིན་པར་ཤོག །རྩ་སྔགས་ཤམ་བུར་འདི་ཉིད་བཏགས། །ཝཱཀྐ་ཨ་བྷི་ཥི་ཉྪ་ཨཱཿ ཐུགས་རྡོ་རྗེས་དབང་བསྐུར་ཏེ། ཧཱུྃ། མཚན་མ་རྫས་ཀྱི་རྡོ་རྗེ་འདི། །རྒྱལ་ཀུན་ཐུགས་ཀྱི་མཚོན་བྱེད་དེ། །ཚེ་འདས་སེམས་ལ་དབང་བསྐུར་བས། །ཆོས་ཀྱི་སྐུ་རུ་སྨིན་པར་ཤོག །ཧཱུྃ་མཚན་མ་རྫས་ཀྱི་རྡོ་རྗེ་འདི། །རྒྱལ་ཀུན་ཐུགས་ཀྱི་མཚོན་བྱེད་དེ། །ཚེ་འདས་སེམས་ལ་དབང་བསྐུར་བས། །ཆོས་ཀྱི་སྐུ་རུ་སྨིན་པར་ཤོག །རྩ་སྔགས་ཤམ་བུར་འདི་ཉིད་བཏགས། །ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་དབང་བསྐུར་རྫོགས་རྗེས་སུ། །འདོད་ཡོན་ཟས་གཏད་འདི་བཞིན་ཏེ། །མདུན་དུ་རིན་པོ་ཆེ་ཡི་སྣོད། །ཡངས་ཤིང་རྒྱ་ཆེ་གྲངས་ལྡན་པའི། །ནང་དུ་ལྷ་དང་མི་སོགས་ཀྱི། །བཟའ་བཅའ་ལྡག་གཞི་ལ་སོགས་ཟས། །ཇ་ཆང་འོ་ཞོ་ལ་སོགས་སྐོམ། །འཛད་མེད་ཡིད་བཞིན་གཏེར་དུ་གྱུར། །ནམ་མཁའ་མཛོད་ཀྱི་སྔགས་རྒྱ་བཅས། །ལན་གསུམ་བརླབས་རྗེས་འདི་ལྟར་བསྔོ། ཧཱུྃ། ཁ་ཟས་རོ་མཆོག་བརྒྱ་ལྡན་པའིམ། །བཟའ་བའི་ཟས་དང་བཏུང་བའི་སྐོམ། །བགོ་བའི་གོས་དང་ཡོ་བྱད་རྫས། །མི་ཟད་གཏེར་དུ་བྱིན་རླབས་ནས། །ཚེ་འདས་ཁྱོད་ལ་བསྔོས་པ་ཡིས། །དབང་པོ་དྲུག་དང་རབ་མཐུན་པའི། །སོ་སོའི་ལོངས་སྤྱོད་ཕུན་ཚོགས་གཏེར། །བསྔོས་པ་ཇི་བཞིན་ཐོག་གྱུར་ནས། །འཕྲལ་དུ་དགའ་བདེའི་རོས་ཚིམ་ཞིང་། །མཐར་ཐུག་རྣམ་དག་སར་སྤྱོད་ཤོག །ཅེས་བརྗོད་གསུར་བཏང་སྐྱེམས་གཏོར་ནས། །ལུས་རྟེན་ལྷ་ལ་འདི་བཞིན་འབུལ། ཧཱུྃ། ཕུང་ཁམས་སྐྱེས་མཆེད་དབང་ཡུལ་བཅས། །གདན་གསུམ་ཙང་བའི་དཀྱིལ་འཁོར་ལྟར། །ཡོན་དུ་འབུལ་ལོ་ཡོངས་བཞེས་ནས། །ཚོགས་རྫོོགས་སྒྲིབ་བྱང་སྐུ་ལྔ་ཡི། །དཔལ་ལ་ལོངས་སྤྱོད་མཐུ་ཐོབ་ཤོག །ཅེས་དང་མར་མེས་གསལ་བྱས་ལ། ཧཱུྃ། ཡེ་ཤེས་ལྔ་ལྡན་སྒྲོན་མེ་འདི། ངོ་བོ་སྟོང་ཀྱང་རང་བཞིན་གསལ། །ཐུགས་རྗེའི་རྩལ་ཚུགས་མ་འགགས་པས། །ཚེ་འདས་མ་རིག་མུན་པའི་སྨག །བསལ་ནས་སྐུ་གསུམ་ཞིང་མཐོང་ཤོག །དེ་ནས་གནས་སྤར་ནི། ཧཱུྃ། ཚེ་འདས་བུ་ཁྱོད་ལེགས་པར་ཉོན། །མཆོག་དམན་འཁོར་བའི་གནས་རིགས་ཀུན། །སྡུག་བསྔལ་གསུམ་གྱི་ཁྲི་མུན་དུ། །མ་ཚུད་སུ་ཡང་མེད་ངེས་ཕྱིར། །མ་ཆགས་མ་ཞེན་སེམས་མཆོག་བསྐྱེད། །འདི་ནས་ནུབ་ཀྱི་ཕྱོགས་རོ་ན། །བདེ་སྐྱེད་ལོངས་སྤྱོད་ཕུན་ཚོགས་གནས། །སྡུག་བསྔལ་མིང་མེད་བདེ་ཆེན་ཞིང་། །དེ་ན་མགོན་པོ་ཚེ་མཐའ་ཡས། །གཡས་ན་འཕགས་པ་སྤྱན་རས་གཟིགས། །གཡོན་ན་མཐུ་ཆེན་ཐོབ་ལ་སོགས། །སངས་རྒྱས་བྱང་སེམས་དཔག་མེད་ཀྱིས། །བསྐོར་བའི་གོ་སར་འགྲོ་བར་བྱོས། །ཁྱོད་ཀྱི་སེམས་ཉིད་ཡི་གེ་ཧྲཱིཿ སྐར་མདའ་ཇི་བཞིན་མྱུར་བསྐྱོད་ལ། །སྣང་བ་མཐའ་ཡས་ཐུགས་ཀློང་དུ། །དབྱེར་མེད་རོ་གཅིག་འདྲེས་པར་གྱུར། །ཞེས་པས་ཧྲཱིཿཧྲཱིཿཧྲཱིཿ བརྗོད་མཐར། །ཕཊ་ཕཊ་ཕཊཿ གསུམ་བརྗོད་པ་ཡིས། །སྐུ་གསུམ་དབྱིངས་སུ་ཐིམ་པར་མོས། །དེ་ནས་ཚེ་འདས་མིང་བྱང་དེ། །མ་རིག་ཟུང་གིས་བསྐྲུན་པའི་རྟེན། །ཉོན་མོངས་བརྒྱད་ཁི་བརྟེན་པའི་ལུས། །ཀ་དག་ལྷུན་གྲུབ་མེས་བསྲེག་སྟེ། ཧཱུྃ། ཀ་དག་སྤྲོས་བྲལ་མེ་ཐབ་ཏུ། །རང་བྱུང་ཡེ་ཤེས་མི་སྦར་བས། །མཚན་མའི་རྣམ་རྟོག་བུད་ཤིང་ཀུན། །ལྷག་མེད་མདོད་ཅིག་ཛྭ་ལ་རཾ། །ཉོན་མོངས་ཡེ་ཤེས་མེ་ལ་བསྲེགས། །བདག་གཉིས་བདག་མེད་དབྱིངས་སུ་བསྲེགས། །ཀུནག་ཞི་མ་རིག་གཉིས་དང་བཅས། །གཞོན་ནུ་བུམ་སྐུའི་ཀློང་དུ་བསྲེགས། །འཁོར་བར་ལྡོག་མེད་གཡ་ཡིས་གདབ། །གདོད་མའི་གྲོལ་གཞི་མངོན་གྱུར་ནས། །མཐའ་ཡས་འགྲོ་དོན་ཡོངས་འགྲུབ་ཤོག །ཅེས་བརྗོད་གཟུངས་སྔགས་ཀྱིས་སྦྱངས་མཐར། །སྦྲོས་བྲལ་དབྱིངས་སུ་མཉམ་པར་བཞག །དེ་ལྟར་རིགས་བདག་བླ་མ་རྗེའི། །དགོངས་གཏེར་སྡུག་བསྔལ་རང་གྲོལ་གྱི། །གནས་འདྲེན་རྣམ་གྲོལ་ལམ་བཟང་འདི། །བླ་མ་སངས་རྒྱས་ཆོས་འཕེལ་གྱིས། །ཡང་ཡང་བསྐུལ་ངོར་བྱ་བྲལ་བ། །འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས། །བྲིས་འདིས་མགོན་མེད་གཤིན་པོའི་ཚོགས། །རྣམ་མཁྱེན་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ།། །།


previousཀློང་ཆེན་སྙིང་ཐིག་གི་ཆ་ལག་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གནས་འདྲེན་རྣམ་གྲོལ་ལམ་བཟང་།next