Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་རིང་མཆེད་ལྔའི་མངའ་གསོལ་ཕན་བདེའི་ཕོ་ཉ།
   
   
   
   
   
   
   


 
previousཚེ་རིང་མཆེད་ལྔའི་མངའ་གསོལ་ཕན་བདེའི་ཕོ་ཉ།next

ཚེ་རིང་མཆེད་ལྔའི་མངའ་གསོལ་ཕན་བདེའི་ཕོ་ཉ།

༄༅། །ཚེ་རིང་མཆེད་ལྔའི་མངའ་གསོལ་ཕན་བདེའི་ཕོ་ཉ་བཞུགས། ཀ་མ་ལར་སྐྱེེས་པདྨ་རྒྱལ་པོ་ཡིས། །ཁ་བ་ཅན་གྱི་ཡུལ་ལྷའི་གཙོར་བསྔགས་པ། །ག་དར་གངས་གྱི་རི་བོར་རྟེན་བཅས་ལྷ། །ང་ཡིས་འབོད་དོ་ཚེ་རིང་མཆེད་ལྔ་པོ། །ཅ་ཅོའི་ཁ་ཙམ་མ་ཡིན་སྙིང་ནས་གསོལ། །ཆ་ལུགས་འཆི་མེད་བུ་མོའི་སྒྱུ་འཕྲུལ་གར། །ཇ་དར་གསེར་དངུལ་ནོར་ཕྱུགས་གཏེར་གྱི་བདག །ཉ་ཟླའི་མདངས་འཛིན་གཙོ་མོ་འཁོར་བཞིས་བརྟེན། །ཏ་ཐཱ་ག་ཏ་རྡོ་རྗེ་མི་བསྐྱོད་པ། །ཐ་མལ་མི་ཡི་རྫུར་ཞུགས་མི་ལ་རྗེས། །ད་ལྟ་བསྟན་སྲུང་མཆོག་ཏུ་མངའ་གསོལ་ལོ། །ན་མ་ཚེ་རིང་མཆེད་ལྔ་ལས་གཞན་སུ། །པ་ནུའི་རྒྱུན་བཞིན་རྟག་ཏུ་ཁྱོད་གསོལ་ན། །ཕ་རོལ་གཟུགས་ཅན་གཟུགས་མེད་ལོག་སྦྱོར་ལུས། །བ་ལང་རྒྱ་སྟག་ངར་མས་འཕྲད་འཇོམས་བཞིན། །མ་ལུས་ལྷག་མེད་གཞོམ་པར་མངའ་གསོལ་ལོ། །ཙ་མ་ར་བཞིན་ཁེངས་པའི་སེམས་ལྡན་དང་། །ཚ་གྲང་དབལ་གྱིས་གཞན་དོན་མནར་སེམས་ཅན། །ཛ་ལང་སྤྱོད་པས་བསྟན་སེལ་སློང་བའི་རིགས། །ཝ་སྤྲེལ་གདོང་ལྔས་གཞོམ་བཞིན་མངའ་གསོལ་ལོ། །ཞྭ་ལྷམ་གོ་འཛོལ་བླ་སློབ་གོ་ཟློག་མཁན། ཟ་ཁ་ནང་བསྟན་སྙིང་ཁ་ཕྱིར་བལྟས་ནས། །འ་འོལ་གཡོ་སྒྱུའི་ཆོ་འཕྲུལ་ངོམ་པའི་རིགས། །ཡ་ལད་མཚོན་གྱིས་གཞོམ་པར་མངའ་གསོལ་ལོ། །ར་གན་གསེར་དུ་བརྫུ་འདྲའི་ཚུལ་འཆོས་ཅན། །ལ་ལུང་འགྲོ་ལ་སྡུག་སྦྱོར་ལས་ངན་དཔུང་། །ཤ་ཚའི་དྲིན་ལན་ལོག་འཇལ་སྙིང་རིང་རིགས། །ས་བདག་རྒྱལ་མོས་གཞོམ་པར་མངའ་གསོལ་ལོ། །ཧ་ཅང་མི་དགེ་སྤྱོད་ལ་འགྱོ་མེད་དང་། །ཨ་གསར་ལྕེ་གཉིས་རྐྱོང་བའི་དུག་སྦྲུལ་སེམས། །ཨ་རོགས་ཁ་དཀར་སྙིང་ནག་གནོད་བྱེད་དཔུང་། །ཨ་ཅེ་ལྷ་མོས་འདུལ་བར་མངའ་གསོལ་ལོ། །ཕྱི་ལྟར་ཟོ་དོར་ཚུལ་འཛིན་ཤ་ཟ་ལྔ། །ནང་ལྟར་མཁའ་སྤྱོད་གནས་བགྲོད་ཌཱཀྐི་ལྔ། །གསང་བ་འབྱུང་ལྔ་གནས་གྱུར་ཡུམ་ཆེན་ལྔ། །རྒྱུད་ལྔའི་འགྲོ་ལ་ཕན་ཕྱིར་མངའ་གསོལ་ལོ། །ངོ་བོ་རྣམ་ཀུན་མཆོག་ལྡན་སྤྲོས་བྲལ་ཡང་། །སྟོང་པ་ཕྱོགས་གཅིག་མ་ཡིན་བདེ་མཆོག་དང་། །ཟུང་འཇུག་རྩལ་དུ་ཤར་བའི་སྒྱུ་འཕྲུལ་བདག །འགྲོ་ཁམས་བདེ་ལ་སྦྱོར་ཕྱིར་མངའ་གསོལ་ལོ། །བདེ་གཤེགས་སྙིང་པོ་སྲིད་ཞི་མཉམ་ཉིད་ཀྱང་། །ཀུན་བྱེད་རྒྱལ་པོས་འཁོར་འདས་གཉ ིས་བསྐྲུན་པའི། །སྐྱེ་འགག་གནས་གསུམ་མཁའ་ལ་འཇའ་སྤྲིན་བཞིན། །རྟག་ཆད་འགྲོ་འོང་སྤང་ཕྱིར་མངའ་གསོལ་ལོ། །དོན་དམ་བཟང་ངན་རེ་དོགས་འཛིན་བྲལ་ཡང་། །ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་བསམ་འདས་ཕྱིར། །ལུགས་ཟུང་འགལ་སྤོང་མཐུན་སྒྲུབ་བདག་ཉིད་དུ། །རྒྱལ་ཡུམ་ལྷ་མོ་མཆོག་ཁྱོད་མངའ་གསོལ་ལོ། །རྩ་གསུམ་ཀུན་འདུས་ཡེ་ཤེས་ལྷ་མོ་ལྔ། །དྲིན་ཆེན་མ་ལྟར་མངའ་གསོལ་བྱམས་བརྩེས་སྐྱོངས། །བརྩེ་ལྡན་སྲིང་ལྟར་མངའ་གསོལ་དུངས་སེམས་སྐྱེད། །མཛའ་བའི་གྲོགས་ལྟར་མངའ་གསོལ་ཕན་བདེ་སྤེལ། །སྒྲུབ་ལ་གཞོལ་ཚེ་བསྐྱེད་རྫོགས་ཡར་ཟླ་བཞིན། །གོང་ནས་གོང་འཕེལ་ས་ལམ་འབྲས་སྨིན་ཞིང་། །གཞན་དོན་ཕྲིན་ལས་འཇུག་པ་དབང་སྔོན་ལས། །དགོས་དགུ་འབྱུང་བཞིན་ཡོངས་ཀྱི་གསོས་གྱུར་མཛོད། །མདོར་ན་དགེ་བའི་སེམས་དང་རྣམ་དཀར་ལས། །བཤོལ་འགྱང་བར་ཆད་དབང་དུ་མི་འགྱུར་ཞིང་། །ཕར་ཕྱིན་དྲུག་གི་མཛད་པ་མཐའ་ཡས་ཀྱིས། །འགྲོ་ཁམས་ཕན་བདེར་སྦྱོར་ནུས་ཕྲིན་ལས་མཛོད། །ཅེས་པའང་རྣལ་འབྱོར་པ་བྱང་ཆུབ་རྡོ་རྗེས་སོ།། དགེའོ།།


previousཚེ་རིང་མཆེད་ལྔའི་མངའ་གསོལ་ཕན་བདེའི་ཕོ་ཉ།next