Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཆོས་རྒྱལ་སྐུ་ལྔའི་གསོལ་མཆོད་འདོད་དགུ་ལྷུན་གྲུབ།
   
   
   


 
previousཆོས་རྒྱལ་སྐུ་ལྔའི་གསོལ་མཆོད་འདོད་དགུ་ལྷུན་གྲུབ།next

ཆོས་རྒྱལ་སྐུ་ལྔའི་གསོལ་མཆོད་འདོད་དགུ་ལྷུན་གྲུབ།

༄༅། །ཆོས་རྒྱལ་སྐུ་ལྔའི་གསོལ་མཆོད་འདོད་དགུ་ལྷུན་གྲུབ་བཞུགས་སོ། །ཆོས་རྒྱལ་སྐུ་ལྔའི་གསོལ་མཆོད་འདོད་དགུ་ལྷུན་གྲུབ་ནི། ཧྲཱིཿ ཀ་དག་ཀུན་བཟང་རྡོར་འཆང་ཐོད་ཕྲེང་རྩལ། །ཁ་བ་ཅན་སོགས་འགྲོ་བ་ཡོངས་ཀྱི་སྐྱབས། །ག་རུ་བཞུགས་ཀྱང་ཕན་བདེའི་འབྱུང་གནས་ཆེ། །ང་ཡི་བདེ་ཆེན་འཁོར་ལོའི་རྒྱན་དུ་སྤྲས། །ཅ་ཅོའི་ཁ་ཙམ་མ་ཡིན་རྡོ་རྗེའི་སྒྲ། །ཆ་ལུགས་སྲུང་མར་ལེགས་ཤར་སྐུ་ལྔ་འབོད། །ཇ་ཆང་ཤ་སོགས་དགྱེས་དགུའི་མཆོད་འབུལ་བཞེས། །ཉ་རྒྱས་ཇི་བཞིན་འདོད་དོན་ཡོངས་གང་མཛོད། །ཏ་ཐཱ་ག་ཏའི་བསྟན་སྲུང་བེ་ཧ་ར། །ཐ་དད་མ་གྲུབ་བཅོམ་ལྡན་དབང་ཆེན་དངོས། །ད་ལྟ་དྲེགས་པ་ཡོངས་ཀྱི་སྤྱི་ཡི་རྗེ། །ནཱ་ག་ལ་སོགས་སྡེ་བརྒྱད་བྲན་དུ་བཀོལ། །པ་སངས་ལྟར་དཀར་བྱམས་བརྩེའི་སྒྲུབ་མཆོག་སྐྱོངས། །ཕ་རོལ་ལོག་འདྲེན་འདུལ་ལ་མཆོག་ཏུ་བསྔགས། །བ་སྤུའི་གྲངས་ལྡན་ཕྱི་ནག་གསང་བའི་འཁོར། །མ་ལུས་འཁོར་བཅས་མཆོད་སྟོད་མངའ་གསོལ་ལོ། །ཙ་ར་གཡག་ལུག་ལ་སོགས་ཕྱི་ནང་རྟེན། །ཚ་ཏྲཾ་ཀ་དང་རྒྱལ་མཚན་འཕན་ཕུར་དང་། །ཛ་ལའི་རྒྱུན་བཞིན་ཡོན་ཆབ་ཁྲག་ཞག་སྐྱེམས། །ཝ་སྤྱང་སྟག་སེང་བྱ་རིགས་དུད་འགྲོའི་ཚོགས། །ཞྭ་ལྷམ་གོ་ཁྲབ་རྨོག་ར་ལ་མདའ་གཞུ་མདུང་། །ཟ་འོག་དིང་གུར་སྣ་ཚོགས་རོལ་མོའི་སྒྲ། །འ་འེའི་དབྱངས་སོགས་འདོད་ཡོན་མཆོད་པའ་སྤྲིན། །ཡ་མཚན་དངོས་བཤམས་བླ་མེད་ཡིད་སྤྲུལ་གྱིས། །རཱ་ཛ་ཆེན་པོའི་སྐུ་ལྔའི་ཐུགས་དམ་བསྐང་། །ལ་ཆུ་འཕྲང་སོགས་བརྒལ་ཀྱང་གཡར་དམ་ཚིག །ཤ་ཁྲག་གསུམ་དུ་བོར་ནས་སྒྲུབ་ངེས་བདག །ས་ཕྱོགས་གང་དུ་འགྲོའམ་སྡོད་ཀྱང་རུང་། །ཧྱ་གྷྲྀ་ཝའི་སྒྱུ་འཕྲུལ་ཁྱོད་ཀྱིས་ནི། །ཨ་མས་བུ་ལ་བརྩེ་བཞིན་སྐྱོང་བར་མཛོད། །ཡང་ཡང་གསོལ་ཞིང་མཆོད་ན་བཅོལ་བའི་ལས། །མང་མང་མི་ཐོགས་མྱུར་དུ་འགྲུབ་པ་དང་། །དགའ་དགའ་བདེ་སྐྱིད་དཔལ་གྱིས་འབྲས་བུའི་གཟུགས། །ཤོག་ཤོག་བདག་གི་གམ་དུ་མངོན་གྱུར་ཅིག །ཅེས་པའང་རྒྱལ་པོ་ཆེན་པོའི་རྟགས་མཚན་ཡང་ཡང་མཐོང་བ་ལ་བརྟེན་ནས་ཀུན་བཟང་གཞན་ཕན་གྱིས་བྲིས་པའི་ཡི་གེ་པ་ནི་འཇིགས་མེད་རྡོ་རྗེས་སོ། །དགོང་བཙན་གསོལ་མཆོད་ནི། ཧྲཱིཿ ལྗོན་ཤིང་བྲག་རིར་རྟེན་བཅས་བཙན་རྒོད་བདུན། །གནོད་སྦྱིན་ནོར་ལྷའི་ཚུལ་འཆང་རེ་འདོད་སྐོང་། །གཞན་ཡང་ལས་བཞིའི་ཕྲིན་ལས་སྒྱུ་འཕྲུལ་ངོམས། །ཁྱེད་ཅག་གཙོ་འཁོར་སྤུལ་པ་ཡང་སྤྲུལ་བཅས། །རྣལ་འབྱོར་བདག་གི་གནས་འདིར་སྤྱན་འདྲེན་ནོ། དགྱེས་དགུའི་མཆོད་ཚོགས་ཀུན་བཞེས་འདོད་དོན་སྒྲུབ། །སློབ་དཔོན་པདྨའི་བཀའ་བསྒོའི་ཐ་ཚིག་དོན། །ཡལ་བར་མ་འདོར་བཅོལ་བའི་ཕྲིན་ལས་ཀུན། །མྱུར་དུ་ཐོགས་པ་མེད་པར་མཛད་དུ་གསོལ། ཞེས་པའང་རྡོ་བླས་སོ།། དགེའོ།། །། རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ། སྐད་ཅིག་དྲན་རྡོགས་རང་མདུན་ཐོད་སྒྱེད་སྟེང་། །དུམ་གཅིག་ཀ་པཱ་ལ་ཡི་སྣོད་ནང་དུ། །ཤ་ལྔ་བདུད་རྩི་ལྔ་སོགས་སྦྱོར་སྒྲོལ་རྫས། །སྤྲོ་བསྡུའི་འཕྲུལ་གྱིས་རྒྱལ་ཀུན་གསང་གསུམ་བཅུད། །སྤྱན་དྲངས་གཏོར་བམའི་རྫས་དང་དབྱེར་མེད་གྱུར། །དངོས་འཛིན་དྲི་མས་མ་སྦགས་མཆོད་གཏོར་རྫས། །ཕྱི་ནང་གསང་བའི་དཔལ་ཡོན་རབ་ལྡན་འདི། །མཆོག་གསུམ་རྩ་གསུམ་བཀའ་སྲུང་ཆོས་སྲུང་སྤྱི། །ཁྱད་པར་སྔགས་སྲུང་ཨེ་ཀ་ཙ་ཊི་དང་། །དཔལ་མགོན་མ་ནིང་མགོན་པོ་ཕོ་རྒྱུད་ཚོགས། །སྒྲོལ་གིང་རྡོ་རྗེ་ལེགས་པ་མཆེད་འཁོར་བཅས། །གཟའ་བདུད་ཆེན་པོ་གདོང་མོ་སྡེ་བརྒྱད་འཁོར། །དུར་ཁྲོད་ལྷ་མོ་མིང་སྲིང་བརྒྱད་པོ་དང་། །ཚེ་རིང་མཆེད་ལྔ་གཡུ་སྒྲོན་བསྟན་མར་བཅས། །ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་རྣམས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་ཡང་འཁོར་བཅས། །མཆོད་ཅིང་བསྟོད་དོ་བསྐང་ངོ་མངའ་གསོལ་ལོ། །དགྱེས་ཤིང་ཚིམ་པར་མཛོད་ལ་ཉམས་ཆག་བཤགས། །རབ་འབྱམས་ཕྲིན་ལས་གང་བཅོལ་འགྲུབ་པ་དང་། །འཕྲལ་ཕུགས་ཡོངས་དགེ་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་འདི་ཡང་པདྨ་ཆོས་འཕེལ་ངོར། རྡོ་བླས་སྤེལ་བ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ།། །།རྃ་ཡྃ་ཁྃ། ༀ་ཨཱཿཧཱུྃ། མཆོག་གསུམ་སྐུ་གསུམ་རྩ་བ་གསུམ། །ཆོས་སྐྱོང་དམ་ཅན་ནོར་ལྷ་སོགས། མཆོད་ཡུལ་ཡོང་མ་ཐམས་ཅད་ལ། མཆོད་པ་དམ་པ་འདི་འབུལ་ལོ། །གསེར་སྐྱེམས་གཙང་མ་འདི་བཞེས་ལ། །བདག་གི་འདོད་དོན་སྒྲུབ་ཏུ་གསོལ། །ཕྱི་ནང་གསང་དང་སྤྲུལ་པ་དང་། མཆོག་གི་སྡེ་བརྒྱད་བརྒྱད་ཚན་ལྔ། །འཁོར་དང་ཡང་འཁོར་བཅས་རྣམས་ལ། མཆོད་པ་དམ་པ༔ གསེར་སྐྱེམས༔ བདག་གི་འདོད༔ ས་བདག་ས་ལྷ་ཡུལ་གཞིའི་བདག །རྒྱལ་ཆེན་བཞི་དང་དཔལ་མགོན་སོགས། །འགོ་བའི་ལྷ་ལྔ་ལ་སོགས་པའི། །སྣང་སྲིད་སྡེ་བརྒྱད་འཁོར་བཅས་ལ། །མཆོད་པ༔ གསེར་སྐྱེམས༔ བདག་གི་འདོད་དོན་སྒྲུབ་ཏུ་གསོལ། རྡོ་གྲུབ་ཆེན་ཀུན་ལ་ཟང་གཞན་ཕན་གྱིས་སོ།། །།


previousཆོས་རྒྱལ་སྐུ་ལྔའི་གསོལ་མཆོད་འདོད་དགུ་ལྷུན་གྲུབ།next