Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྡེ་བརྒྱད་པ་བསུས་པ་ཡིད་བཞིན་དབང་རྒྱལ།
   
   


 
previousསྡེ་བརྒྱད་པ་བསུས་པ་ཡིད་བཞིན་དབང་རྒྱལ།next

སྡེ་བརྒྱད་པ་བསུས་པ་ཡིད་བཞིན་དབང་རྒྱལ།

༄༅། །སྡེ་བརྒྱད་པ་བསུས་པ་ཡིད་བཞིན་དབང་རྒྱལ་བཞུགས། ཧོ་མཆོག་གསུམ་རྩ་གསུམ་བཀའ་སྲུང་དམ་ཅན་སྤྱི། །ཁྱད་པར་ཕྱི་ནང་གསུང་བ་མཆོག་དང་ནི། །སྤྲུལ་པ་སྣང་སརིད་སྡེ་བརྒྱད་འཁོར་ཚོགས་དཔུང་། །གཉུག་གནས་ཡུལ་ལྷ་གཞི་བདག་ཟོ་དོར་ཀུན། །དངོས་འབྱོར་ཡིད་སྦྲུལ་མཅོད་སྤྱིན་མི་འཛད་གཏེར། །འབུལ་ལེ་བཞེས་ལ་སྤྱི་སྒོས་བསྲུང་བྱ་ཡི། །མི་ལ་ན་ཚ་གྱོད་མཁོན་མི་འདོད་རྐྱེན། །ནོར་ལ་ཉ་གློ་སྟེ་འགགས་ལ་སོགས་ནད། །རྟ་དྲིལ་བོང་བུར་གནོད་ཅིང་འཚེ་བའི་རིགས། །ར་དང་ལུག་གི་ནད་རྣམས་མ་ལུས་ཀུན། །གཅིག་ཏུ་བསྡུས་ཏེ་སྡང་བའི་དགྲ་ལ་བཟློག །མིང་ཙམ་ལྷག་མ་ཙམ་ཡང་མེད་པ་མཛོད། །ཞིང་ལ་བཙའ་ཐན་སེར་གསུམ་མི་འབྱུང་ཞིང་། ལོ་ལེགས་འབྲུ་འཕེལ་བསམ་དོན་ཀུན་གྲུབ་ཅིང་། །དུས་འཁྲུགས་མཚོན་གྱི་བསྐལ་པ་ཞི་ནས་ཀྱང་། །བསྐལ་པ་རྫོགས་ལྡན་དཔལ་ཡོན་མངོན་གྱུར་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པའི་ཕྲིན་ལས་མཛོད།། ཀུན་བཟང་གཞན་ཕན་གྱིས་སོ།། དགེའོ།། །།ཟ་དུའི་བསྐང་བསྡུས་བསྟན་དགྲ་ཚར་གཅོད་ལས་བཞི་ཕྲིན་ལས་ལྷུན་གྲུབ་བཞུགས། ན་མོ་མ་ཧཱ་གུ་རུ་པདྨ་ཀཱ་ར་ཡེ། །སྐུ་གསུམ་རྒྱལ་བརྒྱ་མཚོའི་སྤྱི་གཟུགས་མཆོག །ལྷ་སྲིན་དྲེགས་པ་ཀུན་གྱི་གཉེན་གཅིག་བུ། །རང་བྱུང་ལྷུན་གྲུབ་པདྨ་རྒྱལ་པོ་དང་། །དབྱེར་མེད་འཇིགས་མེད་གླིང་པས་དགེ་ལེགས་སྩོལ། །དེ་ལ་ཡང་འདིར་དྲེགས་པ་ཟ་དུའི་ལས་ལ་འཇུག་པར་འདོད་པ་དག་གིས་དཀར་གཏོར་དཀར་གྱིས་བརྒྱད་པ་དང་། དམར་གཏོར་དམར་གྱིས་བརྒྱན་པ་འདོད་དགུའི་རྫས་སུ་བྱིན་གྱིས་བརླབས་ཏེ། རཾ་ཡཾ་ཁཾ། ༀ་ཨཱཿཧཱུྃ། སྐུ་གསུམ་དགུ་ལྡན་རྩ་རྒྱུད་བླ་མ་དང་། །ཡི་དམ་ཞི་ཆགས་ཁྲོ་བོའི་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་བཀའ་སྲུང་གཏེར་སྲུང་རྣམས། །འདོད་ཡོན་ལྔ་ལྡན་དཀར་དམར་གཏོར་མ་དང་། །ཟག་མེད་བདུད་རྩེ་གསེར་སྐྱེམས་མཆོད་པ་འདི། །བཞེས་ལ་དུག་གསུམ་ལོག་སྦྱོར་དགྲ་ཟླའི་སྡེར། །སྒོ་གསུམ་བཟང་འབྲེལ་ཟོལ་གྱིས་ཐབས་གྱུར་ནས། །སྙིང་རྗེའི་རྩལ་ལས་རྡོ་རྗེ་ཁྲོས་པའི་ཤུགས། །ཕྱུངས་ཏེ་དྲག་ཤུལ་མཐུ་ཡིས་ཟ་དུ་གྱིས། །ཁྱད་པར་དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག །ཡབ་ཡམ་སྲས་འཁོར་སྤྲུལ་པ་ཡང་སྤྲུལ་བཅས། །མགོན་ཆེན་སྡེ་ལྔ་མ་མོར་ལ་གཅིག་མ། །གཟའ་མཆོག་ཆེན་པོ་སྐྱེས་བུ་རྡོར་ལེགས་དང་། །དམ་ཅན་སྡེ་ལྔ་སྡེ་བདུན་དུ་ཁྲོད་ཀྱི། །ལྷ་མོ་ངན་ནེ་མ་སོགས་སྤྲུལ་འཁོར་བཅས། །འདོད་ཡོན་ལྔ་ལྡན་དཀར་དམར་གཏོར་མ་དང་། །ཟག་མེད་བདུད་རྩི་གསེར་སྐྱེམས་མཆོད་པ་འདི། །བཞེས་ལ་དུག་གསུམ་ལོག་སྦྱོར་དགྲ་ཟླའི་སྡེར། སྒོ་གསུམ་བཟག་འབྲེལ་ཟོལ་གྱིས་ཐ་བས་གྱུར་ནས། །སྙིང་རྗེའི་རྩ་ལས་རྡོ་རྗེ་ཁྲོས་པའི་ཤུགས། །ཕྱུངས་ཏེ་དྲག་ཤུལ་མཐུ་ཡི་ཟ་དུ་གྱིས། །གཞན་ཡང་གསང་སྔགས་སྔ་འགྱུར་ཕྱི་འགྱུར་གྱི། །བསྟན་བསྲུང་དམ་ཅན་རྒྱ་མཚོ་སྤྱི་དང་ནི། །ཁྱད་པར་རྫོགས་ཆེན་སྡེ་གསུམ་ཀློང་དགུ་ཡི། །བཀའ་སྲུང་གཏེར་སྲུང་ཡུལ་ལྷ་ཟོ་དོར་རིགས། །བསྟན་འགྲོར་ཕན་བདེ་སྤྱོད་བྱེད་ཚོགས་རྣམས་ཀུན། །འདོད་ཡོན་ལྔ་ལྡན་དཀར་དམར་གཏོར་མ་དང་། །ཟག་མེད་བདུད་རྩི་གསེར་སྐྱེམས་མཆོད་པ་འདི། །བཞེས་ལ་དུག་གསུམ་ལོག་སྦྱོར་དགྲ་ཟླའི་སྡེར། །སྒོ་གསུམ་བཟང་འབྲེལ་གྱིས་ཐབས་གྱུར་ནས། །སྙིང་རྗེའི་རྩལ་ལས་རྡོ་རྗེ་ཁྲོས་པའི་ཤུགས། །ཕྱུངས་ཏེ་དྲག་ཤུལ་མཐུ་ཡི་ཟ་དུ་གྱིས། །རྩ་གསུམ་དམ་ཅན་རྒྱ་མཚོ་ཁྱེད་རྣམས་ལ། །རབ་འབྱམས་ཕྲིན་ལས་བཅོལ་བའི་མདོ་ཉིད་ནི། །བསྟན་འགྲོར་ཕན་བདེ་རྒྱ་ཆེན་སྦྱོར་བ་དང་། །བསྟན་དང་བསྟན་འཛིན་ཚོགས་རྣམས་རྟག་སྐྱོངས་ཤིག །རབ་འབྱམས་ཕྲིན་ལས་འགྲུབ་པའི་སྡོང་གྲོགས་དང་། །འགལ་ཟླར་མཐུ་སྟོབས་དྲག་པོས་ཚར་བཅད་མཐར། །དབང་སྐུར་བྲན་དུ་གྱུར་ནས་རྗེས་བཟུང་ཚེ། །རུ་ང་ཕྲག་དོག་ཀོ་ལོང་མི་མཛད་པར། །འབྲེལ་ཚད་དགེ་ལ་སྦྱོར་ནུས་རྟེན་འབྲེལ་དང་། །དགྲ་ཟླ་བྱང་ཆུབ་ལམ་དུ་བཀོད་ནས་སུ། །ཐར་པ་མཆོག་གི་གོ་སར་དབུགས་དབྱུང་མཛོད། །ཅེས་པ་འདི་ཡང་རས་པ་དམ་ཙིག་རྡོ་རྗེའི་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་རྣལ་འབྱོར་པ་ཀུན་བཟང་གཞན་ཕན་གྱིས་སྤེལ་བའི་ཡི་གེ་པ་ནི་འོད་ཟེར་དཔལ་འབར་གྱིས་བགྱིས་པའི་དགེ་བས་རྒྱལ་བསྟན་དར་ཞིང་རྒྱས་པར་གྱུར་ཅིག། དགེའོ།། །།


previousསྡེ་བརྒྱད་པ་བསུས་པ་ཡིད་བཞིན་དབང་རྒྱལ།next