Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་གྱི་དབང་ཆོག་མ་རིག་མུན་སེལ་འོད་ཟེར་འབུམ་ལྡན།


 
previousབདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་གྱི་དབང་ཆོག་མ་རིག་མུན་སེལ་འོད་ཟེར་འབུམ་ལྡན།no next

བདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་གྱི་དབང་ཆོག་མ་རིག་མུན་སེལ་འོད་ཟེར་འབུམ་ལྡན།

༄༅། །དམ་ཆོས་བདེ་ཆེན་ལམ་མཆོག་ལས། བདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་གྱི་དབང་ཆོག་མ་རིག་མུན་སེལ་འོད་ཟེར་འབུམ་ལྡན་ཞེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་ཨ་མི་ཏཱ་བྷ་ཡེ། ཚེ་དཔག་མེད་མགོན་འཆི་མེད་ལམ་ཆེན་ལས། །མཁྱེན་བརྩེའི་འོད་སྣང་སྟོང་དུ་འབར་བའི་གཟིས། །མཐའ་ཡས་འགྲོ་བའི་མུན་སློང་གསལ་མཛད་གཉེན། །བླ་མ་འཇིགས་མེད་གླིང་པ་སྤྱི་བོར་མཆོད། །གང་གི་བཞེད་གཞུང་དཔག་མེད་མྱུར་ལམ་མཚོ། །རྣམ་དཔྱོད་ལྷ་ཆེན་འཚོགས་པས་ལེགས་བསླབ་དོན། །སྨིན་བྱེད་འོད་ཟེར་འབུམ་ལྡན་མ་ཎི་ཀ །སྐལ་བཟང་མཚོ་སྐྱེས་བཞད་པའི་གཉེན་དུ་ངོམ། །དེ་ལ་འདིར་བདེ་བ་ཅན་གྱི་དབང་ཆོག་འོད་ཟེར་འབུམ་ལྡན་ཡི་གེའི་རིས་སུ་འགོད་པ་ལ། སྔོན་འགྲོ་དངོས་གཞི་རྗེས་སོ། །དང་པོ་ལ་དཀྱིལ་འཁོར་བཤམ་བཀོད་ནི། སྤྱི་གཞུང་ལྟར་དང་། བྱེ་བྲག་གཙོ་ལས་ཀྱི་བུམ་པ་གཉིས་དང་ལྷ་དབང་གི་ཙ་ཀླི་དང་བཅས་གཤམ་པའོ། །གཉིས་པ་བདག་བསྐྱེད་བཟླས་པ་བཅས་རྫོགས་ནས་མདུན་བསྐྱེད་གཞུང་ལྟར་དང་། གཙོ་བུམ་དུ་ཡང་འདི་ལྟར་བསྐྱེད་པར་བྱ་སྟེ། བུམ་པ་བདུད་རྩིས་གང་བའི་དབུས་སུ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁྲི་སྟེགས། ཞེས་པ་ནས། པདྨ་ཀ་མ་ལ་ཡེ་སྟྭཾ། ཡན་གཞུང་ལྟར་དང་། མཆོད་པའི་སྐབས། ཇི་སྙེད་སུ་དག་སོགས་ཚང་བར་བརྗོད་ནས། བདག་གི་ཐུགས་ཀའི་འོད་ཟེར་གྱིས་བུམ་པའི་ལྷ་ཚོགས་ཀྱི་ཐུགས་རྒྱུད་བསྐུལ་འོད་ཟེར་ཡར་འཕྲོས། རྒྱལ་བ་སྲས་བཅས་མཆོད། བྱིན་ནུས་བསྡུས། མར་འཕྲོས་འགྲོ ཁམས་ཡོངས་ཀྱི་སྒྲིབ་ཚོགས་སྦྱངས། ཚུར་འདུས་ལྷ་ཚོགས་རྣམས་ལ་ཐིག་མ་སྨིན་པར་ནུས་པའི་དཔལ་ཡོན་ཡོངས་སུ་རྫོགས་པར་གྱུར། ཞེས་བསམས་པ། བསྙེན་གཞུང་ལྟར་དབྱངས་གསལ་སྦྲེལ་ཏེ་ཅི་ནུས་བཟླས་མཐར་བཟང་སྤྱོད་ཚད་གཅིག་གི་མཐར། ལྷ་རྣམས་འོད་ཀྱི་རང་བཞིན་དུ་ཟུ་ནས་བུམ་ཆུ་དང་དབྱེར་མེད་གྱུར། ཞེས་དང་། བདག་དབང་བླ་བ་ནི །མདུན་བསྐྱེད་གནས་ལྔར་ཁ་དོག་སྣ་ལྔའི་འོད། །འཇའ་ཚོན་ཚུལ་དུ་བྱུང་ནས་རང་ཉིད་ཀྱི། གནས་ལྔར་ཐིམ་པས་བྱིན་ནུས་ཀུན་ཐོབ་གྱུར། །ཞེས་བསྙེན་པའི་སྔགས་ལ་འདི་བཏགས་བཟླ། ཀཱ་ཡ་ཝཀྐི་ཙིཏྟ་སིདྡྷི་ཧཱུྃ། སྐབས་འདིར་ལས་བུམ་བསྒྲུབ་པ་ནི། ལམ་བུམ་དུ་ཁྲོ་བོ་མགྲིན་དམར་པོ་དབྱུག་ཏོ་དང་སྡིག་མཛུབ་མཛད་པ་གསལ་བའི་ཐུགས་ཀཱི་འོད་ཟེར་འཔྲོས་འདུས་དོན་གཉིས་བྱས་སྐུ་ལས་བདུད་རྩིའི་རྒྱ་བབས་པས་བུམ་པ་ཁེངས་པར་བསམ། མཐར་མཆོད་ཅིང་བསྟོད་ནས། །ཡེ་ཤེས་པ་དམ་ཚིག་གི་ཆུ་དང་དབྱེར་མེད་དུ་གྱུར། ཞེས་བསམ་མོ། །དེ་ནས་སློབ་མ་རྣམས་བདུན་དུ་འཁོད་པ་ལ། ཧཱུྃ། སྒྲིབ་གཉིས་ལས་བྱུང་ནད་གདོན་གྲིབ། །ཉམས་ཆག་ཉེས་ལྟུང་དྲི་མའི་ཚོགས །ལྷ་སྔགས་ཏིང་འཛིན་རོལ་པའི་ཆུས། །བཀྲུ་བར་བགྱི་འོ་དག་གྱུར་ཅིག །ༀ་བཛྲ་ཀྲོ་ཏ་ཧྱགྷྲྀ་ཝ་ཧཱུྃ་ཕཊཿ དང་ཡིག་བརྒྱའི་སྔགས་ཀྱིས་བཀྲུ་བྱས་ནས། བགེགས་གཏོར་བསངས་སྦྱངས་བྱས་ལ། བསྔོ་ཚིག་གང་རུང་གིས་བསྔོས་ནས་བདེན་སྟོབས་བརྗོད་ཅིང་དྲག་སྔགས་དང་རྫས་རྔ་རོལ་མོ་བཅས་ཀྱིས་བསྐྲད་མཐར་བསྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་བྱ། ༈ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མགོན་པོ་འོད་དཔག་ཏུ་མེད་པའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་ནས་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པའི་སྒོ་ནས་གསན་པ་ནི་གལ་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་དེ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས་པས་ནམ་མཁའ་མཐའ་མེད་པ་བཞིན་སེམས་ཅན་མཐའ་མེད་ཅིང་དེ་ལ་ཕན་སེམས་ལན་གཅིག་སྐྱེས་པ་ཡང་། ཚད་མེད་པའི་སྦྱོར་བ་སེམས་བསྐྱེད་དམ་པས་ཟིན་པ་དང་། དངོས་གཞི་ཆོས་ཉན་པའི་སྐྱོན་གསུམ་དྲི་མ་དྲུག་མི་འཛིན་པ་ལྔ་དང་བཅས་པ་སྤངས་ནས། འདུ་ཤེས་བཞི་དང་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བའི་སྒོ་ནས་ཉན་དངོས་པར་གསུངས་པ་ལྟར་དམིགས་མེད་དམ་པས་ཟིན་བཞིན་ཉན་པ་ནི་གལ་ཆེ། དེ་ཡང་གང་མཉམ་པར་བྱ་བ་ཡང་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་ཆེ་བ་རྣ་ཀྱིས་འདུལ་བྱ་སེམས་ཅན་གྱི་བློ་རིགས་མ་ཟད་པར་འདུལ་བྱེད་ཀྱི་ཆོས་གང་ཟག་གི་དབང་པོ་དང་སྐལ་པར་འཚམས་པའི་མདོ་དང་། རྒྱུད་དང་། བཀའ་མ་དང་། གཏེར་མ་དང་། དག་སྣང་སོགས་མང་དུ་འབྱུང་བ་ཡིན་ཏེ། བཟང་སྤྱོད་ལས། །ནམ་མཁའི་མཐར་ཐུག་གྱུར་པའི་ཇི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཇི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་གསུངས་པས་ན། ཚད་མ་གསུམ་གྱི་སྲང་ལ་བཏེགས་པའི་གཞུང་བཟང་འདི་ལྟ་བུ་ལ་ཐེ་ཚོམ་མི་རུང་ཞིང་། བྱིན་གྱིས་བརླབས་པའི་བཀའ་བསྙོན་དུ་མེད་དེ། སྡུད་པ་ལས། རྒྱལ་བས་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། །འཆད་དང་རིགས་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པ་སྐྱེས་བུའི་མཐུ། །ཞེས་དང་། དེར་མ་ཟད་འགྲོ་བ་གང་གི་རྒྱུད་ལ་དགེ་སེམས་སྐད་ཅིག་མ་གཅིག་སྐྱེས་པ་ཡང་རྒྱལ་བའི་ཐུགས་རྗེ་ལས་བྱུང་བ་ཡིན་ཏེ། སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུར་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་རྒྱ་ལམ་ན། འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་སོ། །དེས་ན་གཞུང་འདི་ཉིད་ཀྱང་དོན་གྱི་སླད་དུ་མཚན་ནས་བརྗོད་ན་སྤྲུལ་པའི་སྐུ་མཆོག་རིག་འཛིན་འཇིགས་མེད་གླིང་པ་ཞེས་ཇི་ལྟ་བ་བཞིན་མཁྱེན་པའི་ཡེ་ཤེས་དོན་དམ་ཆོས་ཉིད་ཀྱི་བདེན་པ་ཛོགས་པ་ཆེན་པོའི་རང་ཞལ་མངོན་དུ་མཐོང་ཞིང་། ཇི་སྙེད་མཁྱེན་པའི་ཡེ་ཤེས་རང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པས། ད་ལྟའི་དུས་ཀྱི་ཆེན་པོར་རློམས་པ་སུས་ཀྱང་བརྗི་བར་མི་ནུས་པའི་སྐྱེས་བུ་ཆེན་པོ་དེ་ཉིད་ཀྱིས་བཀའ་རྩོམས་རྣམས་འཆོས་སྐྱོབས་ཀྱི་ཡོན་ཏན་གཉིས་དང་ལྡན་ཞིང་། ཁྱད་པར་ཆོས་ཉིད་ཀྱི་བདེན་པ་མཐོང་ཞིང་ཡི་དམ་ལྷའི་ཞལ་མཇལ་བ། ཤེས་བྱ་ཐམས་ཅད་ལ་ཐོགས་པ་མི་མགའ་བའི་བློ་གྲོས་རྒྱས་པ་ལ་སོགས་སྟོན་མཆོག་ཐུབ་པའི་དབང་པོའི་རྗེས་སྙོགས་ངེས་པ་ཡང་། རྒྱུད་བླ་མ་ལས། གང་ཞིག་ཐར་བའི་ལམ་དག་རྗེས་མཐུན་པ། །དེ་ནི་དྲང་སྲོང་བཀའ་བཞིན་སྤྱི་བོར་ལོངས། ཞེས་སོ། །དེ་ཡང་བདེ་བ་ཅན་གྱི་ཆོ་ག་དཔག་མེད་མྱུར་ལམ་འདི་ནི། རྗེ་ཉིད་ཀྱི་གསུང་ལས། མདོ་ལ་ཆོ་ག་དངོས་བསྟན་གབ་ན་ཡང་། །དོན་ལ་སྟོན་པ་རྒྱལ་པའི་ཕྲིན་ལས་ཕྱིར། །སྡོམ་པའི་ཀུན་སྤྱོད་མཚུངས་པ་ཡོ་ག་ལྟར། །བཀྲལ་བས་སེམས་ཅན་ཀུན་ལ་སྨན་གྱུར་ཅིག །ཅེས་གསུངས་པ་བགཞིན་པད་མ་དཀར་པོའི་མདོ་དང་། འོད་མདོ་སོགས་ནས་ཆོ་ག་མ་བསྟན་ཡང་། འཆི་མེད་རྔ་སྒྲ་ལས། ཆོ་གའི་སྦྱོར་བ་ཇི་བཞིན་གསུངས་པ་དང་། དེར་མ་ཟད་རྒྱུད་ལུང་མན་ངག་དུ་མ་ནས་རིགས་ལྔའི་དཀྱིལ་འཁོར་མང་དུ་གསུངས་པ་རྣམས་དང་ཚུལ་མཐུན་པར། ད་ལམ་བདེ་བ་ཅན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། བདག་གིས་བགྱི་འོས་རྣམས་ཆད་ལྷག་མེད་པར་གྲུབ་ཟིན་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་མཎྜ་ལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ་བྱ་རྗེས་སྐཡབས་འགྲོ་འདིའི་རྗེས་ཟློས་མཛོད། ཅེས་བརྗོད་ལ། བདག་སོགས་མཁའ་མཉམ་སྲིད་པའི་འགྲོ། །འཁོར་བའི་ལམ་ལས་ལྡོག་ནས་ཀྱང་། །མཆོག་གསུམ་ངོ་བོ་འོད་ཀྱི་ལྷར། །སྙིང་ནས་གུས་པས་སྐྱབས་སུ་མཆི། །ལན་གསུམ་དང་། སེམས་སྐྱེད་ནི། ༈ ཉོན་མོངས་དབང་གྱུར་འགྲོ་བ་རྣམས། །སྡུག་བསྔལ་རྒྱ་མཚོ་བསྒྲལ་ནས་སུ། །བདེ་ཆེན་འགྱུར་མེད་གནས་ཐོབ་ཕྱིར། །སྨོན་འཇུག་བྱང་ཆུབ་སེམས་མཆོག་བསྐྱེད། །ལན་གསུམ་དང་། རྒྱུན་བཤགས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱི་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིད་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་རྗེས། དབང་དངོས་གཞིའི་དོན་དུ་མཎྜལ་ཕྲུལ་ལ། ཀྱེ་བླ་མ་འོད་དཔག་མེད་མགོན་དང་། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །སངས་རྒྱས་བྱང་ཆུབ་ཚོགས་རྣམས་ལ། །གསོལ་བ་འདེབས་སོ་དབང་བསྐུར་སྩོལ། །ལན་གསུམ་སོང་རྗེས། ཡེ་ཤེས་པ་དབབ་པའི་དོན་དུ་དམིགས་པ་འདི་བཞིན་མཛོད། ཅེས་བརྗོད་ནས། ༀ་བཛྲ་ཀྲོ་ཏ་ཧྱ་གྲི་ཝས་ལས་བུམ་ཆུས་བསངས་ནས། ཁྱེད་རང་རྣམས་ཀྱི་གདོས་བཅས་ཤ་ཁྲག་གི་ཕུང་པོ་དེ་མི་དམིགས་པ་སྟོང་པའི་ངང་ལས་པདྨ་དམར་པོ་འདབ་མ་སྟོང་ལྡན་གྱི་སྟེང་དུ་ཉི་མའི་གདན་ལ་ཁྱེད་རང་རྣམས་བཅོམ་ལྡན་འདས་འོད་སྣང་མཐའ་ཡས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་ཅིང་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ། སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་བྱེ་བས་འཁྱུད་པའི་གཟི་བྱིན་ཅན་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པའི་སྟེང་དུ་ལྷུང་བཟེད་ཀྱིས་མཚན་པའི་ཕྱག་གཉིས་མཉམ་པར་བཞག་ཅིང་། དར་དམར་སེར་གྱི་ཤམ་ཐབས་སྔོན་པོའི་བླ་གོས། དམར་པོའི་སྣམ་སྦྱར་ཅན། དབུའི་གཙུག་ཏོར་བལྟར་མི་མངོན་པ་ལ་སོགས་པའི་མཚན་དཔེའི་རྒྱན་མཚང་བ་མེད་པས་བརྒྱན་པའོ། །དེ་ལྟར་དུ་གསལ་བའི་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་ཆ་སྨད་དུ་ཧཱུྃ་མཐིང་ག་དང་སྟོད་དུ་ཧྲཱིཿཡིག་དམར་པོ་གསལ་བ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས་སྐུ་གསུམ་རྒྱལ་བའི་ཞིང་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས་མགོན་པོ་འོད་དཔག་ཏུ་མེད་པ་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ནས་ཁྱེད་རང་རྣམས་ལ་ཁ་ཆར་རྒྱ་མཚོར་ཐིམ་པ་བཞིན་དཌྱེར་མེད་དུ་གྱུར་པའི་མོས་པ་མཛོད། ཅེས་དང་། ༀ་ཨཱ་མི་ཏ་བྷ་ཧྲཱིཿ ཨཾ་ཨ་རོ་ལི་ཀ་སརྦ་ས་མ་ཡཱ་ཨ་བེ་ཤ་ཡ་ཕེཾ་ཕེཾ། ཧྲིཾ་ཧྲིཾ། ཛ་ཛཿ ཞེས་མང་དུ་བརྗོད་མཐར། ཡེ་ཤེས་དབབ་པ་དེ་ཉིད་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ཧཱུྃ། ཞེས་རྡོ་རྗེ་སྤྱི་བོར་བཞག་གོ །དེ་ནས་བུམ་པའི་དབང་བསྐུར་བ་ནི། བཅོམ་ལྡན་འདས་ཀྱི་ཕྱག་གི་ལྷུང་བཟེད་ནས་བདུད་རྩིའི་རྒྱན་ཀུང་བ་བུམ་ཆུ་དང་དབྱེར་མེད་དུ་གྱུར་བཞིན་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དང་། །དེས་བསྐྱེད་པའི་ཚེ་དང་བསོད་ནམས་ཉམས་པར་བྱེད་པའི་རྒྱུ་ཅན་ཐམས་ཅད་བྱང་ཞིང་དག །སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་ཐོབ་པའི་མོས་་པ་མཛོད། ཅེས་བརྡ་སྦྱར་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་སྐུར་རོ། །ༀ་ཨཱ་མི་ཏ་བྷ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ༀ། སྤྲོན་སྔགས་རིང་བརྗོད། དེ་ལྟར་དབང་བསྐུར་བས་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་ལོངས་སྐུ་ཚེ་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། ཞེས་དང་། བཅོམ་ལྡན་འདས་ཀྱི་སྨིན་མཚམས་ནས་རང་འདྲིའི་ཚེ་ལྷ་དཔག་མེད་སྤྲོས། སློབ་མ་རྣམས་ཀྱི་སྨིན་མཚནས་སུ་ཐིམ་པས་སྐུའི་དབང་དང་བྱིན་རླབས་ཐོབ་པའི་མོས་པ་གྱིས། ཞེས་བརྗོད་ནས། སྐུ་སྤྱི་བོར་བཞག་ལ། གང་སྐུ་པདྨ་རཱ་གའི་ལྷུན་པོ་ལ། །མཚན་དཔེའི་འོད་སྟོང་འཁྱུད་པའི་གཟི་འོད་ཀྱིས། །འཁོར་བའི་སྡུག་བསྔལ་སྨག་རུམ་ཡོངས་སེལ་གཉེན། །འོད་མཚན་སྟོང་འབར་སྐུ་ཡི་དབང་ཐོབ་ཤོག །ༀ་ཨཱ་མི་ཏ་བྷ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་ༀཿ སྔགས་ཕྲེང་མགྲིན་པར་བཞག་ལ། གང་སྐུ་པདྨ་རཱ་གའི་ལྷུན་པོ་ལ། །མཚན་དཔེའི་འོད་སྟོང་འཁྱུད་པའི་གཟོ་འོད་ཀྱིས། །འཁོར་བའི་སྡུག་བསྔལ་སྨག་རུམ་ཡོངས་སེལ་གཉེན། །འོང་མཚན་སྟོང་འབར་གསུང་གི་ཐོབ་ཤོག །ༀ་ཨཱ་མི་ཏ་བྷ་ཧྲཱིཿ ལྦཀྐ་ཨ་བྷིཥིཉྩ་ཨཱཿ ཏིང་འདིན་སེམས་དཔའི་ངོ་བོ་བྷྲཱིཿཡིག་སྙིང་གར་བཞག་ལ། གང་སྐུ་པདྨ་རཱ་གའི་ལྷུན་པོ་ལ། །མཚན་དཔེའི་འོད་སྟོང་འཁྱུད་པའི་གཟི་འོད་ཀྱིས། །འཁོར་བའི་སྡུག་བསྔལ་སྨག་རུམ་ཡོངས་སེལ་གཉེན། །འོད་མཚན་སྟོང་འབར་ཐུགས་ཀྱི་དབང་བསྐུར་རོ། །ༀ་ཨ་མི་ཏ་བྷ་བྷྲཱིཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ལག་གཡས་སུ་ཐབས་ཀྱི་ཚེ་རིལ་གཏད་ལ། ཧྲཱིཿ བདེ་མཆོག་འགྱུར་མེད་ཚེ་རིལ་ཐབས་ཀྱི་རྫས། །ཁྱོད་ལ་སྦྱིན་པས་འཁོར་འདས་སྣང་བའི་གཟུགས། །ཀུན་གྱི་བཅུད་བསྡུས་ཚེ་དཔག་བསོད་ནམས་དབྱིག །ལོངས་སུ་སྤྱོད་པའི་མཐུ་ནུས་སྟོབས་ལྡན་ཤོག །ཚེ་གཟུངས་བརྗོད་བཞིན་མེ་ཏོག་འཐོར། །མངར་གསུམ་སྦྱར་བའི་འོ་མ་གཏད་ལ། ཧྲཱིཿ རྣམ་ཀུན་མཆོག་ལྡན་ཤེས་རབ་འོ་མའི་ཆབ། །ཁྱོད་ལ་སྦྱིན་པས་རྟེན་ཅིང་འབྲེལ་འབྱུང་དབྱིངས། །མི་འགྱུར་མི་ཤིགས་རྟག་བརྟན་གཞོམ་ཞིག་བྲལ། །གོང་བཞིན་ཚེ་གཟུངས་དང་ནས་མཐོར། མཐར་ཚེ་ལྷ་བསྐུལ་ཞིང་རྒྱས་གདབ་བྱ་བ་ནི། མདའ་དར་གཡབ་ཅིང་། ཧྲཱིཿ ཆོས་སྐུ་མི་འགྱུར་རྡོ་རྗེའི་ཚེ་ཁུག་ཅིག །ལོངས་སྐུ་མི་འགག་པདྨའི་ཚེ་ཁུག་ཅིག །སྤྲུལ་སྐུ་མི་འགྱུར་གཡུང་དྲུང་ཚེ་ཁུག་ཅིག །ཕྱི་སྣོད་བརྟན་པ་འབྱུང་ལྔའི་ཚེ་བཅུད་ཁུག །ནང་བཅུད་གཡོ་བ་སྐྱེ་འགྲོའི་ཚེ་བཅུད་ཁུག །མདོར་ན་སྲིད་ཞིའི་བདེ་སྐྱིད་དཔལ་དང་གཡང་། །མ་ལུས་འདིར་ཁུག་འདིར་བསྡུས་འདིར་ཚོགས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་སྩོལ་ཅིག །ཚེ་གཟུངས་བརྗོད་ཅིང་རྒྱས་གདབ་པ་ནི། ཧྲཱིཿ ལུས་ལ་རྡོ་རྗེའི་རྒྱས་གདབ་པས། གཞོམ་ཞིག་བྲལ་བའི་དཔལ་ཐོབ་ཤོག །ངག་ལ་སྔགས་ཀྱི་རྒྱས་བཏབ་པས། །རབ་འབྱམས་ཕྲིན་ལས་ཡོངས་གྲུབ་ཤོག །ཡིད་ལ་ཡེ་ཤེས་རྒྱས་བཏབ་པས། །མི་ཤེས་འཁྲུལ་རྟོག་མུན་སངས་ཤོག །སྲིད་པར་ཞི་བའི་རྒྱས་བཏབ་པས། །སྡུག་བསྔལ་རྒྱུ་འབྲས་ཡོངས་དག་ཤོག །ཅེས་བརྗོད་རྗེས་སུ་གཏང་རག་གི་མཎྜ་ལ་ཕུལ་ལ། དམ་ཚིག་གི་ཁས་ལེན་དང་བཀྲ་སིས་བརྗོད་མཐར། བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ། །འདིར་སྨྲས་པ། རྗེ་བཙུན་བླ་མའི་ཐུགས་བསྐྱེད་སྐྱ་རེངས་ཀྱིས། ཉེ་བར་སྨིན་བྱེད་འོད་ཟེར་འབུམ་ལྡན་འདི། །གསལ་བར་བྱས་ཚེ་སྐལ་བཟང་མཚོ་སྐྱེས་ཚལ། །གཅིག་ཆར་དགོད་ཅིང་དོན་གཉེར་རྐང་དྲུག་ཁྱུ། །སྙན་པའི་གླུ་ལེན་དགའ་བའི་ཟློས་གར་དང་། །ཆབས་ཅིག་སྙིང་པོའི་བཅུད་མྱོང་ནུས་སྟོབས་ཀྱིས། །འཕྲལ་ཕུག་ཕན་བདེའི་ལང་ཚོ་བདོ་བའི་དཔྱིད། །རྫོགས་ལྡན་སྙིང་པོའི་སྐལ་པ་འཕོས་པ་བཞིན། །ཐོག་མཐའ་བར་གསུམ་དགེ་བའི་རྒྱུར་གྱུར་ཅིག །ཅེས་རྗེ་བླ་མ་ཐམས་ཅད་མཁྱེན་པའི་བཀའ་རྩོམས་དཔག་མེད་མྱུར་ལམ་ལ་སྦྱར་རྒུའི་དབང་ཆོག་འོད་ཟེར་འབུམ་ལྡན་ཞེས་པ་འདི་ནི་སྔ་འགྱུར་རྫོགས་པ་ཆེན་པོའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གི་མངའ་བདག་རིག་འཛིན་ནམ་མཁའ་འཇིགས་མེད་རྡོ་རྗེའི་བཀའ་སྩལ་གསེར་གྱི་ཅོད་པ་ན་སྤྱི་བོར་བཅིངས་ནས་སྤེལ་བ་པོ་འཇིགས་མེད་ཕྲིན་ལས་འོད་ཟེར་བགྱིས་ཤིང་ཡི་གེ་པ་ནི་མགོན་པོ་བསམ་འགྲུབ་ཀྱིས་བགྱིས་པའི་དགེ་བས་འགྲོ་རྣམས་བདེ་ཆེན་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག །འདི་མཛད་པ་པོ་རྡོ་གྲུབ་ཆེན་ནོ།། །།འུྃཿ བླ་མ་དྲག་པོ་རྟ་ཁྱུང་འབར་བའི་གསོལ་འདེབས་བཞུགས་སོ། ༈ རྒྱལ་བ་ཀུན་བཟང་སྟོང་མཆོག་རྡོ་རྗེ་སེམས། །དགྱེས་པ་རྡོ་རྗེ་དཔལ་གྱི་སེངྒེའི་ཞབས། །མཉྫུམི་ཏྲ་ཛྙཱ་ན་སཱུ་ཏྲ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ། །བི་མ་པད་འབྱུང་ཐུགས་སྲས་རྗེ་འབངས་གྲོགས། །ཀློང་ཆེན་རབ་འབྱམས་མཁྱེན་འཇིགས་མེད་གླིང་། །སྐྱབས་ཀུན་ཡོངས་འདུས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་གྲོལ་བྱེད་ལམ་སྣ་སྟོན། །རྒྱལ་ཀུན་སྤྱི་གཟུགས་ཨོ་རྒྱན་རྡོ་རྗེ་འཆང་། །གདུལ་དཀའི་གཤེད་དུ་འཆོལ་བའི་ཁྲོ་རྒྱལ་སྐུར། །ཡོངས་ཤར་དྲག་པོ་རྟ་ཁྱུང་དཀྱིལ་འཁོར་ལྷར། །གསོལ་བ་འདེབས་སོ་འབྲས་བུ་ཐོབ་གྲོལ་སྩོལ། །རང་ངོ་མ་མཐོང་གཉིས་འཛིན་ལས་ཀྱི་གདངས། །སྣ་ཚོགས་ཡུལ་ལ་འཕོས་པའི་རྐྱེན་སྣ་ཚོགས། །གཉིས་མེད་མཉམ་པ་ཆེན་པོར་རང་གྲོལ་ནས། །ལྷུན་གྱིས་གྲུབ་པའི་རིག་འཛིན་མཆོག་བརྙེས་ཤོག །ཅེས་པའང་ཆོས་གཟུགས་ནམ་མཁའ་ཚེ་དབང་མཆོག་གྲུབ་པས་བྲིས་པ་མངྒ་ལམ།། །།


previousབདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་གྱི་དབང་ཆོག་མ་རིག་མུན་སེལ་འོད་ཟེར་འབུམ་ལྡན།no next