Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།

6 occurrences of གཏེར་སྲུང་
[Clear Hits]


  
  
  
  
  
  
  
 
གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་ཆོག་འོད་དཀར་མཐའ་ཡས།
 
  
  
  
 
  
  
  
  
  
  
  
  
  
 
  
  
  
  
  
  
 
  
  


6 occurrences of གཏེར་སྲུང་
[Clear Hits]

 
previousགསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་ཆོག་འོད་དཀར་མཐའ་ཡས།next

གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་ཆོག་འོད་དཀར་མཐའ་ཡས།

༄༅། །ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་ཆོག་འོད་དཀར་མཐའ་ཡས་བཞུགས།

ན་མོ་གུ་རུ་མ་ཧཱ་ཀ་རུ་ཎི་ཀ་ཡེ། །རྒྱལ་རྣམས་དགོངས་དབྱིངས་འཆི་མེད་ལམ་ཆེན་ལས། །སྲིད་པའི་སྡུག་བསྔལ་ཚ་གདུང་སེལ་བའི་གཉེན། །ཐུགས་རྗེའི་འོད་དཀར་མཐའ་ཡས་སྤྲོ་བ་ཅན། །བླ་མ་ཟླ་བའི་མདངས་འཛིན་ཡིད་མཚོར་རོལ། །མཁྱེན་གཉིས་ནང་གསལ་ཆོས་སྐུར་འུབ་ཆུབ་ཀྱང་། །བྱམས་བརྩེའི་དམ་བཅའ་དུས་ལས་ཡོལ་མིན་གཟུགས། །ལྷུན་གྲུབ་ལོངས་སྐ་འོད་དཀར་ཕུང་པོའི་ཟེར། །མཆོག་དམན་འཁོར་བའི་ཀུནྡྷར་སྨན་དེར་འདུད། །རྒྱལ་ཀུན་དགོངས་པའི་གཏེར་མཛོད་རྒྱ་མཚོའི་རུམ། །རྨོངས་རྟུལ་བྱིས་བློས་བརྟོལ་དུ་ནུས་མིན་ཡང་། །དད་དམ་ལེགས་བྲིས་ཆེ་དགུའི་བློ་རྩལ་གྱིས། །སྨིན་བྱེད་འོད་དཀར་མཐའ་ཡས་འདི་བྱུང་ངོ་། །དེ་ཡང་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་ཆོག་ཁྲིགས་སུ་སྡེབ་པ་ལ་གསུམ་ལས། དང་པོ་དལ་དང་རྫས་བཀོད། གཉིས་པ་ཆོ་གའི་ལས་རིམ། གསུམ་པ་རྗེས་ཀྱི་བྱ་བའོ། །དང་པོ་ནི་མཎྜལ་པདྨ་འདབ་བཞི་སྒོ་རྫོགས་ཅན་གྱི་གནས་སོ་སོར་ལྷ་མཚན་དགུ་དང་། བུམ་པ་སྐུ་ཅིཀ །གསང་རྫས། རིག་ཙཀ །མེ་ལོང་། ཤེལ་རྡོ། གཏོར་མ། ཉེར་སྤྱོད་སོགས་བཤམ་མོ། གཉིས་པ་ལ། དཀྱིལ་འཁོར་སྒྲུབ་མཆོད་སྔོན་དུ་བཏང་ནས་བཟླས་པ་ཅི་ནུས་དང་། རྣམ་བུམ་ལ་དམིགས་ནས་རྩ་སྔགས་ལ་དབྱངས་གསལ་བཏགས་པ་དང་། ལས་སྔགས་བཟླས་མཐར་མཆོད་བསྟོད་འོད་ཞུ་བཅས་སྤྱི་ལྟར་གྲུབ་ནས་བདག་འཇུག་རང་གཞུང་ལྟར་རམ་བསྐྱེད་རྫོགས་ལ་གོམས་པ་བརྟན་པོར་སོན་པས་རིག་པའི་མེ་ཏོག་དོར་བར་འཇུག་ན། ༀ་བཛྲ་ས་མ་ཡ་ༀ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། ༀ་ཡེ་ཤེས་རྒྱལ་པོའི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ༀ་བཛྲ་ས་མ་ཡ་ཧཱུཾ། ༀ་བཛྲ་ས་མ་ཡ་སྟྭཾ། ༀ་བཛྲ་ས་མ་ཡ་ཧོ། ཏིང་ངེ་འཛིན་གྱིས་འཇུག་གོ། དེ་ནས་སློབ་མ་འཇུག་པའི་ཆོ་ག་ལ། དང་པོ་ནི། ལས་བུམ་གྱི་ཆུས་བཀྲུ་ཞིང་། བདུད་རྩི་འཁྱིལ་བའི་སྔགས་བཟླ། ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། ཞེས་པ་མིག་དར་བཅིངས། ཨ་ཁཾ་ཝེ་ར་ཧཱུཾ། གིས་རིགས་ལྔའི་ས་བོན་སོ་སོ་ལས་སྐྱེས་པའི་མེ་ཏོག་གཏད། དབང་བསྐུར་བསྡུས་པའི་ཚེ་སྐབས་འདིར་ཁྲུས་དང་བགེགས་བསྐྲད་སྲུང་འཁོར་མིག་དར་མེ་ཏོག་བཅས་གྲུབ་ནས་མེ་ཏོག་བཀྱེ་བསྡུ་བྱས་ལ་ལོ་རྒྱུས་ནས་བཟུང་སྟེ་དཀྱུས་བཞིན་བྱ་བ་ལས་མི་དགོས་མོད་ཀྱང་། རིལ་སྒྲུབ་སོགས་ཀྱི་ཚེ་གོང་གི་མེ་ཏོག་གཏད་པ་སོང་རྗེས་གསོལ་བ་གདབ་པ་འདིའི་རྗེས་ཟློས་བྱ། ཀྱཻ་ཁྲོ་བོ་མི་བཟད་འབར་བའི་སྐུ། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར། །ཁྱེད་ཀྱིས་གནང་སྟེ་བཏང་དུ་གསོལ། ཞེས་པའི་ལན། ཁྱེད་རྣམས་སུ་ཡིན་ཅི་ལ་དགའ། །ལས་དང་སྐལ་པར་ལྡན་ནམ་ཅི། སློབ་མས། བླ་མ་རྡོ་རྗེ་འཛིན་པ་དང་། །དཀྱིལ་འཁོར་ལྷ་ཚོགས་སྤངས་ན་ནི། །སྐྱོབས་པ་གཞན་ན་མ་མཆིས་པས། །སྒོ་ཕྱེས་ཐར་པའི་གྲོང་བསྟན་འཚལ། ལན་གསུམ། ཁྱོད་ནི་སྣོད་མཆོག་དམ་པ་སྟེ། ཁྱོད་འདོད་པ་ནི་བདག་གིས་སྦྱིན། །སྤྲོ་བ་སྐྱེད་ལ་ནང་དུ་ཤོག །ཅེས་སྒོ་ཞུས་མཐོང་བརྒྱུད་ལྟར་གྲུབ་ནས་སྐབས་འདིར་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམས་མཐར་ཆོས་བཤད་ནི། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཕགས་མཆོག་ཐུགས་རྗེ་ཆེན་པོའི་གོ་འཕང་ལ་དཀྲི་བར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་ཀྱི་དབང་བསྐུར་བའི་རིམ་པ་གསན་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། དབང་གི་ཐོག་མཐའ་བར་གསུམ་གྱི་བླང་དོར་མ་འཆོལ་བར་ཉམས་སུ་བསྟར་བཞིན་མཎྜལ་འབུལ་བ་སོགས་སྦྱིན་པ་དང་། སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག་སོགས་ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད་མ་རུངས་པ་རྣམས་སྡོམ་པ་ཚུལ་ཁྲིམས་དང་། དེའི་ཚེ་གཞན་གྱི་གནོད་འཚེ་དང་དཀའ་བ་དང་དུ་ལེན་པ་ལ་ཇི་མི་སྙམ་པའི་བཟོད་པ། ཉན་པའི་ཚེ་ལེ་ལོ་དང་གཡེང་བས་བར་དུ་མི་གཅོད་པར་རྩེ་གཅིག་ཏུ་ཉན་པ་བརྩོན་འགྲུས། དབང་གི་སྦྱོར་དངོས་རྗེས་གསུམ་གྱིབསམ་བྱ་རྣམས་ཚུལ་བཞིན་དུ་ཡིད་ལ་བྱེད་པ་བསམ་གཏན། དེ་དག་ཐམས་ཅད་ཀྱང་དངོས་པོདང་མཚན་མར་འཛིན་པའི་སྐྱོན་དང་མ་འདྲེས་བཞིན་འཆད་བྱའི་ཆོས་འཆད་མཁན་སློབ་དཔོན་འཆད་ཡུལ་སློབ་མ་བཅས་ངོ་བོ་སྟོང་པ་ཆུ་ཟླ་ལྟ་བུ། རང་བཞིན་གསལ་བ་མེ་ལོང་དུ་ཤར་བའི་གཟུགས་བརྙན་ལྟ་བུ། རྩལ་མ་འགག་པའི་ངང་ནས་རྟེན་ཅིང་འབྲེལ་འབྱུང་གི་ཚུལ་དུ་སྣ་ཚོགས་སུ་སྣང་བ་སྒྱུ་མ་དང་རྨི་ལམ་གྱི་འཕྲུལ་འཁོར་ལྟར་ཤེས་པ་ནི་ཤེས་རབ་སྟེ་ཚུལ་དེ་ལྟ་བུས་འཇུག་པའི་བསླབ་བྱ་ཚང་བའིངང་ནས་ལེགས་པར་གསན་འཚལ། གང་ཉན་པར་བྱ་བའི་ཆོས་ཀྱང་། ད་ལམ་འཕགས་པ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་སྐུར་བའི་སྐབས་སུ་བབ་པ་ལ་ཐེ་ཚོམ་བསལ་ནས་ཡིད་ཆེས་བསྐྱེད་ཕྱིར་ལོ་རྒྱུས་བརྗོད་དགོས་པ་ཡང་། ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱི་མ་བཤད་ན། གསང་ཆེན་ངེས་པའི་བཀའ་འདི་ལ། ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། ཞེས་གསུངས་པ་བཞིན། དགོངས་གཏེར་ཡིད་བཞིན་ནོར་བུའི་གན་མཛོད་འདི་ཉིད་ཀྱི་སྟོན་པ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་དཔལ་ནམ་མཁའི་རྣལ་འབྱོར་ཞབས་དང་། བསྟན་པ་ཀློང་ཆེན་སྙིང་གི་ཐིག་ལེ་སོགས་བཀའ་གཏེར་གྱི་ཆོས་དཔག་པར་དཀའ་བ་འདི་རྣམས་ཡིན་ཏེ། དང་པོ་སྟོན་པ་ནི། ཨོ་རྒྱན་ཆེན་པོའི་བཀའ་དྲི་མ་མེད་པ་དགོངས་འདུས་གསེར་ཆོས་སུ་གྲགས་པའི་ལུང་བསྟན་བཀའ་རྒྱ་མ་ལས། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུཿ ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེནཿ ཞེས་དང་། གཏེར་ཆེན་ཆོས་རྗེ་གླིང་པའི་གཏེར་ལུང་ལས། དབུས་གཡོར་གཞུང་དུ་བྱང་སེམས་པདྨའི་མིང་ཿ བཀའ་རྙིང་བསྟན་སྐྱོང་ཐབས་ཀྱིས་འགྲོ་བ་འདུལཿ ཞེས་སོགས་མང་དུ་ཡོད་མོད་གང་གི་བསྟན་པ་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་གི་ཟླ་བོར་འོས་ཤིང་རྒྱ་ཆེ་བའི་བཤད་པ་དང་གནད་ཟབ་པའི་དམར་ཁྲིད་གཉིས་ཀའི་འབྱུང་གནས་རྒྱུད་ལུང་མན་ངག་ཀུན་གྱི་ལྡེ་མིག་ལྟ་བུ་འདི་ལ་ཆོས་བཀའ་ཇི་སྙེད་ཅིག་མཆིས་པ་རྣམསཀྱི་ནང་ནས། ད་ལམ་དབང་བསྐུར་བ་འདི་ཉིད་ཁོ་ནའི་ལོ་རྒྱུས་ཅུང་ཟད་ཅིག་བརྗོད་ན། སྤྱིར་འཕགས་མཆོག་དམ་པ་འདི་ཉིད་བསྐལ་པ་བཅུའི་གོང་ནས་སངས་རྒྱས་པར་གསུངས་པ་ལྟར་ལགས་མོད། བྱེ་བྲག་མི་མཇེད་ཀྱི་ཞིང་འདིར་འགྲོ་བའི་དོན་མཛད་ཚུལ་ཉུང་ངུར་དྲིལ་ཏེ་འཆད་ན། དུས་ལན་ཅིག་གི་ཚེ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཐུགས་ཀ་ནས་ཧྲཱིཿཡིག་ཁ་དོག་ལྔ་ལྡན་ཞིག་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོར་སྤྲོ་བར་མཛད་པ་ལས། རེ་ཞིག་གི་ཚེ་ཡབ་འཁོར་ལོས་སྒྱུར་རྒྱལ་བཟང་པོའི་ཏོག་ཅེས་བྱ་བ་རྒྱལ་བའི་ཐུགས་རྗེས་བསྐལ་ཏེ་རྒྱ་མཚོའི་འགྲམ་དུ་ཕྱིན་པ་དང་། རྒྱ་མཚོའི་དབུས་སུ་པདྨ་འདབ་མ་སྟོང་ལྡན་གྱི་དབུས་ན་ཁྱེའུ་དཀར་པོ་ལྟ་བས་ཆོག་མི་ཤེས་པ་མཚན་དཔེས་སྤྲས་པ་ཞིག་འཁྲུངས་འདུག་པ་དང་མཇལ་བར་རྒྱལ་པོས་ཕྱག་དང་མཆོད་བསྟོད་སོགས་ཀྱིས་སྲི་ཞུ་བགྱིས་མཐར་པད་སྡོང་ཁྱེའུ་དང་བཅས་པ་རང་གནས་སུ་སྤྱན་དྲངས་ནས་སངས་རྒྱས་ཀྱི་སྤྱན་སྔར་ཕྱིན་ཚེ། ཁམས་གསུམ་འཁོར་བ་དོང་ནས་སྤྲུག་པའི་དབང་བསྐུར་དབུགས་དབྱུང་གཟེངས་བསྟོད་དེ་ལྷོ་ཕྱོགས་རི་བོ་གྲུ་འཛིན་གྱི་རྩེར་ཕེབས་ནས་འཁོར་བ་དོང་ནས་སྤྲུག་པའི་ཏིང་ངེ་འཛིན་ལ་བཞུགས་བཞིན་ཡིག་དྲུག་དུང་བརྒྱ་ཐམ་པ་ཞལ་འདོན་མཛད་ནས་ངན་སོང་ལན་གསུམ་སྟོངས་པར་མཛད་མཐར་སླར་གཟིགས་པས་སྔར་ལས་ཅུང་ཟད་ཀྱང་མ་བྲི་བར་འདུག་པར་སེམས་ཅན་གྱི་དོན་བྱེད་པ་འདི་རེ་དཀའ་དགོངས་ནས་སྐྱོ་བ་ཅུང་ཟད་ཅིག་སྐྱེས་པས་ཐུགས་བསྐྱེད་ཀྱི་དམ་བཅའ་དང་འགལ་བས་དབུ་ཚལ་སྟོང་དུ་གས་པ་སངས་རྒྱས་འོད་དཔག་མེད་ཀྱིས་བཅུ་གཅིག་ཞལ་དུ་བྱིན་གྱིས་བརླབས་ནས་སྔར་ལས་ཀྱང་འགྲོ་དོན་རྒྱ་ཆེ་ཞིང་། སྔ་མ་སེམས་ཅན་གྱི་ལས་ལ་འཛད་དུ་མེད་པ་ལ་ཐུགས་ཞུམ་སྟེ་སྤྱན་ཆབ་ཕྱུང་བ་སྒྲོལ་མ་དཀར་ལྗང་དུ་གྱུར་ནས་འཕགས་པའི་གྲོགས་བགྱིད་པར་དམ་བཅས། ཐུགས་ལས་ཨོ་རྒྱན་ཆེན་པོ་སྤྲུལ་ནས་དེ་ལྟར་བྱས། ཡང་བཅུ་གཅིག་ཞལ་དེ་ཕྱག་སྟོང་སྤྱན་སྟོང་དུ་བསྒྱུར་ཞིང་རྒྱལ་པོ་སྟོང་དང་འདྲེན་པ་སྟོང་སོགས་སུ་སྤྲུལ་ནས་འགྲོ་དོན་དཔག་ཏུ་མེད་པ་བྱས་དང་བྱེད་པ་ལགས་མོད། གཞན་ཡང་འཕགསཔའི་ཐུགས་ལས་སྤྲུལ་པའི་སྤྲེའུ་ཞིག་ལ་དགེ་བསྙེན་གྱི་སྡོམ་པ་ཕོག་ནས་བོད་ཡུལ་འདྲེ་སྲིན་མི་རུ་བསྒྱུར་བའི་ཆེད་དུ་མངགས་ནས་ཁམས་ཀྱི་རྨ་ལུང་བྲག་ཏུ་སྒོམ་སྒྲུབ་ལ་ཞུགས་ཚེ་སྒྲོལ་མའི་སྤྲུལ་པའི་བྲག་སྲིན་མོ་ཞིག་གིས་ཁྱིམ་ཐབ་དགོས་པའི་བརྡ་ཡང་ཡང་བསྟན་པར་སྤྲེལ་སྒོམ་འཕགས་པའི་དྲུང་དུ་ཕྱིན་པས་དེ་ཚུལ་ཞུས་པར་འཕགས་པས་ཁྱིམ་ཐབ་གྱིས་ཞེས་གསུངས་བཞིན་བྱས་པས་སྤྲེལ་ཕྲུག་དྲུག་སྐྱེས་པ་ནགས་རྨ་བྱ་ཅན་དུ་བསྐྱལ་ཚེ་དེར་བསྟི་བའི་སྤྲེའུ་རྣམས་དང་ལྷན་ཅིག་ཚོགས་པས་སྤྲེའུ་མང་དུ་འཕེལ་ནས་བཟའ་རྒྱུ་མ་རྙེད་ཚེ་འཕགས་པའི་དྲུང་དུ་ཕྱིན་ནས་གསོལ་བ་བཏབ་པས་འབྲུ་སྣ་བདུན་བོད་ཡུལ་ཕྱོགས་སུ་གཏོར་ནས་སྨོན་ལམ་བཏབ་བཞིན་སྨིན་ནས་ལོངས་སྤྱད་པས་སྤྲེའུ་རྣམས་མི་རུ་གྱུར་པ་མི་བུ་རུས་དྲུག་ཏུ་གྲགས་པ་རྣམས་ཡིན་ཟེར། དེ་ལས་ཁྱད་པར་སངས་རྒྱས་ཀྱི་སྤྲུལ་པའི་ཁྱེའུ་དེ་ལ་བོད་ཀྱི་རྗེ་བོ་གྱིས་ལ་འགྲོ་དོན་གྱིས་ཞེས་བཀའ་བསྩལ་བཞིན། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ཞེས་བྱ་བར་སྤྲུལ་ནས་གྲོགས་སུ་སྒྲོལ་མ་དང་ཁྲོ་གཉེར་ཅན་གྱི་སྤྲུལ་པ་རྒྱ་ཟ་དང་བལ་ཟ་གཉིས་བསུ་བར་མཛད། འཇམ་དབྱངས་ཀྱི་སྤྲུལ་པ་ཐོན་མི་ཨ་ནུའི་བུ་སཾ་བྷོ་དྲ་དང་། ཕྱག་རྡོར་གྱི་སྤྲུལ་པ་བློན་པོ་མགར་རིག་པ་ཅན་དུ་གྲགས་པ་དེ་གསུམ་རིགས་གསུམ་མགོན་པོ་རྒྱལ་བློན་གྱི་ཚུལ་དུ་བྱོན་པ་ཡིན་ཞེས་གསུངས་པ་ལྟར་ལགས། དེ་ནས་བཟུང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་འཇམ་དབྱངས་ཀྱི་སྤྲུལ་པ་དང་། སྤྱན་རས་གཟིགས་དང་ཕྱག་རྡོར་ཡང་འཁོར་གྱི་ཚུལ་དུ་ཡོད་པར་འཆད་པ་དང་། བོད་འདིར་བསྟན་འགྲོར་ཕན་པའི་བླ་མ་དང་རྒྱལ་བློན་ཕལ་པ་ཅི་འདྲ་ཡིན་ཀྱང་རིགས་གསུམ་མགོན་པོའི་སྤྲུལ་པ་ཡིན་པར་གསུངས་ཤིང་། ཁྱད་པར་སྤྲེལ་སྒོམ་བོད་ཕལ་མོཆེའི་འབྱུང་ཁུངས་སུ་གྱུར་པ་དང་། དེ་ཉིད་འཕགས་པའི་སྤྲུལ་པ་ལས་མ་འདས་པ་དང་། སྲོང་བཙན་སྒོམ་པོ་འཕགས་པ་དངོས་སུ་བྱོན་པ་ཡིན་པས་བོད་ཐུགས་རྗེ་ཆེན་པོའི་གདུལ་ཞིང་ཡིན་པར་གོར་མ་ཆག་ཅིང་། ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་ཡང་མདོ་རྒྱུད་མན་ངག་དུ་མ་ནས་མང་དུ་བྱུང་ཡང་ཁྱད་པར་དུ་གྱུར་པ་འདི་ནི་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་སྨོས་ན་དཔལ་མཁྱེན་བརྩེ་འོད་ཟེར་འཇིགས་མེད་གླིང་པ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱོན་པའི་གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ཞེས་པ་འདི་ཉིད་ནི་སློབ་དཔོན་ཆེན་པོའི་རྡོ་རྗེའི་གསུངས་ལས། འདི་ལྟར་ཤིན་ཏུ་ཟབ་པའི་གནདཿ འཕགས་མཆོག་སྡུག་བསྔལ་རང་གྲོལ་གྱིཿ སྒྲུབ་ཐབས་རྗེ་བཙུན་མ་ཧཱ་གུ་རུསཿ མངའ་བདག་ཆོས་རྒྱལ་ཡབ་སྲས་ལཿ བར་ཁང་གཡུ་ཞལ་འབར་བ་རུཿ གདམས་ཏེ་སྙིང་མཛོད་སྒྲོམ་བུར་བསྩལཿ སྨོན་ལམ་གཏད་རྒྱའི་མཐུ་བཙན་པོཿ དུས་བབ་ས་ཕོ་སྟག་གི་ལོརཿ ཐུགས་རྗེ་ཆེན་པོའི་ཞལ་མཐོང་ཞིང་ཿ ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་མསཿ འོད་གསལ་སྒྱུ་འཕྲུལ་དྲྭ་བའི་ཀློང་ཿ ཀློང་གསལ་བརྡའ་རིས་ཤོག་དྲིལ་སྤྲདཿ བརྡའ་དོན་གབ་སྦས་མེད་པར་བཀོདཿ བཀའ་ སྲུང་གཟའ་བདུད་ཆེན་པོ་ཡིསཿ ཤིན་ཏུ་ཟབ་པའི་གཏེར next hit་གྱི་བཅུདཿ གཡེལ་མེད་སྐྱོངས་ཤིག་ས་མ་ཡཿ ཞེས་དང་ཿ ལོ་བདུན་གསང་རྒྱ་བྱས་ནས་གཏན་ལ་ཕབཿ སྙིང་ལས་གཅེས་པའི་གདམས་པའོཿ ཞེས་རྡོ་རྗེའི་ལུང་གིས་གསལ་བར་བྱས་པ་འདི་ཉིད་ཀྱི་སྒོ་ནས་ཁྱེད་རང་ལ་དབང་བསྐུར་བར་བྱ་བ་ལ་བདག་གི་བགྱི་བར་འོས་པ་རྣམས་གྲུབ་པ་ཡིན་པས་ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་མཎྜལ་ཕུལ། ཞེས་བརྗོད་ལ། མཎྜལ་ཕུལ་ནས་གསོལ་འདེབས་ལན་གསུམ་ནས་བཟུང་རང་གཞུང་ལ་འཇུག་རྒྱུ་འདྲ་མོ་འདུག་ཀྱང་བདག་འཇུག་ཁོ་ན་ལས་མ་མཆིས་མོད། དེས་ན་སྤྱིར་དབང་གི་སྤྱི་དོན་གྱི་གཞུང་ལྟར་སྟ་གོན་ནས་བཟུང་རིགས་དབང་ལྔ་དང་བཅས་པ་བཏང་མཐར་འདི་ཉིད་ཀྱི་དབང་ལ་འཇུག་དགོས་པ་ཡིན་ནའང་། སྒྲུབ་ཆེན་གྱི་སྐབས་སུ་དེ་ལྟར་བྱ་བ་ལས། གཞན་དོན་གྲོང་ཆོག་སོགས་ལ་འཇུག་པ་མི་བདེ་བས་འདི་བཞིན་བྱས་ན་འཐད་པར་མངོན། མཎྜལ་ཕུལ་ནས་གསོལ་བ་གདབ་པ་ནི། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། སྲིད་པའི་འཁོར་ལོ་རྣམ་སྦྱངས་པ། དེ་རིང་བཤད་པའི་རིན་ཆེན་གཏེར། གཙོ་བོས་བདག་ལ་བཀྲ་དྲིན་སྩོལ། ལན་གསུམ་སོང་ནས། ཇི་སྐད་དུ། དབང་བསྐུར་ཀུན་ལ་ཡོད་མོད་དེ། །སྐྱབས་སུ་མ་སོང་བ་ལ་མེད། ཅེས་པས། སྤྱིར་དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་ན་ནང་པ་སངས་རྒྱས་ཀྱི་ཁྱུར་མི་ཚུད་པ་དང་། དངོས་སུ་དབང་གི་འབྲས་བུ་ཆགས་པ་ལ་གལ་ཤིན་ཏུ་ཆེ་བས་མདུན་གྱི་ནམ་མཁར་བླ་མ་དང་ཇོ་བོ་ཐུགས་རྗེ་ཆེན་པོ་དབྱེར་མེད་པའི་དཀྱིལ་འཁོར་ལ་རྒྱལ་བ་སྲས་དང་བཅས་པས་སྤྲིན་ཕུང་འཐིབས་པ་བཞིན་བསྐོར་བའི་མདུན་དུ་ཁྱེད་ཅག་རྣམས་ཀྱི་ཕ་མ་དགྲ་བགེགས་གཉིས་ཀྱི་གཙོའི་རིགས་དྲུག་འགྲོ་བའི་སེམས་ཅན་ཐམས་ཅད་འཁོད་ནས་སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བར་མོས་ནས་འདི་བཞིན་རྗེས་ཟློས་མཛོད། བྱས་ལ། ན་མོ་མཐའ་མེད་འཁོར་བ་སྡུག་བསྔལ་རང་བཞིན་ལཿ དབང་མེད་སྤྱོད་པའི་བདག་སོགས་སེམས་ཅན་ཀུནཿ མཆོག་གསུམ་ངོ་བོ་འཕགས་མཆོག་ཐུགས་རྗེའི་ལྷརཿ སྙིང་ནས་གདུང་ཤུགས་དྲག་པོས་སྐྱབས་སུ་མཆིཿ ལན་གསུམ། སེམས་བསྐྱེད་པའི་དོན། ནམ་མཁའ་ལ་མཐའ་མེད་པ་བཞིན་སེམས་ཅན་ལ་མཐའ་ཡོད་པ་མ་ཡིན་ལ་དེ་དག་ཀུན་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་ངེས་པ་རྒྱལ་བ་བདེན་པར་སྨྲ་བས་བཀས་གྲུབ་མོད། དེའི་ཕྱིར་ན་ཕ་མ་གནས་ངན་དུ་བསྐྱུར་ནས་རང་ཉིད་ཐར་བར་འདོད་པ་ཉན་རང་གི་བློ་ཡིན་པ་སྐྱོན་དུ་བལྟས་ནས་སེམས་ཅན་གཅིག་ཀྱང་མ་ལུས་པར་བྱང་ཆུབ་སྙིང་པོ་ལ་འགོད་པར་བགྱིའོ་སྙམ་པའི་སེམས་བསྐྱེད་དང་ལྡན་པའི་སྒོ་ནས་འདི་བཞིན་རྗེས་ཟློས་གྱིས་བྱས་ནས། ཧོཿ ཕ་མ་རིགས་དྲུག་སྙིང་རྗེའི་ཡུལ་གྱུར་ཀུནཿ རང་ངོ་མ་ཤེས་འཁྲུལ་བའི་ལས་ལ་སྤྱོདཿ ཚད་མེད་སྙིང་རྗེས་བྱང་ཆུབ་ལམ་འགོད་ཕྱིརཿ སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེད་པར་བགྱིཿ ལན་གསུམ་གྱི་མཐར། གོང་དུ་ཚོགས་ཞིང་གསལ་གདབ་པའི་སྤྱན་སྔར་ཚོགས་གསོས་པའི་སྒོ་ཐམས་ཅད་ཡན་ལག་བདུན་པར་འདུས་པའི་དོན་དྲན་བཞིན་རང་རང་རྣམས་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ་དང་། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་ཚོགས་འབུལ་བ། དུས་གསུམ་དུ་བསགས་པའི་ཉེས་ལྟུང་བཤགས་པ། རང་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ། རྒྱལ་བ་སྲས་དང་བཅས་པ་རྣམས་དང་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་བྱེད་པོ་རྣམས་ལ་གདུལ་བྱའི་བློར་གང་འཚམས་པའི་ཆོས་འཁོར་སྐོར་བར་བསྐལ་བ་དང་། དེ་རྣམས་སྐུ་མྱ་ངན་ལས་མི་འདའ་བར་འགྲོ་ངོར་རྟག་པར་བཞུགས་པའི་གསོལ་བ་འདེབས་པ། དུས་གསུམ་གྱི་དགེ་རྩ་སེམས་ཅན་ལ་བསྔོ་བ་ལ་སོགས་འདིའི་རྗེས་ཟློས་གྱིས་ཞེས། ཧོཿདུས་གསུམ་བཞུགས་པའི་སྐྱབས་གནས་ཐམས་ཅད་ལཿ གུས་པས་ཕྱག་འཚལ་ཕྱི་ནང་མཆོད་པ་འབུལཿ མི་དགེ་སྡིག་པའི་ལས་ཀུན་མཐོལ་ལོ་བཤགས། དགེ་ལ་ཡི་རང་ཆོས་འཁོར་སྐོར་བར་བསྐལཿ བཞུགས་གསོལ་འདེབས་སོ་དགེ་རྩ་བྱང་ཆུབ་བསྔོཿ ཀུན་ཀྱང་འཕགས་པའི་གོ་འཕང་ཐོབ་པར་ཤོགཿ ལན་གསུམ་དང་། ཡང་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་གྱིས་ཞེས་བྱས་ནས། ཐུགས་རྗེ་ཆེན་པོ་སྐྱབས་ཀྱི་མཆོག་ཏུ་འཛིནཿ འགྲོ་བའི་དོན་དུ་སྨོནའཇུག་སེམས་བསྐྱེད་ཅིང་ཿ སྐུ་གསུང་ཐུགས་དང་མཉམ་སྦྱོར་གསང་སྔགས་ཀྱིཿ དམ་ཚིག་སྡོམ་པ་རྟག་ཏུ་བསྐྱང་བར་བགྱིཿ ལན་གསུམ་དང་། དེ་ནས་དཀྱིལ་འཁོར་དུ་འཇུག་པའི་ཕྱིར་འདིའི་རྗེས་ཟློས་གྱིས། ཀྱེ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང་། བླ་མ་ཡི་དམ་མཁའ་འགྲོ་དགོངསཿ སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིསཿ སྒོ་ཕྱེས་ཐར་པའི་གྲོང་བསྟན་འཚལ། ལན་གསུམ་གྱི་མཐར། ས་མ་ཡ་པྲ་ཝེ་ཤ་ཡ་ཧཱུཾ། ཞེས་དཀྱིལ་འཁོར་གྱི་སྒོ་ཤག་གིས་ཕྱེ་བར་བསམ། ལྷོ་ཕྱོགས་སྙིང་རྗེ་ཆེན་པོའི་སྒོ་ནས་རིམ་པར་སྐུ་གསུང་ཐུགས་ཕྱག་བྱེད་བཞིན་པར། ༀ་ན་མ་ཏེ་ཧཱུཾཿ ༀ་ན་མ་མེ་ཧཱུཾཿ ༀ་ན་མོ་ན་མ་ཧཱུཾཿ ལན་བཞིའི་མཐར། དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་པདྨ་འདབ་བརྒྱད་ལ་འཁོད་པས། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་བྱུང་། རྣམ་སྨིན་གྱི་ལུས་རྟེན་སྦྱངས། རྣམ་པར་ཤེས་པ་ཧྲཱིཿ ཡིག་དཀར་པོར་གྱུར་པ་ཞལ་ནས་དྲངས་པ་སྐུའི་དབྱིབས་བརྒྱུད། མདུན་དུ་སྒྲོལ་མའི་མཁའ་གསང་དུ་བབས་བདེ་སྟོང་ལས་བསྐྱེད་པའི་སྲས་ཀྱི་རྣམ་པར་གྱུར་པ་སྔར་གྱི་གདན་ལ་འཁོད། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་གནས་གསུམ་དུ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་སྤྱན་དྲངས་པར་བསམ། ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་ཕོ་བྲང་ནསཿ མགོན་པོ་འོད་དཔག་མེད་པ་གཤེགས་སུ་གསོལཿ སྤྲུལ་པའི་ཞིང་ཁམས་རི་བོ་ཏ་ལ་ནསཿ འགྲོ་འདུལ་སྤྱན་རས་གཟིགས་དབང་གཤེགས་སུ་གསོལཿ ཐུགས་རྗེས་འགྲོ་བ་འ དུལ་བའི་ཕོ་བྲང་ནསཿ དཀྱིལ་འཁོར་ལྷ་ཚོགས་མ་ལུས་གཤེགས་སུ་གསོལཿ བདག་ཅག་སྒྲུབ་པ་པོ་ལ་བྱིན་གྱིས་རློབསཿ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལཿ ༀ་ལོ་ཀི་ཤྭ་ར་གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཛ་ཛཿ རོལ་མོའི་སྒྲ་དང་བཅས་པས་བྱིན་ཕབ་ནསཿ དེ་ལྟར་ཡེ་ཤེས་པའི་ཚོགས་ཁ་ཆར་བབས་པ་ལྟར་ཁྱོད་རང་རྣམས་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་གྱུར་པར་མོས་ལ། རྩ་སྔགས་ལ་ཨ་ཝེ་ཤ་ཡ་ཕེ་བཏགས་པས་བྱིན་དབབ་མཐར། ཏིཥྛ་བཛྲ་གྱིས་བརྟན་པར་བྱས་ནས་མེ་ཏོག་དོར་བ་ནི། ཀྱཻ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུཿ འབྲེལ་བའི་མེ་ཏོག་འདི་དོར་བསཿ ལས་འཕྲོ་གང་ཡོད་ལྷ་དང་མཇལ་བར་ཤོགཿ པྲ་ཏིཙྪ་བཛྲ་ཧོཿ ཞེས་མེ་ཏོག་ཕུལ། པྲ་ཏི་གྷྲི་ཧ་ན་ཨི་མཾ་ས་ཏྭ་མ་ཧཱ་བྷ་ལ། ལྷག་ལྷ་སྤྱི་བོར་ཐིམ་པར་བསམ་གདོང་གཡོགས་བཀྲོལ་ལ། ཧོཿ བདེ་གཤེགས་སྙིང་པོ་ཚོགས་བརྒྱད་ཀྱིསཿ ལྡོངས་པའི་མ་རིག་ལིང་ཏོག་ནིཿ ཡེ་ཤེས་ཐུར་མས་བསལ་ནས་ཀྱང་ཿ རྣམ་ཐར་སྒོ་གསུམ་བསྟན་དུ་གསོལ། ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊཿ ཅེས་བརྗོད་པས་ཆོས་ཉིད་ཀྱི་བདེན་པ་མཐོང་བར་བསམ་ལ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། ཁྱོད་ནི་སྡིག་པ་ཀུན་ལས་གྲོལ། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ལུས་ངག་ཡིད་ཀྱིས་དད་པ་སྐྱེད། དངོས་གྲུབ་ཐམས་ཅད་ཁྱེད་ཀྱིས་ཐོབ། དམ་ཚིག་སྔགས་ལ་བརྩོན་པར་གྱིས། ཀྱཻ། རིགས་ཀྱི་བུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་བརྡ་དོན་རྟགས་ཀྱིས་མཚོན་པའི་དཀྱིལ་འཁོར་འདི་ནི་རྟེན་གཞལ་ཡས་ཁང་སྟེ། ནང་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་མཚོན་ལ། དེ་ན་བཞུགས་པའི་བརྟེན་པ་ཡེ་ཤེས་ཀྱི་ལྷ་ནི་རང་གི་སེམས་རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཡིན་པ་དེ་དྲན་པར་གྱིས་ཤིག །དེ་ནས་དབང་བསྐུར་བ་དངོས་ནི། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྤྱན་དྲངས། ཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད། ཅེས་དང་། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལའང་སྩོལ་དུ་གསོལ། ཞེས་གསོལ་བ་བཏབ་པས། གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། །གཤེགས་མ་རྣམས་ཀྱིས་དབང་བསྐུར། །སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། །སེམས་མ་རྣམས་ཀྱིས་གླ་གར་བསྒྱུར། །ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དེ། །ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར། སློབ་མ་མི་བསྐྱོད་པར་གསལ་ལ། བུམ་པ་བཏེགས་ནས། ཧཱུཾ་རྣམ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། འོ་རིགས་ཀྱི་བུ་ཁྱོད་ལ་མི་བསྐྱོད་པ་ཆུ་ཡི་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་ཐམས་ཅད་དག །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་པ་དང་ཆུའི་ཁམས་མཱ་མ་ཀིར་སངས་རྒྱས། ཞེས་སྡང་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེའི་རིགས་ཀྱི་ཐུགས་འཁྲུལ་པ་མེད་པས་འགྲོ་བའི་དོན་བྱེད་པར་འགྱུར་རོ། སློབ་མ་རིན་འབྱུང་དུ་གསལ་ལ་དབུ་རྒྱན་ཐོགས་ནས། ཧཱུཾ་ཚོར་བའི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །ༀ་རཏྣ་ཨ་བྷི་ཥིཉྩ་ཏྲཾ། རིགས་ཀྱི་བུ་ཁྱོད་ལ་རིན་འབྱུང་གི་ངོ་བོ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས་ཤེས་བྱའི་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་སའི་ཁམས་སངས་རྒྱས་སྤྱན་མར་དག །ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་སྣང་མ་མཐའ་ཡས་སུ་གསལ་ལ། རྡོ་རྗེའི་དབང་བསྐུར་ཞིང་། ཧཱུཾ་འདུ་ཤེས་ཕུང་པོ་རྣམ་དག་ཅིང་། ཉོན་མོངས་འདོད་ཆགས་སྦྱོང་བྱེད་པའི། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི། དཔལ་ལྡན་གསུང་གི་དབང་བསྐུར་རོ། །ༀ་པདྨ་ཨ་བྷི་ཥིཉྩ་ཧྲཱིཿ རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེའི་དབང་བསྐུར་བས་ངག་གི་སྒྲིབ་པ་ཐམས་ཅད་དག་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་མེའི་ཁམས་གོས་དཀར་མོར་སངས་རྒྱས། འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་པདྨ་རིགས་ཀྱི་གསུང་འགག་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཀྱིས་འགྲོ་བའི་དོན་བྱེད་པར་འགྱུར་རོ། སློབ་མ་དོན་གྲུབ་ཏུ་གསལ་ལ། དྲིལ་བུ་འཛིན་ལ། ཧཱུཾ་འདུ་བྱེད་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི། །དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ། ༀ་ཀརྨ་ཨ་བྷི་ཥིཉྩ་ཨཿ རིགས་ཀྱི་བུ་ཁྱོད་ལ་དྲིལ་བུ་འདི་གཏད་པ་ཙམ་གྱིས་ཀུན་གཞིའི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་རླུང་གི་ཁམས་དམ་ཚིག་སྒྲོལ་མར་སངས་རྒྱས། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ་ལས་ཀྱི་རིགས་ཀྱི་ཕྲིན་ལས་ཐོགས་པ་མེད་པར་གྲུབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། སློབ་མ་རྣམ་སྣང་དུ་གསལ་ལ། མིང་དབང་སྦྱིན་པར་མོས་ཏེ། ཧཱུཾ་གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་གཏི་མུག་སྦྱོང་བྱེད་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། ༀ་བུདྡྷ་ཆེ་གེ་མོ་ཨ་བྷི་ཥིཉྩ་ༀ། རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་ནམ་མཁའི་ཁམས་དབྱིངས་ཕྱུག་མར་སངས་རྒྱས། གཏི་མུག་མེ་ལོང་ཡེ་ཤེས་སུ་གྲོལ་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་རིགས་དབང་ལྔས་གསང་སྔགས་ཕྱི་པའི་བང་ཡང་ཞར་བྱུང་དུ་རྫོགས་པའོ། །རྡོ་རྗེ་སློབ་དཔོན་གྱི་དབང་ནི་ཐུགས་ཀྱི་དམ་ཚིག་རྡོ་རྗེ་བསོར་བ་དང་། གསུང་གི་དམ་ཚིག་དྲིལ་བུ་འཁྲོལ་བ་དང་། སྐུའི་དམ་ཚིག་འཁྱུད་རྒྱ་བྱེད་པ་སྟེ། དམ་ཚིག་གསུམ་བྱིན་ལ། ༀ་ཨཱཿཧཱུཾ། ཐབས་དང་ཤེས་རབ་གཉིས་མེད་ཅིང་། །སྣང་སྟོང་དབྱེར་མེད་འདི་ཟུངས་ལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡི། །ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས། །འགྲོ་ཀུན་རྗེས་སུ་བཟུང་བར་མཛོད། རིགས་ཀྱི་བུ་ཁྱོད་ལ་གསང་སྔགས་ཀྱི་ཕྱག་རྒྱའི་དམ་ཚིག་གི་ནང་ནས་མཆོག་ཏུ་གྱུར་པ། རྡོ་རྗེ་དང་དྲིལ་བུ་དཀྱིལ་འཁོར་ཐམས་ཅད་པའི་བདག་ཉིད་འདི་ལག་ཏུ་གཏད་པ་ཙམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ས་བོན་ཐེབས། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་སངས་རྒྱས་ཏེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ནུས་པར་གྱུར་ཅིག །ཅེས་བརྗོད། དེ་ནས་དབང་བསྐུར་བ་ནི་གཙོ་བོའི་ཐུགས་ཀར་ནས་དབང་རྫས་རྣམས་རིམ་པར་བྱུང་བར་བསམ་ལ། བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང་། ལྷ་དང་གཉིས་མེད་བདུད་རྩིའི་ཆུས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །སྣང་ཞེན་ལྷ་སྐའི་ཕྱག་རྒྱར་རྫོགས། །རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིང་། ཀུན་ཏུ་འོད་ཀྱི་ས་ནོན་ཤོག །རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་མཾ། དེ་ནས་ལྷ་དབང་བསྐུར་བ་ནི། མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་སྐུ་ལས་སྐུ་གཉིས་པ་རེ་ཆད་ནས་ཁྱེད་རང་རྣམས་ལ་ཐིམ་པས་ལྷ་སོ་སོའི་དཔལ་ཡོན་ལ་དབང་བར་བྱས་པའི་མོས་པ་གྱིས་ཞེས་བརྗོད་ནས་གཙོ་བོའི་སྐུ་ཐོགས་ལ། ཧྲཱིཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །ཕྱག་ན་པདྨའི་དབང་བསྐུར་བས། །སྡུག་བསྔལ་རྒྱུ་འབྲས་རང་གྲོལ་ནས། །འཕགས་པའི་གསང་གསུམ་མངོན་གྱུར་ཤོག །ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཀཱ་ཡ་ཨ་བྷི་ཥིཉྩ་མཾ་རིགས་བདག་གི་སྐུ་ཐོགས་ལ། ཧྲཱིཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །འཆི་མེད་མགོན་པོའི་དབང་བསྐུར་བས། །སྐྱེ་འཆི་བྲལ་བའི་དོན་རྟོགས་ནས། །འགྲོ་དོན་དཔག་ཡས་འབྱུང་བར་ཤོག །ༀ་ཨ་མི་ཏཱ་བྷ་ཧྲཱིཿཀ་ཡ་ཨ་བྷི་ཥིཉྩ་མཾ། སྒྲོལ་མའི་སྐུ་ཐོགས་ལ། ཧྲཱིཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ། །རྗེ་བཙུན་སྒྲོལ་མའི་དབང་བསྐུར་བས། །འཇིགས་ཚོགས་ཀུན་ཞི་ཚེ་བསོད་རྒྱས། །བྱམས་པ་ཚད་མེད་དཔལ་ཐོབ་ཤོག །ཨཪྱ་ཏཱ་རེ་ཀཱ་ཡ་ཨ༴ འོད་ཟེར་ཅན་མའི་སྐུ་ཐོགས་ལ། ཧྲཱིཿ སྐལ་ལྡན་རིགས་ཀྱི་བུ༴ འོད་ཟེར་ཅན་མའི་དབང༴ ལོག་འདྲེན་དཔུང་གཞོམ་ཚེ་དཔལ་འཕེལ། སྙིང་རྗེ་ཚད་མེད་སྟོབས་རྒྱས་ཤོག །ཨ་ཪྱ་མ་རུ་ཙྱཻ་མཾ་ཀཱ་ཡ༴ རིགས་བྱེད་མའི་སྐུ་ཐོགས་ལ། ཧྲཱིཿ སྐལ་ལྡན་རིགས་ཀྱི༴ རིགས་བྱེད་ལྷ་མོའི༴ འགྲོ་ཁམས་མ་ལུས་དབང་འདུས་ནས། དགའ་བ་ཚད་མེད་རྟག་བརྟན་ཤོག །ༀ་ཀུ་རུ་ཀུལླེ་ཧྲཱིཿཀཱ་ཡ༴ ནོར་རྒྱུན་མའི་སྐུ་ཐོགས་ལ། ཧྲཱིཿ སྐལ་ལྡན་རིགས༴ ནོར་རྒྱུན་ལྷ་མོའི༴ དཔལ་འབྱོར་ལོངས་སྤྱོད་ཕུན་ཚོགས་ཤིང་། བཏང་སྙོམས་ཚད་མེད་མཐུ་ཐོབ་ཤོག །ཨཪྱ་བ་སུ་དྷཱ་རི་ཀཱ་ཡ༴ རྡོ་རྗེ་དབང་ཆེན་ཐོགས་ལ། ཧྲཱིཿ སྐལ་ལྡན་རིགས༴ བཛྲ་རྟ་མགྲིན་དབང་༴ ཞི་བའི་ལས་གྲུབ་ལྷ་བདུད་ཆོམ། །མེ་ལོང་ཡེ་ཤེས་མངོན་གྱུར་ཤོག །ༀ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཀཱ༴ རིན་ཆེན་དབང་ཆེན་ཐོགས་ལ། ཧྲཱིཿ །སྐལ་ལྡན་རིགས་ཀྱི༴ །རཏྣ་རྟ་མགྲིན་དབང་༴ །རྒྱས་པའི་ལས་འགྲུབ་ཉོན་བདུད་ཐུལ། །མཉམ་ཉིད་ཡེ་ཤེས་མངོན༴ ༀ་རཏྣ་ཀྲོ་ཏ༴ པདྨ་དབང་ཆེན་ཐོགས་ལ། ཧྲཱིཿ སྐལ་ལྡན་རིགས༴ པདྨ་རྟ༴ །དབང་གི་ལས་འགྲུབ་ཕུང་བདུད་ཆོམས། །སོར་རྟོགས་ཡེ་ཤེས་མངོན༴ ༀ་པདྨ་ཀྲོ་ཏ༴ །ལས་ཀྱི་དབང་ཆེན་ཐོགས་ལ། ཧྲཱིཿ །སྐལ་ལྡན་རིགས་ཀྱི༴ ཀརྨ་རྟ་མགྲིན༴ །དྲག་པོའི་ལས་འགྲུབ་འཆི་བདུད་ཐུལ། །བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག །ༀ་ཀརྨ་ཀྲོ་ཏ་ཧྱ་གྷྲྀ་ཝ་ཀཱ་ཡ་ཨ་བྷི་ཥིཉྩ་མཾ། སྤྲོ་ན་སངས་རྒྱས་སྟོང་དབང་རཏྣའི་ལུགས་སམ་ཅི་བདེར་བསྐུར་ཞིང་བསྡུ་ཚེ་བཅུ་གཅིག་ཞལ་གྱི་སྐ་གཏད་པ་ཁོ་ནས་ཆོག་པར་ངེས་བཞིན། ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ཀྱི་དབང་བསྐུར་རོ། །ཞེས་དང་། མཐུན་པའི་དགེ་ཚོགས་སྨོན་ལམ་རྨད་བྱུང་ཞིང་། །སྤྱད་པ་སྤྱོད་ཚེ་ནམ་ཡང་མཆེད་གྱུར་པ། །བསྐལ་བཟང་གཅིག་ལ་མཛད་པ་མཐར་ཕྱིན་པའི། །རྫོགས་པའི་སངས་རྒྱས་སྟོང་གི་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ༴ །དེས་ལུས་དང་རྩའི་སྒྲིབ་པ་དག །སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། །བསྐྱེད་རིམ་གྱི་སྣོད་དུ་གྱུར། །རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། །སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་གོ། གསང་རྫས་བྱིན་ལ། ཧཱུཾ་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས། དཀར་དམར་བྷན་དྷའི་ནང་དུ་བསྐྱིལ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །རྩ་ཁམས་ཡི་གེའི་རྣམ་པར་སྨིན། །ཚེ་ལ་དབང་བའི་རིག་འཛིན་ཐོབ། །པདྨ་ཅན་གྱི་ས་ནོན་ཤོག །རྩ་སྔགས་དང་ཝཱཀྐ་ཨ་བྷི་ཥིཉྩ་མཾ། དེས་ངག་གི་ལས་དང་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། །གསང་བའི་དབང་ཐོབ། །བཟླས་བརྗོད་ཀྱི་སྣོད་དུ་གྱུར། །ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། །ལོངས་སྤྱོད་རྫོགས་པའི་གོ་འཕང་གི་སྐལ་པ་རྒྱུད་ལ་བཞག་གོ། རིག་ཙག་བཟུང་ལ། ཧཱུཾ་ཆོས་རྣམས་ཀུན་གྱི་འབྱུང་གནས་ཏེ། །བདེ་བ་ཆེན་པོ་གསང་བའི་ཡུམ། །རིགས་ཀྱི་བུལ་བྱིན་པ་ཡིས། །དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ། །འཁོར་ལོ་ཚོགས་ཆེན་ས་ནོན་ཤོག །རྩ་སྔགས་དང་ཙིཏྟ་ཨ་བྷི་ཥིཉྩ་མཾ། །དེས་ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། །བདེ་སྟོང་ཙཎྜལིའི་སྣོད་དུ་གྱུར། །ཕྱག་རྒྱའི་རིག་འཛིན་གྱིས་བོན་ཐེབས། །ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་གོ། མེ་ལོང་ཤེལ་རྡོའི་བརྡས་མཚོན་པར་བྱས་ཏེ། ཧོཿ ཀ་དག་མེ་ལོང་གཙང་མའི་དོགས། །ལྷུན་གྲུབ་དྭངས་ཤེལ་དྲི་མེད་གསལ། །བརྡའ་རྟགས་རྫོགས་པའི་དབང་བསྐུར་བས། །དྲི་མེད་རིག་པའི་གནས་ལུགས་རྟོགས། །ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས། །བདེ་བ་ཆེན་པོའི་ས་ནོན་ཤོག །རྩ་སྔགས་དང་དྷརྨ་དྷརྟུ་ཨ་བྷི་ཥིཉྩ་མཾ། དེས་ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཚིག་གིས་མཚོནཔའི་དོན་དམ་གྱི་དབང་ཐོབ། ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། ལྷུན་གྲུབ་རིག་འཛིནགྱི་ས་བོན་ཐེབས། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བ་རྒྱུད་ལ་བཞག་གོ། དེ་ནས་བཀའ་རྫོགས་ལུང་རྫོགས་ཕྱིར། གླེགས་བམ་སྤྱི་བོར་བཞག་བྱས་ལ། ཧོཿ ཆོས་སྐུ་ཀུན་ཏུ་བཟང་པོ། །ལོངས་སྐུ་རྒྱལ་བ་རིགས་ལྔ། །སྤྲུལ་སྐུ་དགའ་རབ་རྡོ་རྗེ། །སློབ་དཔོན་འཇམ་དཔལ་བཤེས་གཉེན། །རིག་འཛིན་ཤྲྀ་སེང་ཧ། །པཎ་ཆེན་བི་མ་མི་ཏྲ། །ཨོ་རྒྱན་པདྨ་ཐོད་ཕྲེང་། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། །མངའ་བདག་ཁྲི་སྲོང་ལྡེའུ་བཙན། །རྒྱལ་སྲས་དྲི་མེད་འོད་ཟེར། །ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་སོགས། །རང་བཞིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལམགོན་རིན་འཛིན་བླ་མ། ཡི་དམ་མཁའ་འགྲོ་རྒྱ་མཚོ། ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་རྣམས་ཀྱིས་དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐོར་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། །རྟོགས་པ་སྤར་དུ་གསོལ། བརྟུལ་ཞུགས་བསྐྱེད་དུ་གསོལ། །བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་དགོངས་པའི་བཙན་ས་ཟིན་ཏེ། །ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་མཛད་དུ་གསོལ། ཞེས་ལན་གསུམ་དང་། བཤད་སྒྲུབ་ཀྱི་བརྒྱུད་པ་འཛིན་པ་དག་ལ་ཐོད་རྒལ་རིག་པའི་རྩལ་དབང་བསྐུར་བ་ཡེ་ཤེས་བླ་མ་ལས་ཤེས་སོ། དེ་ནས་དམ་ཚིག་བསྒྲག་པ་ནི། གྲངས་དང་རིམ་པའི་རྣམ་དབྱེ་བཤད་ལ། རྩ་བ་སྐུ་གསུང་ཐུགས་མཆོག་དང་། ཡན་ལག་དམ་ཚིག་ཉི་ཤུ་ལྔ། མེད་དང་གཅིག་པུ་ཕྱལ་བ་སོགས། ཆོ་ག་བཞིན་དུ་བསྲུང་བར་བགྱི། ལན་གསུམ། གཏང་རག་གི་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་བླ་མའི་ཕྱོགས་སུ་བསྔོ་བ་ནི། ༼ཀ ྅྅྅྅བསྒྲུབ་གཏོར་ཐོགས་ལ། ཧྲཱིཿ དཀྱིལ་འཁོར་གཙོ་བོ་འཕཊ་མཆོག་ཐུགས་རྗེའི་གཏེར། །སྡུག་བསྔལ་རང་གྲོལ་སྤྱན་རས་གཟིགས་དབང་མཆོག །རིགས་བདག་འོད་དཔག་མེད་པ་འགྲོ་བའི་མགོན། །སེམས་མ་རྣམ་བཞི་སྡུག་བསྔལ་སེལ་བའི་སྐྱབས། །སངས་རྒྱས་བྱང་སེམས་བྱིན་རླབས་ཐུགས་རྗེའི་གཏེར། །རྟ་མགྲིན་རིགས་བཞི་བདུད་འདུལ་བར་ཆད་སེལ། །ཐུགས་དམ་གནད་ནས་བསྐུལ་ལོ་རྗེས་སུ་དགོངས། །སྐལ་ལྡན་མོས་པའི་བུ་ལ་བྱིན་གྱིས་རློབས། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །དབང་མཆོག་བསྐུར་ལ་མཆོག་ཐུན་དངོས་གྲུབ་སྩོལ། །གུ་རུ་དྷེ་ཝ་ཌཀྐི་ནི་ཨཪྱ་ལོ་ཀི་ཤྭ་ར་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཀྐ་ཙིཏྟ་གུརྞ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུཾ། ཞེས་བསྐུར་རོ། །ཕྱག་སྟོང་འཁོར་ལོས༴ སོགས དབང་བསྐར་རོཿ ༀ་མ་ཎི་ཌཱཀྐ་ཡ་ལ་བྷི་ཥིཉྩ་མཾཿ མཐུན་པའི་དགེ་སོགས་སྟོང་གི་དབང་བསྐར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མཾ། མཐའ་རྟེན་བསྐར། དེ་ལྟར་དངོས་གཞིའི་དབང་རྫོགས་ནས། མཐའ་རྟེན་གྱི་དབང་ནི། དང་པོ་རྒྱལ་སྲིད་སྣ་བདུན་ནི། ཧྲཱིཿ འོད་ཟེར་རིན་ཆེན་ཆོས་ཀྱི་འཁོར་ལ་བསྐོར། །ནོར་བུ་རིན་ཆེན་དགོས་འདོད་ཐམས་ཅད་འབྱུང་། །བཙུན་མོ་རིན་ཆེན་ཕ་རོལ་ཕྱིན་བཅུ་ལྡན། །ཁྱིམ་བདག་རིན་ཆེན་ཆབ་སྲིད་རབ་ཏུ་སྤེལ། །གླང་པོ་རིན་ཆེན་བདུད་ཀྱི་དཔུང་ཚོགས་འཇོམས། །རྟ་མཆོག་རིན་ཆེན་འཁོར་བའི་ཕ་རོལ་སྒྲོལ། །དམག་དཔོན་རིན་ཆེན་ཉོན་མོངས་གཡུལ་ངོ་བཟློག །རིན་ཆེན་སྣ་བདུན་ཡོངས་རྫོགས་དབང་བསྐུར་རོ། །གཉིས་པ་བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་ནི། ཧྲཱིཿ བཀྲ་ཤིས་རིན་ཆེན་གདུགས་ཀྱིས་ཚ་གདུང་སྐྱོབ། །བཀྲ་ཤིས་གསེར་ཉས་ཡེ་ཤེས་སྤྱན་བྱིན་རློབས། །བཀྲ་ཤིས་དུང་ཆེན་ཐེག་དགུའི་རྩེ་མོར་ཕྱིན། །བཀྲ་ཤིས་འཁོར་ལོས་ས་བཅུ་ཟིལ་གྱིས་གནོན། །བཀྲ་ཤིས་རྟགས་བརྒྱད་ཡོངས་རྫོགས་དབང་བསྐུར་རོ། །གསུམ་པ་རྫས་བརྒྱད་ཀྱི་དབང་ནི། ཧྲཱི༔ སྒྲུབ་རྫས་ཡུངས་དཀར་རྒྱལ་པོས་བགེགས་ཚོགས་འཇོམས། །རྫས་མཆོག་བིལ་བས་ཡོན་ཏན་ཐམས་ཅད་རྒྱས། །རྩ་མཆོག་དུར་བས་གདོན་གྱི་གནོད་པ་སྐྱོབ། །ལི་ཁྲི་མཚལ་ཆེན་འགྲོ་བ་དབང་དུ་སྡུད། གྷི་ཝཾ་སྨན་གྱིས་ཉོན་མོངས་ནད་ཀུན་སེལ། །བཅུད་ལྡན་ཞོ་ཡིས་དབང་པོའི་གཟི་མདངས་བ སྐྱེད། །གསལ་བྱེད་མེ་ལོང་མ་རིག་མུན་པ་སེལ། །ཆོས་དུང་གཡས་འཁྱིལ་གསུང་དབྱངས་དྲུག་ཅུ་སྒྲོག །བཀྲ་ཤིས་རྫས་བརྒྱད་ཡོངས་རྫོགས་དབང་བསྐུར་རོ། ༼ཁ ྅྅྅྅྅།དམ་ཚིག་གི་ཐ་ཚིག་ཡིན་པས་འདིའི་རྗེས་ཟློས་གྱིས། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཁྱོད་ལ་བདག་ཀྱང་ཡོངས་སུ་འབུལ། །སློབ་མར་བཟུང་ནས་སྤྱད་དུ་གསོལ། གསུམ་གྱི་རྗེས་ལ་དགེ་བ་བསྔོ་ཞིང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། འདིར་སྨྲས་པ། ཡབ་རྗེ་བླ་མ་དྲི་མེད་འོད་ཟེར་གྱིས། རབ་བསྟན་སྨོན་ལམ་གཏད་རྒྱའི་དབང་བསྐུར་བཞིན། སྐྱེས་མཆོག་ང་ལ་ནམ་མཁའི་རྣལ་འབྱོར་དེའི། དགོངས་པ་མངོན་སུམ་འཕོས་ལྟའི་བྱིན་ཐོབ་རྟགས། འཁྲུལ་མེད་ཐོས་བསམ་སྒོམ་གྱི་མངོན་རྟོགས་གཟུགས། གདུལ་བྱའི་ཨ་དཪྴར་སྣང་སུས་འགོག་ནུས། དེ་ཕྱིར་གང་གི་མཛད་པའི་འཕྲོ་བསྐྱངས་ན། གཉིས་སུ་བྱར་མེད་བྱེད་པོར་གདོན་མི་ཟ། ཁོ་བོ་དད་དམ་གནས་ལ་མ་ལྷོད་པས། བླ་མའི་བྱིན་ནུས་ཅུང་ཟད་ཐོབ་པ་དང་། ཉིད་གསུང་བདེན་སྨྲའི་རྟེན་འབྲེལ་བསླུ་མེད་ཕྱིར། དགོངས་བཞེད་ཇི་བཞིན་འཕྲལ་དུ་ཐོགས་མེད་སྤེལ། ད་ལྟ་ཆོས་སྤྱིར་གལ་ཆུང་བྱེད་པ་དང་། ཁྱད་པར་ཡབ་རྗེའི་ཆོས་ལ་གཞན་འགའ་ཡིས། ཕྱོགས་སྔའི་སྐྱོ་མ་སྔ་བཙན་ངོམ་དུས་འདིར། ཁྱོད་ནི་བསྟན་པའི་སྲོག་ཤིང་གཅིག་ཏུ་ངེས། འདི་ན་མཁས་རློམ་ཉིན་མཚན་གོ་ལོག་བྱ། རྣམ་དག་ལམ་བཟང་ཉིན་བྱེད་དགྲར་འཛིན་ཅིང་། ལོག་རྟོག་བྱང་ལྟའི་ཕུག་པར་གནས་བཅས་ནས། ལྟ་ངན་རང་སྐད་སྒྲོག་ཀྱང་རང་སྐྱོན་ཙམ། དེ་ཕྱིར་འདི་ནི་རྣམ་དག་བྱང་ཆེན་ལམ། སྐལ་བཟང་ཐར་འདོད་རྣམ་མཁྱེན་དོན་གཉེར་བ། ཡོད་ན་གཞུང་བཟང་འོད་དཀར་མཐའ་ཡས་ལ། བསྟེན་པར་མཛོད་དང་ཕན་བདེའི་ཀུ་མུད་རྒྱས། ཡབ་རྗེ་བླ་མའི་མཁྱེན་བརྩེ་ནུས་པའི་སྟོབས། གང་དང་དབྱེར་མེད་དམ་པའི་བཀས་བསྐལ་མཐུས། ཁོ་བོས་ལྷག་པའི་བསམ་པས་འདི་བརྩམས་དགེས། བསྟན་དང་འགྲོ་བའི་མི་མཐུན་ཀུན་ཟད་ནས། འཕྲལ་ཕུགས་དགའ་བདེའི་དཔལ་ལ་ལོངས་སྤྱོད་ཤོག །ཅེས་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་ཆོག་འོད་དཀར་མཐའ་ཡས་འདི་ཉིད་རིག་འཛིན་ཆེན་པོ་ནམ་མཁའ་འཇིགས་མེད་རྡོ་རྗེས་བཀའ་བསྩལ་དང་དུ་བླངས་ཏེ་རྩོམ་པར་བྱེད་པ་པོ་ཁམས་དབུས་གཙང་གསུམ་གྱིབླ་མ་དམ་པ་ཉི་ཤུའི་གྲངས་ལྡན་ལས་སྨིན་གྲོལ་གྱི་བདུད་རྩི་ཐོབ་པའི་རྣལ་འབྱོར་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་འདོན་འགྲིགས་སུ་བཀོད་པའི་ཡི་གེ་པ་ནི་དམ་ལྡན་མགོན་པོ་བསམ་འགྲུབ་ཀྱིས་བགྱིས་པའི་དགེ་བས་འགྲོ་ཀུན་ཐུགས་རྗེ་ཆེན་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག་གུ། དགེའོ་དགེའོ། དགེའོ།།


previousགསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་ཆོག་འོད་དཀར་མཐའ་ཡས།next