Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
བྱ་བྲལ་ཀུན་བཟང་གཞན་ཕན་གྱིས་ལེགས་བྱས་རྣམ་ཐར་གསོལ་འདེབས་དྲི་མེད་ཤེལ་སྒོང་།
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱ་བྲལ་ཀུན་བཟང་གཞན་ཕན་གྱིས་ལེགས་བྱས་རྣམ་ཐར་གསོལ་འདེབས་དྲི་མེད་ཤེལ་སྒོང་།next

བྱ་བྲལ་ཀུན་བཟང་གཞན་ཕན་གྱིས་ལེགས་བྱས་རྣམ་ཐར་གསོལ་འདེབས་དྲི་མེད་ཤེལ་སྒོང་།

བྱ་བྲལ་ཀུན་བཟང་གཞན་ཕན་གྱིས་ལེགས་བྱས་རྣམ་ཐར་གསོལ་འདེབས་དྲི་མེད་ཤེལ་སྒོང་བཞུགས། ན་མོ་གུ་རུ་ཨ་མི་ཏ་བྷ་ཡེ། རྣམ་ཀུན་མཆོག་ལྡན་ཆོས་སྐུ་སྤྲོས་འདས་ཀྱང་། མ་འགག་ལྷུན་གྲུབ་ལོངས་སྐུའི་སོར་རྟོགས་མདངས། ཐུགས་རྗེ་སྤྲུལ་སྐུའི་རྣམ་རོལ་ཚེམཐའ་ཡས། འགྲོ་ངོར་གཟུགས་སྐུར་སྣང་ལ་གསོལ་བ་འདེབས། །རང་རྩལ་འགག་མེད་བརྗོད་པའི་མཐར་འདས་ཀྱང་། རྒྱལ་རིགས་ལུང་བསྟན་རྡོ་རྗེ་བུ་རུམ་བཙན། སྲ་འགྱུར་བསྟན་པའི་སྲོག་ཤིང་སངས་གླིང་སོགས། གང་འདུད་ལ་དོར་སྤྲུལ་ཚོགས་ལ་གསོལ་བ་འདེབས། གད་སྔོན་ཚོགས་གཉིས་རྒྱ་མཚོའི་མཐར་སོན་བཞིན། བྱང་ཆུབ་སེམས་ཀྱི་ནོར་བུ་ཡོངས་བླངས་ནས། མཐའ་ཡས་འགྲོ་ལ་ཕན་ས་མི་ལྷོད་ཁུར། དམ་བཅས་རྡོ་ཡུལ་འཁྲུངས་དེར་གསོལ་བ་འདེབས། ཤིང་མོ་གླང་ལ་མངོན་མཐོའི་རྟེན་མཆོག་རྒྱ། གྲོལ་བའི་བགྲང་བྱ་གསུམ་བཞིའི་སྐབས་དག་ཏུ། སྔོན་གནས་རྗེས་དྲན་ཁྱད་འཕགས་གཏེར་སྤྱོད་སོགས། བླ་མེད་ལུང་བསྟན་ཐོབ་དེར། སྐབས་དེར་ཆོས་ཉིད་མངོན་སུམསྣང་བའི་དངོས། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཞལ་མཐོང་བ། སྔོན་སྦྱངས་ལས་འཕྲོས་མངོན་ལས་ཐོས་མྱོང་མིན། ལམ་རྟགས་སྔོན་དུ་འབྱུང་དེར༴ བགྲངས་བྱ་རི་བོའི་དུས་སུ་སློབ་གཉེར་ཕྱི། ཁུ་བོའི་དྲུང་དུ་བསྐྱལ་བའི་ཐོགས་མེད་དུ། ཡུལ་དེར་གང་དར་ཆོས་དང་ཉམས་ཆོས་འགར། རང་དབང་བསྒྱུར་ནུས་དེ་ལ༴ དེ་སྐབས་ནས་བཟུང་དུས་ཀུན་སྙིང་རྗེའི་བློས། རང་འདོད་བྲལ་བཞིན་བཅོས་མིན་གཞན་ཕན་དོན། མི་རྟག་འཆི་ལ་སྐྱོ་ཤས་ངེས་འབྱུང་སེམས། རྒྱུན་ལྡན་བྱང་སེམས་འཕགས་པར་གསོལ་བ་འདེབས། བགྲངས་བྱ་བཅུ་གསུམ་སུ་དམ་པའི་མགོན། རྣམ་གསུམ་དད་པས་བསྙེན་བཞིན་སྨིན་གྲོལ་ཆོས། ལེགས་མནོས་དམ་ཚིག་རྟེན་འབྲེ་མཐའ་དག་འགྲིགས། སློབ་མའི་ཡོན་ཏན་ཚང་དེར༴ དེ་ནས་བཟུང་སྟེ་གསར་རྙིང་རིས་བྲ་གྱི། དམ་པ་ཕྱོགས་དང་རི་ཡི་གྲགས་བསྟེན་ནས། སྨིན་གྲོལ་གདམས་པའི་བདུད་རྩིའི་བཅུད་འཐུངས་པས། ལསཅན་དགའ་བའ་ིདཔལ་དེར༴ དབེན་པ་བསྟེན་ཚེ་ཆོས་རྣམས་རྨི་ལམ་བཞིན། བདེན་མེད་རྟོགས་ནས་རང་རིགས་མངོན་གྱུར་ཞིང་། སྟོང་ཉིད་སྙིང་རྗེ་ཟུང་འཇུག་མཐུ་ཐོབ་པས། གཞན་དོན་ལྷུར་མཛད་དེ་ལ༴ ཐོགས་བཅས་ཐོགས་མེད་དགའ་བྲོད་སྙེམས་བྱེད་བཞིའི། བདུད་ཀྱི་མི་བརྗིས་ཚར་སློང་འགྲིགས་པ་དང་། ཆབས་གཅིག་རང་སྣང་འགྱུར་དང་གཞན་དོན་འགྲུབ། གཅོད་ཡུལ་མཐར་ཕྱིན་དེ་ལ༴ དལ་འབྱོར་རྟེན་ལ་སྙིང་པོ་བླང་བའི་ཕྱིར། ཆོས་འཁོར་རྣམ་གསུམ་ཙར་སྒམ་ལ་སོགས་པའི། རྟེན་གསུམ་རྣམས་སུ་ཕྱག་སྐོར་མཆོད་འབུལ་གྱིས། སྒྲིབ་གཉིས་སྦྱོང་མདད་དེ་ལ༴ ལོག་འཚོའི་རྙེད་འཚོལ་སྐྱོན་སྤངས་ཕན་འདོད་བློས། ཁམས་བོད་ཀུན་ཏུ་ཡོན་འབུལ་དངོས་པོ་ཀུན། མཆོད་གནས་ཅིང་སྦྱིན་ཡུལ་གཉྀས་ལ་ཁྱད་མེད་པར། ཚོགས་གཉིས་བསགས་མཛད་དེ་ལ༴ དངོས་སུ་ཆོས་བསྒྲུབ་ལྐོག་ཏུ་སྡིག་བསགས་པའི། མངོན་རྟོགས་ཕྱི་ནང་འཛོལ་བའི་སྐྱོན་སྤང་བཞིན། སྒོ་གསུམ་བསྟན་འགྲོའི་ཆེད་དུ་གཏོང་ནུས་པ། རྒྱལ་ཀུན་ཕྲིན་ལས་ས་དེར༴ ཆོས་བརྒྱད་ཁྲིམས་ཀྱི་མངའ་བདག་སྟོབས་ཟད་པས། ཆོས་མིན་སྤྱོད་པའི་ཐོ་ཅོའི་སྔགས་པ་ཡི། རྣམས་ཐར་སྐྱོན་དུ་མཐོང་བཞིན་བཅོས་མིན་དང་། དགེ་བསྒྲུབ་སྡིག་སྤངས་སྤྱི་དང་ཁྱད་པར་དུ། གཟུང་འཛིན་ཆོས་ལས་འདས་དེར༴ ཐོས་པས་ཆོས་རྣམས་སེམས་སུ་འདུས་པར་ཤེས། བསམས་པས་མཐའ་དྲུག་ཚུལ་བཞིའི་འདོད་ཚུལ་གོ །བསྒོམས་པས། ཨེ་མ་ཧོ། རབ་འབྱམས་རྒྱལ་བ་ཀུན་གྱི། སྤྱི་གཟུགས་པདྨ་ཀཱ་ར། གང་དང་དབྱེར་མེད་རིག་འཛིན་མཁྱེན་བརྩེའི་འོད་ཟེར་དྲན་བཞིན། ཁྱོད་ལ་བདེ་ལེགས་མཛད་གྱུར། གསོན་དང་པུཎྱེ་རརྣ། ཉིད་སྐྱེས་སྔོ་ལས་འཕྲོ་བཟང་པོ། དུས་ད་ལྟ་མི་ལུས་ཆོས་ལྡན། ཐོབ་བཞིན་དུ་བསྒྲུབ་ལ་བརྩོན་འདི། ཁོང་སྔོན་བྱོན་རྣམས་ཀྱི་རྗེས་འགྲོ། ལགས་ཉིད་ལ་ཚི་ཕྲེང་ཚེ་ཀག །ཅི་ཡོད་གཞན་དུ་གསལ་བཞིན། འགལ་སྤོང་དང་མཐུན་བསྒྲུབ་གལ་ཆེ། ཚེ་ཚད་ནི་གཞན་དུ་གསལ་བཞིན། ཡིན་ངེས་ལ་ཐེ་ཚོམ་མི་འཚལ། སྔོན་སྨོན་ལས་ཀྱི་འཕྲོ་ལྷ་མཆོག །སྐུ་གསུམ་གྱི་རྒྱལ་བ་གསུམ་ཡིན། དེ་ལས་ཀྱང་འབྲེལ་ཐོགས་འགའ་ཡོད། གང་ཞེས་ན་མ་ཅིག་དང་སྤྱན་གཟིགས། སྒྲོལ་མ་དང་རྩ་གསུམ་ཆོས་སྐྱོང་། ཚོགས་བདག་དང་མ་གཟའ་དམ་གསུམ། འདི་དག་དང་འབྲེལ་པ་ཆེ་བས། དེ་དག་ལ་ཡིད་ཆེས་བསྐྱེད་འཚལ། འབྱུང་འགྱུར་གྱི་ཆ་ལ་སྡོད་ཡུལ་ཀྱང་། ད་ལྟ་ཡི་ཕུག་པ་དེ་རང་བཟང་། དེས་དོན་ཡང་སྔོན་ནས་སྔོན་གྱི་དུས། ཕུག་དེར་བོན་གྱི་གྲུབ་ཆེན་ཞིག །བཞུགས་གྱུར་ཞིང་བསྒྲུབས་པ་མཐར་ཕྱིན་ལྟས། ཤར་བ་དང་དེ་རྗེས་ཇོ་ནང་གི། རྣལ་འབྱོར་པ་མཻ་ཏྲི་བྷ་ཏྲ་ཞེས། ལོ་གྲངས་ཡང་མང་པོར་བཞུགས་ལྟས་སྣང་། ཁྱིམ་དེ་ལ་དགའ་འཁྱིལ་ཕུག་པ་ཟེར། དེའི་ཕན་ཚུན་དུ་ཆོས་སྒྲུབ་མང་ཞིག་ཡོད། ཡེ་ཤེས་དང་འཇིག་རྟེན་གྱི་ཆོས་སྐྱོང་འགའ། བཞུགས་ལྟས་དང་ཁྱད་པར་དགོངས་འདུས་བཙན། བཞུགས་གནས་དང་ཟངས་ལྕགས་བྲག་འདྲེ་མར། ཟངས་ལྕགས་ཀྱི་ཁྲབ་རྨོགས་ཁ་ཤས་དང་། ཟབ་གཏེར་ཀྱང་འགའ་ཞིག་ཡོད་དོ་ཤར། དེ་ཀ་རུ་སྡོད་ཡུན་བསྲིངས་ན་ལེགས། ལར་གཞན་ཡུལ་ཞིག་བགྲོད་ན་དགའ་སྙམ་ཀྱང་། དེས་མི་དགའ་བསྒྲུབ་ལ་བརྩོན་ན་ལེགས། སྤྱིར་འཛམ་བུའི་གླིང་གནས་བསྐོར་བ་ལས། ལོ་མཚམས་ཞིག་མཐར་ཕྱིན་གྱིས་དགའ་ཞེས། ཕ་རྗེ་བཙུན་ཆེན་པོའི་དེ་སྐད་གསུངས། དོན་དེ་ཕྱིར་དེ་དོན་འཆང་མཛོད་དང་། ཇི་ཞིག་ན་ཁྱེད་རང་ལུས་ཀྱི་ནད། དྲི་འོག་ཡི་སྨུག་པ་ཡི་སྨུག་པ་དེངས་བཞིན་དུ། སོང་བ་དང་ཆབས་ཆད་གཅིག་ཚད་མེད་བཞིའི། བློ་གསར་པ་ཞིག་སྐྱེ་བར་གྱུར་ནས། ལྟོས་བཅས་དང་འབྲེལ་ཐོགས་སུ་ཡང་རུང་། ཕན་བདེ་ལ་འགོད་པར་གདོད་མི་ཟ། ལར་ཡང་ནི་རབ་འིང་ཀུན་དགའ་ཡང་། ཐ་མ་དང་ཉེ་དུ་ལ་ལ་ཡི། འཁྲེན་རྔུར་སྟེ་ཡི་ཆད་ཀོ་ལོང་གིས། རང་གཞན་གཉིས་མི་བདེའི་རྐྱེན་བྱེད་ཀྱང་། ཡུན་རིང་པོ་མ་ཡིན་རྟེན་འབྲེལ་གྱིས། ཐམས་ཅད་ཀུན་དགའ་བདེ་སེམས་ལྡན་བཞིན། ཅི་སྨྲས་ཀུན་མཉན་ཞིང་ཅི་གསུངས་བསྒྲུབ། ལས་བཞི་ཡི་ཕྲིན་ལས་འགྲུབ་པ་དང་། བསམ་སྦྱོར་ཀུན་དགའ་བདེ་རྒྱུ་རུ་འགྱུར། མཆོག་གསུམ་གྱི་བདེན་པ་ཆེན་པོ་དང་། ཁོ་བོ་ཡི་ལྷག་བསམ་རྣམ་དག་མཐུས། སྨོན་པ་ཀུན་ཡིད་བཞིན་འགྲུབ་གྱུར་ཅིག དགེའོ། དགེའོ། དགེའོ། དཔའ་བོས་བཀའ་རྩལ་ཏོ། ཇི་ལྟ་བུ་ལ་ཞུ་བ་བསྲན་པ་ནི། ཤེས་རབ་ཡངས་པའི་ཆོས་རྣམས་སྟོན། བལྟ་བ་ཡངས་པས་ཕྱོགས་དང་བྲ། སྤྱོད་པ་མ་འགག་ཐབས་སུ་སྤྱོད། །བསྒོམ་པ་སྲན་ཆེ་འགྱུར་བ་མེད། །དམ་ཚིག་གང་ཡང་མ་ཉམས་པ། །དེ་ནི་དབང་ནོད་སློབ་དཔོན་ནོ། །བསྲུངས་བལྟ་བ་བཅོས་པ་མེད་པར་འཆར། །སྐུ་གསུང་ཐུགས་ཀྱི་སྲ་བྱེད་པ། །སེར་སྣ་མེད་པའི་ཡོན་ཏན་གྱི་བསླུ། །འཁྲུ་ལྡོག་མེད་པའི་རྣམ་འབྱོར་པ། དེ་ལ་དབང་རྣམས་རྫོགས་པར་བསྐུར། ཞེས་གསུངས་སོ། །རྟ་མཆོག་རོལ་པའི་རྒྱུད་ལས། །པདྨ་སེམས་དཔའ་ཁྱེད་རྣམས་ཉོན། །བྱང་ཆུབ་ལམ་ལ་འགོད་པའི་ཕྱིར། །ཆོས་ཀྱི་སྤྱོད་པ་བཅུ་ཡང་སྤྱོད། །རྣམ་དཀར་དག་བ་ལ་འདུན་ཕྱིར། །སྦྱིན་པ་རྣམ་གཉིས་རྟག་ཏུ་ཐོ། །བརྗོད་དུ་མེད་པའི་དོན་རྟོགས་ཀྱང་། སྒྲིབ་པ་ས་ལམ་རིམ་པར་སྦྱངས་སོ། སེམས་ཅན་ལས་མ་གཏོགས་སངས་རྒྱས་གཞན་མེད་ཀྱང་། རྟག་ཏུ་སངས་རྒྱས་རྣམས་ལད་མཆོད། །ཀུན་གཞི་ཆོས་ཀྱི་མཛོད་ཡིན་ཡང་། །ཆོས་ཀྱི་སྒོ་དག་རྣམ་གྲངས་ལ། །རིམ་པ་དེ་ལ་སྤྱོད་པར་གྱིས། །གཙང་དང་དམེ་བར་གཉིས་མེད་ཀྱང་། །བྱང་ཆུབ་ཆུ་རྒྱུན་ཁྲུས་རྣམས་ཀྱིས། །སྐྱེ་བ་མེད་པའི་དོན་རྟོགས་ཀྱང་། །སྦྱིན་པ་རྣམ་བཞི་རྟག་ཏུ་ཐོང་། །སངས་རྒྱས་སེམས་ཅན་གཉིས་མེད་ཀྱང་། །རྩོམ་པ་དྲག་པོས་བཙུན་ནས་བསྐྱེད། ཅེས་གསུངས་སོ། སྐྱབས་མགོན་རིན་པོ་ཆེའི་ཡབ་སྲས་ཀྱི་གསོལ་འདེབས་རྣམས་བཞུགས། མཆོག་གསུམ་རྩ་གསུམ་ཀུན་འདུས་ངོ་བོ་ཉིད། །དཀྱིལ་འཁོར་རྒྱ་མཚོ་ཁྱབ་བདག་རྡོ་རྗེ་འཆང་། །བཀའ་སྲུང་ཆོས་སྐྱོང་ཡོངས་ཀྱི་སྤྱི་དཔལ་རྗེ། ཀུན་བཟང་གཞན་ཕན་ཞབས་ལ་གསོལ་བ་འདེབས་རང་བཞིན་ཀྱིས་འཕེལ། ༈ ཀུན་མཁྱེན་རྒྱལ་བའི་ཞལ་སྐྱིན་འཇིགས་མེད་གླིང་པ། འཕགས་ཆེན་དེ་དང་མཚུངས་པ་གསང་བའི་བདག །འགྲོ་ཕན་རྡོ་རྗེ་ཡབ་སྲས་བརྒྱུད་པར་བཅས། །གསོལ་བ་འདེབས་མཆོག་ཐུན་དངོས་གྲུབ་སྩོལ། ཞེས་པའང་ཡེ་ཤེས་རྡོ་རྗེས། ༈ མཐུ་སྟོབས་ནུས་པའི་མལ་ལྡན་རྙིང་མ་པ། ཤེས་བྱ་རྒྱ་མཚོའི་མཐར་སོན་ས་སྐྱ་པ། འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་དགེ་ལྡན་པ། བསྟན་པ་ཡོངས་ཀྱི་གོ་བོ་བླ་མར་འདུད། ཤྭ་ལྐོ་འདི་གསུམ་ལྡ་བླ་མ་དཔལ་ལྡན་རྒྱ་མཚོའི་གསོལ་འདེབས་ཡེ་ཤེས་རྡོ་རྗེས། ༈ ཀུན་མཁྱེན་རྒྱལ་བའི་གདུང་འཛིན་གྲུབ་ཆེན་པའི། ལུང་རྟོགས་ཆོས་ཀྱི་ཉི་མ་གདུལ་བྱའི་ཐོད། དཀྲི་མཁས་དྲིས་ཟ་བྱེད་རྗེ་མཁའ་འགྲོའི་སྦྱིན་སྲེག་སྒྲིབ་གཉིས་སྐྱོན་སྦྱངས་བཞུགས། ༈ ན་མོ་གུ་རུ་ཛ་ཌ་ཀ་ཡི། ཟ་བྱེད་རྡོ་རྗེ་མཁའ་འགྲོ་ཡི་སྦྱིན་སྲེག་ཁྱེར་འདི་ལྟ་སྟེ། མདུན་དུ་མེ་ཐབ་མེ་འབར་བའི། མེ་ཡི་དབྱིངས་ནི་གོས་དཀར་མོ། དེ་དབུས་ཧཱུཾ་ལས་སྐད་ཅིག་གིས། ཟ་བྱེད་རྡོ་རྗེ་མཁའ་འགྲོ་ནི། མདོག་ནག་ཕྱག་གཉིས་ཧཱུཾ་མཛད་རྒྱས། རྡོར་དྲིལ་འཛིན་ཅིང་ཞབས་གཡས་གཡོན། བསྐུམ་ཞིང་བརྐྱང་སྟབས་རྣམས་བརྒྱན། ཞལ་གདངས་ལྗགས་སྟེང་རམཿཡིག་གིས། མཚན་པ་དེ་ཡང་རྒྱལ་ཀུན་གྱི། ལྗགས་རྣམས་རོ་ཅིག་ངོ་བོར་བསམ། མདུན་དུ་ཏིལ་ལམ་སྦྱང་རྫས་རམ། དཔལ་ཀ་ཟར་འབྲུ་ལ་སོགས་ལ། རང་གི་སྙིང་གར་སྡིག་སྒྲིབ་ཀུན། བམ་ཡིག་ནག་པོའི་རྣམ་པ་ལ། སྒོ་གསུམ་སྒྲིབ་ཚོགས་ཀུན་འདུས་བསམ། ལྟེ་བར་རམཿདང་རྐང་མཐིལ་དུ། ཡམ་བསམ་ཡམ་ལས་རླུང་གཡོས་པས། ལྟེ་བའི་མེ་འབར་ཡར་འཕྲོས་པས། སྙིགས་གའི་བམ་ཡིག་རྔོན་པ་ཡིས། རི་དྭགས་དེད་བཞིན་སྣམ་བུག་ནས། ཐོན་འཕྲལ་སྡིག་ནག་རྭ་ཅན་གྱི། རྣམ་པའི་སྦྱར་རྫས་ལ་ཐིམ་བསམ། ཨོཾ་ཨཱཿཧཱུཾ་གིས་བདུད་རྩིར་བསྒྱུར། དེ་ཉིད་མེ་ལ་འབུལ་བཞིན་དུ། ཨོཾ་བཛྲ་ཌ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་ལམ་ད་ཧ་ན་བྷ་སྨི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པའི་སྦྱང་རྫས་མཐིབ་མཛུབ་ཀྱིས། ལན་གྲངས་ཅི་རིགས་ཕུལ་བའི་སྔགས་འདི་ཡང་བརྗོད་ན། བྷུདྡྷ་ཀ་ལ་ཨ་ཛྷ་ཏེཿ མར་མེ་འབུམ་དུ་འགྱུར་བར་ཤོག་རྩལཿ ཅེས་དང་། མཇུག་ཏུ་མར་མེའི་སྨོན་ལམ་ནིཿ ཧཱུཾཿ རིག་པ་བྱང་ཆུབ་སེམས་དཀྱིལ་འཁོར་དུཿ རིག་གདངས་སློབ་དཔོན་གཉེན་གྱིས་དབུ་བཞུགས་ནསཿ རིག་རྩལ་ལུ་གུ་རྒྱུད་ཀྱི་མཆེད་ལྕམ་རྣམསཿ རིག་སྟོང་རྗེན་པའི་གཤིས་ལ་མི་འདའ་སོགཿ ནམ་ཞིག་གདོད་མའི་ལྷུམས་སུ་ཞུགས་པའི་ཚེཿ མ་རིག་འཁྲུལ་པའི་གཡང་སར་མི་བཏང་ཞིང་ཿ འཁོར་བ་ལུ་གུ་རྒྱུད་དུ་མ་ལྷུང་བརཿ འཁོར་བ་ཀ་ནས་དག་པ་གཞི་དབྱིངས་ཆེརཿ གཞི་སྣང་གཞོན་ནུ་བམ་སྐུར་གྲོལ་བར་ཤོགཿ གལ་ཏེ་གདོད་མའི་ས་ལ་མ་གྲོལ་ནཿ ལྷུན་གྲུབ་ཞི་ཁྲོའི་སྣང་བ་འཆར་བའི་ཚེཿ རང་སྣང་ཡེ་ཤེས་ཆེན་པོར་ངོ་འཕྲོད་ནསཿ བར་དོའི་ལོངས་སྤྱོད་རྫོགས་སྐུར་གྲོལ་བར་ཤོགཿ ཡེ་གདངས་གསལ་སྟོང་དག་པ་གཉིས་ལྡན་ཚེཿ སྟོང་གཟུགས་དངས་མ་ལྔ་ལྡན་རིགས་ལྔའི་ཞིང་ཿ རང་སྣང་རྣམ་དག་ལོངས་སྐུའི་ཞིག་ཁམས་སུཿ དག་པ་གསུམ་གྱི་འཁོར་ལ་ཆོས་སྟོན་ཤོགཿ གལ་ཏེ་ལོངས་སྐུའི་ཞིང་དུ་མ་གྲོལ་ནཿ རང་སྣང་སྤྲུལ་སྐུའི་ཞིང་ཁམས་ལྔ་ཚོམ་དང་ཿ རིགས་འདུས་རྔ་ཡབ་དཔལ་རིའི་ཕོ་བྲང་ཆེརཿ སྐད་ཅིག་ཉིད་ལ་བརྫུས་ཏེ་སྐྱེས་ནས་ཀྱང་ཿ རིག་འཛིན་རྣམ་བཞིའི་གྲལ་དུ་སྨིན་པར་ཤོགཿ ཐེག་པ་རིམ་དགུའི་ཡང་རྩེ་ཡོ་ག་གསུམཿ དེ་ལས་རྣམ་པར་འདས་པ་མན་ངག་སྡེའིཿ དགོངས་ཀློང་བྱ་རྩོལ་བྲལ་བའི་གཤིས་ལུགས་སུཿ བློས་བྱས་བདེན་ཞེན་དྲི་མ་དག་པར་ཤོགཿ རང་རིག་གདོད་ནས་དག་པའི་ངང་མདངས་སུ། རང་རྩལ་དམ་པ་རིགས་བརྒྱ་ཞི་ཁྲོའི་སྐུཿ སྣང་ལ་རང་བཞིན་མེད་པའི་དལ་བཀྲམ་སྟེཿ ཡེ་ཤེས་མཐོང་བ་དག་པའི་དམར་མེ་འབུམཿ ཉོན་མོངས་འཁོར་བའི་ཆོས་ཀྱི་མུན་པ་སངསཿ བཟང་ཞེན་ཤེས་བྱའི་སྨག་རུམ་བསལ་ནས་ཀྱང་ཿ བརྗོད་མེད་ལྷག་མཐོང་ཡེ་ཤེས་ཆེན་པོའི་ཀློང་ཿ ཉམས་རྟོགས་རིག་པའི་རྩལ་ཆེན་རྫོགས་པར་ཤོགཿ ཕུང་པོ་ལྔ་དག་རིགས་ལྔའི་ཞིང་དུ་གྲོལཿ འབྱུང་ལྔ་གནས་དག་རིགས་ཀྱི་ཡུམ་ལྔར་སྨིནཿ རྣམ་ཤས་དབང་དག་སེམས་དཔའ་བརྒད་དུ་གྲོལཿ སྣང་བཞི་ཟད་ནས་འཇའ་ལུས་འགྲུབ་པར་ཤོགཿ དྲན་རིག་འོད་གསལ་ཆེན་པོའི་མར་མེ་འདིཿ རྒྱུན་ཆད་མེད་པར་སྦར་བའི་བསོད་ནམས་མཐུསཿ ལས་རླུང་བག་ཆགས་མུན་པ་དྲུངས་ཕྱུགས་ནསཿ ཀུན་བཟང་དགོངས་ཀློང་ཆམས་ཅིག་གྲོལ་བར་ཤོགཿ ཅེས་མར་མེ་འབུལ་ཐབས་ནས་རིག་མུན་སེལ་དཔལ་ལག་ན་རྡོ་རྗེས་སྦྱར་བའོཿ དགེའོཿ དགེའོཿ དགེའོཿ
སྤྲུལ་དང་། ཉིང་སྤྲུལ་སུམ་སྤྲུལ་བཀྱེས་ནས་གནས་ངན་གསུམ། དང་པ་ནས་སྤྲུག་ཅིང་འདྲེན་ནུས་བྱིན་གྱིས་རློབས། ཉོན་མོངས་དུག་ལྔ་དུག་གསུམ་ལས་མཆོད་པའི། སྡུག་བསྔལ་རྒྱུ་འབྲས་ཡོངས་དག་བདེ་ཆེན་ཞི་དང་། མངོན་གྱུར་ཞིང་དེའི་དཔལ་ལ་ལོངས་སྤྱོད་བཞིན། མཐའ་ཡས་འགྲོ་རྣམས་ཞིང་དེར་འདྲེན་ནུས་ཤོག །མཆོག་གསུམ་རྩ་གསུམ་བདེན་པ་གྲུབ་རྣསམ་ཀྱིས། །བདེན་པའི་སྟོབས་ཀྱིས་དེ་བཞིན་འགྲུབ་གྱུར་ཅིག །ཅེས་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་གསོལ་འདེབས་སྨོན་ལམ་དང་བཅས་པ་དེ་ཉིད་པདྨ་གསུང་གི་རིག་པ་འཛིན་པ་གྲུབ་ཆེན་ལངས་གྲོ་ལོ་ཙ་བ་དཀོན་མཆོག་འབྱུང་གནས་ཀྱི་སྤྲུལ་པའི་ཟློས་གར་དུ་ཡིད་ཆེས་ཐོན་ས་ཐེག་ཆེན་རྣམ་འབྱོར་ས། ཐུགས་མཆོག་རྡོ་རྗེས་བསྐུལ་ངོར་རྡོ་བླ་རྫོགས་ཆེན་པ་ཀུན་བཟང་གཞན་ཕན་གྱིས་བགྱིས་་པ་ཡོངས་ལ་སྨན་པར་གྱུར་ཅིག


previousབྱ་བྲལ་ཀུན་བཟང་གཞན་ཕན་གྱིས་ལེགས་བྱས་རྣམ་ཐར་གསོལ་འདེབས་དྲི་མེད་ཤེལ་སྒོང་།next