Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
  expand section
   
   
   
   
མཚམས་ཐོ་དབང་ཆེན་གད་རྒྱངས།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཚམས་ཐོ་དབང་ཆེན་གད་རྒྱངས།next

མཚམས་ཐོ་དབང་ཆེན་གད་རྒྱངས།

དམ་ཆོས་བདེ་ཆེན་ལམ་མཆོག་ལསཿ མཚམས་ཐོ་དབང་ཆེན་གད་རྒྱངས་བཞུགས།ཀ་དག་ཀུན་ཏུ་བཟང་པོའི་བརྗོད་བྲལ་བཀའ། །ཁ་སྦྱོར་ལོངས་སྐུ་རིག་ལྔའི་གྲག་སྡོང་ལུང་། །ག་དར་ནམ་མཁའི་སྐུ་བརྙེས་པད་འབྱུང་གཏམཿ ང་བདག་བདུད་འཇོམས་མཁྱེན་བརྩེའི་ཚིག་འདི་སྐདཿ ཅ་རེ་བལྟ་དང་གྲོགས་གེ་ཉན་པའི་བགེགསཿ ཆ་ལུགས་ཅིར་ཡང་བསྡུ་བའི་མི་མ་ཡིནཿ ཇ་ཆང་བཅུད་དང་ལུས་ཐུན་གསུམ་སངས་པའི་མཁརཿ ཨ་ཏི་ཡོ་གའི་འོད་སྡོང་རྟག་གསལ་ཤོག །དེ་ལྟར་མཚམས་ཐོ་དབང་ཆེན་ལྷའིཿ གད་རྒྱངས་སྣང་བ་ཟིལ་ནོན་འདིཿ རྣལ་འབྱོར་ཀུན་བཟང་གཞན་ཕན་གྱིཿ ཡིད་ཤེས་ཤེལ་གྱི་མེ་ལོང་དུཿ ཆུ་བུར་ཅི་བཞིན་རྡོལ་བྱུང་བཿ ཐོགས་མེད་ཚུལ་གྱིས་བཀོད་པའི་དགེསཿ སྒྲུབ་བརྩོན་རྣལ་འབྱོར་ཐམས་ཅད་བར་ཅོད་ལེ་འབྱུང་ཞིང་ཿ སྒྲུབ་འབྲས་སྒྲུབ་གཉིས་མངོན་གྱུར་ཤོགཿ ས་མ་ཡ་རཀྵནྟུཿ ༄༅ཿ ཕྱོགས་རིས་མེད་པའི་ལྟ་བ་དང་ཿ དམིགས་གཏད་བྲལ་བའི་སྒོམ་པ་ལཿ བཅོས་བསྒྱུར་སྤོངས་བའི་སྤྱོད་པས་མཛེས། །བྲལ་ཐོབ་རང་ངོར་སྡོང་ཁྱོད་རྒྱལ། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །སྐྱེ་འགགས་གནས་གནས་གསུམ་བྲལ་མོད་ཀྱང་། །སྐྱེ་འགགས་གནས་གསུམ་ཆོ་འཕྲུལ་གཟུང་། །མཁའ་དང་སྤྲིན་ཕུང་ཇི་བཞིན་འབྱུང་། །སྲིད་དང་ཞིང་ཁམས་དབྱེར་མེད་དེ། །གཉིད་དང་རྨི་ལམ་ཟུང་འབྲེལ་བཞིན། །སེམས་དང་རིག་པ་དབྱེར་མེད་དེ། །ཤེལ་དང་གདངས་འོད་དབྱེར་མེད་དེས། །བྱུང་གནས་འགྲོ་གསུམ་དབྱེར་མེད་དེ། །ཆུ་རླན་རླབ་ཕྲེང་ཟུང་འཇུག་ལྟར། །སེམས་ཞེས་དུས་གསུམ་རྣམ་རྟོག་ལ། །རིག་པ་དེ་དབྱིངས་འགྱུར་མེད་དོན། །སེམས་ཀྱི་དཔེ་ནི་སྤྲིན་ཕུང་དང་། །ཁ་ཆར་རླུང་འཚུབས་སེར་བ་འཇའ། །གློ་བུར་ལྷག་པའི་འབྱུང་འཕྲུལ་བཞིན། །རིག་པ་ཡེ་སྡོང་ནམ་མཁའ་འདྲ། །བལྟས་པས་མཐོང་མེད་མཁའ་ལྟར་སྟོང་། །མཐོང་མེད་མཐོང་འཛིན་གཉིས་འཛིན་སྐྱོན། །མ་ཡེངས་རློམ་ཀྱང་དམིགས་གཏད་ཡིན། །ཡེངས་པར་དགོས་ཀྱང་ཤོར་ཏུ་ཅི། །དཔེར་ན་སྤྲིན་སོགས་འབྱུང་འཕྲུལ་ཚོགས། །ནམ་མཁའ་ཉིད་དག་འདྲེས་པ་མེད། །དེ་བཞིན་ཡེ་སྡོང་རིག་པ་དང་། །དུས་གསུམ་རྟོག་ཚོགས་འདྲེས་པ་མེད། །སྤྲིན་འཇའ་ཉི་སོགས་འབྱུང་འཕྲུལ་གྱིས། །ནམ་མཁར་ཕན་དང་གནོད་པ་བྲལ། །དེ་བཞིན་ཡོངས་དང་མ་ཡེངས་པས། །ཡེ་སྡོང་རིག་པར་ཕན་གནོད་བྲལ། །ཡེངས་ཚེ་ཡེ་སྡོང་རིག་པ་དེ། །ཕག་དུ་ཡིབས་སམ་གཞན་དུ་གྱུར། །དེ་འདྲ་འདུག་ན་དངོས་འཛིན་སྐྱོན། །མ་ཡེངས་འཛིན་དུས་སྒོམ་རྒྱུ་དང་། །སྒོམ་མཁན་བག་ལ་ཉལ་ཡོད་དེ། །ཤེས་སྒྲིབ་གཉིས་འཛིན་ཕྲ་མོ་ཡིན། །དེ་ཉིད་སྤོངས་བར་མ་ནུས་པར། །ཇི་ལྟར་བསྒོམས་ཀྱང་བློ་བྲལ་མིན། །ཡེ་སྡོང་བློ་དང་བྲལ་བ་དེ། །ཡེངས་དང་མ་ཡེངས་སོ་སོར་དབེན། །ཐོབ་དང་ཤོར་བ་གང་ཡང་མེད། །གཟུང་དང་འཛིན་པའི་སྦྲུལ་མདུད་གྲོལ། །དེ་ཚེ་ལྟ་སྒོམ་དབྱིངས་སུ་ཡལ། །ཕྱུགས་མ་འགྲས་དེད་རྫི་བུའི་དཔེ། །འཚོ་རྒྱུའི་གཉིས་འཛིན་གཉིད་སད་ལྟར། །འཇའ་ཚོན་ཡལ་བའི་རྗེས་ལ་ལྟོས། །ཡོད་པ་མིན་དེ་མཁའ་དབྱིངས་དཀྱིལ། །མེད་པ་མིན་དེ་ཤེས་མཁན་ཉིད། །ཡེ་སྡོང་རིག་པའི་ངོ་བོ་ཡིན། །ཚུལ་འདི་འཕྱུག་མེད་རྟོགས་གྱུར་ཚེ། །རྫོང་ཆེན་དོན་དང་མཇལ་ཞེས་སྨྲ། །འདི་ལྟར་རང་གི་རྟོགས་པའི་ཚུལ། །སྐྱེས་མཆོག་གང་ལ་ཕུལ་བ་ལགས། །ལྟ་སྒོམ་ཤར་ནུབ་ཆུ་བུ་བཞིན། །སོ་སོར་སྣང་ཡང་རོ་ཅིག་ལྟར། །དབྱེར་མེད་གྱུར་ལ་རང་པའི་ལན། །ཐོལ་བྱུང་ཐོགས་མེད་ཚུལ་ཡིས་ནི། །ཕུལ་བ་དགོངས་མཚོ་དྲི་མེད་དུ། །དབྱེར་མེད་སྨྲ་བསམ་བརྗོད་བྲལ་གྱུར། །གང་ལ་བསླབ་སྟོན་མི་འཚལ་གྱི། །རང་ཅག་ཉམ་རྟོགས་བསྡུར་བའི་གཏམ། །གབ་སྦས་མེད་པ་རྗེན་པ་རུ། །བྲིས་འདི་ཐོས་གྲོལ་ཏུ་གྱུར་ཅིག །སྙི་བླ་བསྟན་འཛིན་དར་རྒྱས་ལ་བྱ་བྲལ་ཀུན་བཟང་གཞན་ཕན་གྱིས་སོ། ༈ །ག་དག་རྫོགས་པ་ཆེན་པོའི་རང་བཞིན་ནི། །ཁ་ཙིག་བརྗོད་བྱས་མཚོན་དུ་མི་ནུས་ཀྱང་། །ག་ལེར་མཉམ་པར་བཞག་ཁྱོད་རྟོག་པའི་དོན། །ང་ཡིས་ཇི་བཞིན་བཤད་ཀྱི་མཉན་པར་མཛོད། །ཅ་རེ་མིག་གི་གཟུགས་སོགས་ཚོགས་དྲུག་ཡུལ། །ཆ་ཤས་གང་བའི་ཟླ་གཟུགས་མཚོར་སྣང་བཞིན། །ཇ་རོལ་བྲེགས་པའི་རོ་ལྟར་རྟོག་བྲལ་དུས། །ཉ་རྒྱས་སྟོངས་སུ་ལྷུམས་ཁུགས་དཔེ་བཞིན་ལགས། །ཏ་ལ་ལ་བཞིན་གསལ་རིག་རྒྱུན་ལྡན་ཡང་། །ཐ་དད་གཟུངས་འཛིན་གྲོགས་དང་ལྡན་མི་གནས། །ད་ལྟ་འདས་དང་མ་འོང་རོ་གཅིག་དུས། །ན་རྒ་འཆི་བའི་དྭོགས་ཟོན་ག་ལ་དགོས། །པ་ནིའི་རྒྱུན་བཞིན་དྲ་ཤེས་རྟག་ལྡན་ན། །ཕ་རོལ་ཚུལ་རོལ་རེ་དྭོགས་དགོས་སམ་ཅི། །བ་ལང་ཚ་ཆུར་སྲེད་ལྡའི་ཉིས་སྤངས་ཚེ། །མ་དག་པ་བདུན་ལས་བརྒལ་ལམ་རྟགས་ཡིན། །ཙ་ལེ་ལས་ལུང་རྒྱུ་འཕྲུལ་འགག་པའི་ཚེ། །ཚ་ཟེར་ནུབ་ཙེའི་འོད་ཟེར་བསྡུས་བཞིན་འགྱུར། །ཛ་ལང་སྤྱོད་པའི་རྟོགས་ཚོགས་བྲལ་གྱུར་ཚེ། །ཝ་ཆུ་བཅད་བཞིན་གནས་ལུགས་མ་དང་ཉེ། །ཞ་ཉེ་དངུལ་བསྣུན་ཉམས་མྱོང་དབྱིངས་ཐིམ་པ། །ཟ་འདོད་གཡོ་སྒྱུའི་རྫུན་ཕུག་སྡིབས་པ་བཞིན། །འ་འོལ་ཟ་ཟིའི་རེ་དྭོགས་གཉིས་སངས་བ། །ཡ་མཚན་འདིར་སྣང་གཉིད་སད་རྨི་ལམ་བཞིན། །ར་ལུག་རྫི་བོས་འཚོ་རྒྱུ་འཕྲལ་སྡོར་བཞིན། །ལ་ལ་ཙམ་མིན་ཆགས་སྡང་ཡོངས་བྲལ་ན། །ཤ་ཁྲག་ཕུང་པོ་རྒྱལ་བའི་སྐུར་སྨིན་ནས། །ས་བཅུ་ལམ་ལྔའི་སྤངས་རྟོག་མཐར་ཕྱིན་ནས། །ཧ་ལ་མ་སྤངས་ཡེ་ཤེས་ངང་དུ་གྲོལ། །ཨ་ཏིའི་ས་མཆོག་ལྷུན་གྱིས་གྲུབ་ཅེས་སྨྲ། །ཨ་ལ་ལ། རྡོ་འཁོར་བ་མྱང་འདས་སར། ཨེ་མ་ཧོ་དེ་གེགས་མེད་ཕྱིན་པར་ཤོག །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །སྐུ་གསུམ་ཞིང་གི་སངས་རྒྱས་དང་། །ཁམས་གསུམ་འཁོར་བའི་སེམས་ཅན་གཉིས། །རིག་དང་མ་རིག་ཆོ་འཕྲུལ་གྱིས། །གྲོལ་དང་འཁྲུལ་པའི་ལམ་གཉིས་བྱུང་། །གཞི་ཡི་ཐོག་མ་སྡོང་པ་ཉིད། །དེ་ལས་མཆེད་པའི་རང་འོད་མདངས། །རང་ལས་གཞན་དུ་མ་བཟུང་བས། །དུས་གསུམ་སངས་རྒྱས་བསམ་ཡས་བྱུང་། །རང་གྲིབ་འདྲེ་རུ་བཟུང་བ་ལྡའི། །གཉིས་འཛིན་ཅུང་ཞིག་ཤར་པ་ལས། །ཁམས་གསུམ་འཁོར་བའི་སེམས་ཅན་བྱུངས། །དེ་གཉིས་མཚན་ཉིད་འདི་ལྟ་སྟེ། །གཉིད་དུ་མ་སོང་སྐྱེས་བུ་དང་། །གཉིད་ནས་མ་སད་དཔེ་བཞིན་ནོ། །དོན་ལ་འཁོར་འདས་གཉིས་པོ་དེ། །ངོ་བོ་སྟོང་པར་གཅིག་མོད་ཀྱང་། །གྲོལ་དང་འཁྲུལ་པས་གཉིས་སུ་སོང་། །ད་དེ་ཡང་ཡང་འཁོར་བའི་ངོ་བོ་དེ། །མ་རིག་བག་ཉལ་ཀུན་གཞི་ཡིན། །རྒྱལ་ཀུན་གྲོལ་གཞི་མ་རིག་བྲལ། །དེ་གཉིས་གཞི་ཡི་ཁྱད་པར་ཡིན། །ལམ་གྱིས་དབྱེ་བ་འདི་ལྟ་སྟེ། །རྒྱལ་རྣམས་སྐུ་དང་ཞིང་ཁམས་དང་། །ཆོ་འཕྲུལ་མཛད་པ་བསམ་ཡས་རྣམས། །སྒྱུ་མ་དང་ནི་རྨི་ལམ་ཚུལ། །གཞི་ལས་གཡོས་པ་སྤུ་ཙམ་མེད། །ལྷུན་གྲུབ་རྩལ་དུ་ཤར་བ་ཡིན། །འཁྲུལ་ལམ་རིམ་བཞིན་གཟུགས་མེད་དང་། །གཟུགས་ཁམས་འདོད་ཁམས་དམིགས་བཅས་པ། །ཀུན་ཀྱང་རྟོག་པ་བག་ཉལ་དང་། །བདེ་གསལ་ཉམས་ལ་དམིགས་འཛིན་བརྡས། །དེ་ལས་ཉོན་མོངས་རགས་པའི་སྐྱོན། །ཤར་བས་ལྷ་མིན་སྡེ་ཚོགས་དང་། །སྟོང་གསུམ་འཇིག་རྟེན་མི་རྣམས་སྲིད། །དེ་ཡི་སྡིག་སྤྱོད་མཐུ་བརྡས་པས། །ངན་སོང་གསུམ་གྱི་འགྲོ་བ་སྲིད། །དེ་ལྟར་འགྲོ་བ་རི་དྲུག་གི། །ངོ་བོ་སྟོང་པར་གཅིག་མོད་ཀྱང་། །རང་མདངས་ཉོན་མོངས་རྣམ་དྲུག་གིས། །འཁྲུལ་པའི་ལམ་དྲུག་སོ་སོར་བྱུང་། །རྟེན་ཅིང་འབྲེལ་འབྱུང་ཁྱད་པར་གྱིས། །རང་ལམ་གང་ཡིན་དེར་འགྲོ་ལས། །གཞན་དུ་འགྲོ་བ་མི་སྲིད་པ། །སྟོན་མཆོག་དྲང་སྲོང་ཆེན་པོའི་བཀའ། །དེ་ཡང་ཞེ་སྡང་ལས་དབང་གིས། །དམྱལ་བའི་གནས་སུ་སྐྱེ་འགྱུར་ཞིང་། །སེར་སྣས་ཡི་དྭགས་གཏི་མུག་གིས། །དུད་འགྲོའི་གནས་སུ་སྐྱེ་བར་འགྱུར། །ཕྲག་དོག་ལས་ཀྱི་ལྷ་མ་ཡིན། །ང་རྒྱལ་དབང་གིས་འདོད་ལྷ་དང་། །དགའ་བདེའི་ཉམས་ལ་རབ་ཞེན་པས། །གཟུགས་ཁམས་ལ་སྐྱེ་སྲོང་འཛིན་གྱི། །རྟོག་པ་ཕྲ་ཞིང་ཕྲ་བ་ནས། །ཅི་ཡང་མི་རྟོག་བཟུང་བ་ལས། །གཟུགས་མེད་གནས་སུ་སྐྱེ་འགྱུར་ངེས། །དེ་ལྟར་འགྲོ་བ་རིགས་དྲུག་གི། །བདེ་སྡུག་སོ་སོར་མྱོང་དུས་ན། །ཀུན་གཞི་མུན་ནག་འཐིབས་པ་བཞིན། །འགྲོ་ཁམས་ཡོངས་ལ་ཁྱབ་ནས་ཡོད། །ཀུན་གཞི་དེ་དང་ཀ་དག་གཉིས། །དམུས་ལོང་དང་ནི་མིག་ལྡན་བཞིན། །ངོ་བོ་གཅིག་ཀྱང་ལྡོག་ཆའི་ཁྱད། །ཉམས་མྱོང་ཅན་གྱིས་འབྱེད་པ་ཡིན། །འོ་ན་སངས་རྒྱས་སེམས་ཅན་གཉིས། །ངོ་བོ་གཅིག་ན་སེམས་ཅན་རྣམས། །སྟེས་དབང་མཐུ་ཡིས་གྲོལ་བར་རིགས། །སངས་རྒྱས་ཉིད་ཀྱང་སེམས་ཅན་དུ། །འགྱུར་བར་ཐལ་ན་དེ་མི་འཐད། །སངས་རྒྱས་དང་ནི་སེམས་ཅན་གཉིས། །ངོ་བོ་གཅིག་པ་མ་ཡིན་ན། །འགྲོ་ཀུན་བདེ་གཤེགས་སྙིང་པོས་ཁྱབ། །ཞེས་པའི་ལུང་གི་དབང་པོར་ཡོད། །དེ་ཕྱིར་སངས་རྒྱས་སེམས་ཅན་གཉིས། །སྤྱི་གཞི་འམ་ནི་ཡེ་གཞི་ལ། །ཁྱད་པར་མེད་དེ་ནམ་མཁའ་འདྲ། །འཁྲུལ་གཞི་གྲོལ་གཞི་གོང་གསལ་བཞིན། །དེ་ཕྱིར་ཁམས་གསུམ་འཁོར་བའི་འགྲོའི། །སེམས་གྱི་ངོ་བོ་སྟོང་པར་གཅིག །རང་བཞིན་སོ་སོའི་མཚན་ཉིད་ལྟར། །བདེ་སྡུག་འགོག་དུ་མེད་པར་སྣངས། །དེ་ཡང་དམྱལ་བའི་འགྲོ་བ་ཀུན། །ཚ་གྲང་དཔལ་ཡིས་རྟག་མནར་ཡང་། །དེར་སྐྱེས་ལས་ངན་མ་ཟད་པར། །གློ་བུར་དུ་ནི་འཕོ་མི་སྲིད། །འོན་ཀྱང་དམྱལ་བའི་ཞིང་ཁམས་དང་། །བཟོད་མེད་དམེ་དང་གྲང་དབལ་སོགས། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །འགྲོ་བ་གཞན་ལྔའང་དེ་བཞིན་ནོ། །ལྟ་སྒོམ་མཐར་ཕྱིན་རྣལ་འབྱོར་གྱིས། །རྟོགས་ངོར་སྐུ་གསུམ་སངས་རྒྱས་དང་། །ངན་སོང་གསུམ་གྱི་འགྲོ་བ་ལ། །བླང་དོར་མེད་དེ་མཉམ་པ་ཉིད། །རྒྱལ་ཀུན་ཡེ་ཤེས་ངོ་བོ་དང་། །འགྲོ་ཀུན་སེམས་ཅན་རང་བཞིན་གཉིས། །མཁའ་དང་སྤྲིན་ཕུང་ཇི་བཞིན་ནོ། །དེ་ཕྱིར་འཁོར་བའི་ཕ་རོལ་ན། །སངས་རྒྱས་བྱ་བའི་བཟང་པོ་ཞིག །ཡོད་ན་གཟུགས་འཛིན་ལས་མ་འདས། །མེད་ཚེ་དུས་གསུམ་སངས་རྒྱས་ཀྱི། །ཐུགས་ཀློང་ཡངས་པའི་དོ་ར་ན། །ཁམས་སུམ་འཁོར་བའི་སེམས་ཅན་རྣམས། །མཁའ་ལ་སྣོད་བཅུད་ཀུན་རྫོགས་བཞིན། །དབྱེར་མེད་ངང་དུ་གནས་པ་ཡིན། །དེ་ལྟར་རྒྱལ་རྣམས་ཡེ་ཤེས་ཀྱི། །འགྲོ་ཀུན་ཡོངས་སུ་ཁྱབ་གྱུར་ཡང་། །འཁྲུལ་རྟོག་དབང་གིས་ངོ་མ་ཤེས། །སངས་རྒྱས་སེམས་ཅན་གཉིས་སུ་བྱས། །རང་སེམས་ལས་ལྷག་སངས་རྒྱས་གཞན། །རྙེད་པར་འདོད་པའི་རེ་བས་འཕོངས། །དཔེར་ན་དབུལ་པོའི་ཁྱིམ་གྱི་གཏེར། །ངོ་མ་ཤེས་པ་དང་མཚུངས་སོ། །དེ་ཕྱིར་སྐལ་བཟང་རྗེས་འཇུག་རྣམས། །རང་སེམས་སངས་རྒྱས་ཡིན་པ་ལ། །ཡིན་པའི་ངེས་ཤེས་བརྟན་བཞིན་དུ། །སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། །རང་སེམས་ངོ་བོ་སངས་རྒྱས་སུ། །གོ་མྱོང་རྟོགས་པས་ཐག་ཆོད་གནད། །ད་ལྟར་སྙིགས་མའི་མར་གཤམ་འདིར། །ཐོས་བསམ་ལྡན་འགའ་སྒོམ་གྱི་དབུལ། །སྒོམ་ཆེན་རློམས་འགའ་འཛིན་པས་འཆིངས། །སེམས་ངོ་སྐྱོང་ཞེས་ཀུན་རྟོགས་གཟུགས། །འབེན་དུ་བཅས་ནས་དམིགས་པས་གཟིར། །ལ་ལས་སེམས་ཉིད་ཡོད་མེད་ཀྱི། །མཐའ་ལས་འདས་པས་སྟོང་པ་ཞིག །ཡོད་རུ་རེ་ནས་འཛིན་པ་བྱེད། །ཁ་ཅིག་ལྟ་བྱ་ལྟ་བྱེད་དང་། །བསྒོམ་བྱ་བསྒོམ་བྱེད་ལ་སོགས་པ། །གཉིས་སུ་མེད་པའི་ངོ་བོ་གཅིག །ཡོད་པར་བཟུང་ནས་བྱ་ར་བྱེད། །གཞན་དག་བདེ་སྟོང་ཉམས་ལ་ཞེན། །དེ་དག་སྔོན་ཚེ་ཉན་ཐོས་འགས། །དགྲ་བཅོམ་ཐོབ་པའི་བློ་སྐྱེས་ནས། །བདག་ནི་དགྲ་བཅོམ་ཡང་དག་གོ །སྨྲ་ཤིང་དེ་ཡི་ང་རྒྱལ་བས། །ལས་ཀྱི་ཕྱི་མ་འཁོར་བ་རུ། །ལྷུངས་བའི་གཏམ་རྒྱུད་དང་མཚུངས་སོ། །དེ་ཕྱིར་ལྟ་སྒོམ་སྤྱོད་པ་གསུམ། །ཡོད་པར་བཟུང་ན་རྟག་ལྟ་ཡིན། །མེད་པར་བཟུང་བས་ཆད་ལྟར་གོལ། །འཛིན་པ་ཕྲ་ཞིང་ཕྲ་བ་ཞིག །བྱུང་ནས་དེ་ལ་ཞེན་གྱུར་ན། །བྱང་ཆུབ་ལམ་དང་རྒྱངས་རིང་འགྱུར། །ཨེ་མ་དེ་ཕྱིར་རྗེས་འཇུག་རྣམས། །དྲེད་པོ་ཆོས་རྒྱུ་མཁན་པོ་ཡི། །རྣམ་ཐར་སྤངས་ནས་ཐོས་བསམ་དང་། །བླ་མའི་རྣལ་འབྱོར་རྟག་སྒོམས་ཤིང་། །དད་པས་ཁམས་གོས་ནུས་པ་ཡིས། །ཁ་ཞེ་མེད་པའི་གསོལ་བཏབ་མཐར། །དབང་བཞི་བླངས་ཤིང་ཐུགས་ཡིད་བསྲེས། །དེ་མཐུས་རང་རིག་དྲི་མེད་མཐོང་། །དེ་ལས་གཞན་དུ་སུ་ཡིས་ཀྱང་། །སེམས་ཉིད་མཐོང་འདོད་ནམ་མཁའི་དབྱིངས། །འདོམས་གྱིས་གཞལ་བ་ཇི་བཞིན་ནོ། །དུས་གསུམ་ཆོས་རྣམས་མེ་ལོང་གི། །གཟུགས་བཞིན་མངོན་སུམ་གཟིགས་པ་ཡིས། །སྟོན་མཆོག་ཐུབ་པའི་དབང་པོའི་བཀས། །ཤཱ་རིའི་བུ་ཁྱོད་ད་པ་ལ། །འདུན་པར་གྱིས་དང་དེ་མཐུ་ཡིས། །དོན་དམ་བདེན་པ་མཐོང་གི་གསུངས། །དེ་བཞིན་སྐལ་བཟང་རྗེས་འཇུག་རྣམས། །ཚུལ་དེར་བསླབ་ན་དེ་བཞིན་འབྱུང་། །ཁོ་བོ་བགྲངས་བྱས་རབ་དུབ་ཞིང་། །སྐྱེ་བ་དུ་མའི་ལས་ངན་འབྲས། །དུས་འདིར་སྨིན་པ་ཇི་བཞིན་གྱི། །ཡན་ལག་བཞི་པོ་ཤིང་ལྟར་རེངས། །ཉིང་ལག་རྣམས་ཀྱང་དེ་རྗེས་འབྲངས། །ལྷངས་བའི་སྟོབས་ཟད་མལ་སར་ལྷུངས། །སྡང་དགྲས་མཐོང་ན་དགའ་བ་སྐྱེས། །ཤ་ཚའི་གྲོང་རྣམས་ཡི་ལུག་ཅིང་། །སྔགས་བསྲུང་སྨན་པས་ཐབས་མང་པོས། །མྱུར་དུ་ནད་ལས་ཐར་འདོད་ཀྱང་། །ལས་ཀྱི་འབྲས་བུ་དབང་བཙན་པས། །རེ་ཞིག་ཤི་མིན་གསོན་མིན་དུ། །མལ་པར་ཉལ་དགོས་འདི་ལྟ་བུ། །བདག་ཉིད་གཅིག་པུར་མ་ལགས་ཏེ། །འཁོར་བའི་འགྲོ་རྣམས་འདི་དང་མཚུངས། །ས་བཅུའི་དབང་ཕྱུག་བཻ་རོ་ཡང་། །འཕགས་ཡུལ་བགྲོད་པའི་སྐབས་ཤིག་ཏུ། །ཚད་པ་ཆུ་ནད་བསྡོངས་བྱས་ནས། །དེ་ཤི་དེ་ཆད་བདུན་བྱུང་གསུངས། །བོད་དུ་འཁོར་འཕྲལ་དབྱེན་སྦྱོར་གྱིས། །རྒྱལ་མོ་རོང་དུ་ཕྱུག་ལམ་དུ། །དཀའ་བ་དཔག་མེད་སྤྱད་པ་དང་། །རྒྱལ་རོང་ཡུལ་དུ་ཤིག་དོང་དང་། །སྦལ་དོང་སོགས་སུ་བསྒྱུར་བའི་ཚེ། །སྔོན་གྱི་ལས་འཕྲོད་ལུང་བསྟན་གནང་། །ཐུབ་པའི་རྒྱལ་ཚབ་ཞི་བ་འཚོ། །རྟ་འཕྲས་འདས་རྐྱེན་བྱས་པ་དང་། །འཇམ་དབྱངས་མིར་སྤྲུལ་ཁྲི་སྲོང་རྗེ། །རྟ་ཡིས་བརྡབ་ནས་འདས་ཚུལ་བསྟན། །ཕྱག་རྡོར་སྤྲུལ་ཁྲི་རལ་རྗེ། །འབངས་ཀྱིས་བཀྲོངས་པའི་ལོ་རྒྱུས་སོགས། །མང་དུ་ཡོད་པ་དེ་དག་རྣམས། །སྔོན་ལས་མཐུ་རུ་བདག་གིར་བྱས། །སྐྱོན་ཟད་ཡོན་ཏན་ཀུན་རྫོགས་པ། །སྟོན་མཆོག་ཐུབ་པའི་དབང་པོ་ཡི། །ཞབས་ལ་སེང་ལྟེང་ཚལ་བུ་ཞིག །ཟུང་ནས་ན་ཚ་མྱོང་ཚུལ་བསྟན། །དེ་ཡང་སྔོན་ཚེ་ཚོགས་དཔོན་གྱི། །སྐྱེ་བ་བཟུང་སྐབས་ཚོང་པའི་འཁོར། །སྲོག་ལས་སྐྱོབ་ཕྱིར་མདུང་ཐུང་ཅན། །བསད་པས་རྣམ་སྨིན་ཡིན་ཞེས་གནང་། །དེ་ཕྱིར་བདག་ཀྱང་འཁོར་བ་རུ། །འཁོར་ཚེ་ཉེས་སྒྲིབ་དཔག་ཡས་ཀུན། །ལུས་ཐོབ་འདི་རུ་སྨིན་པར་སྨོན། །འདི་ལས་མི་བཟད་སྡུག་བསྔལ་ཆེ། །དམྱལ་བའི་ཚ་གྲངས་ཡི་དྭགས་ཀྱི། །བཀྲེས་ཞིང་སྐོམ་པར་གྱུར་པ་དང་། །དུད་འགྲོའི་བཀོལ་སྤྱོད་སྡུག་བསྔལ་སོགས། །ལྷག་མེད་བདག་གི་སྒོ་གསུམ་ལ། །ཐིམ་ནས་ངན་སོང་གསུམ་གྱི་འགྲོ། །སྡུག་བསྔལ་ཀུན་བྲལ་བདེ་སྐྱིད་ལྡན། །ཐར་པའི་གོ་སར་དབུགས་འབྱིན་ཤོག །སྐྱེ་བ་འདི་ནས་བཟུང་ནས་སུ། །བྱང་ཆུབ་སྙིང་པོ་མ་ཐོབ་པར། །བདག་གི་སྒོ་གསུམ་བྱ་བ་ཀུན། །སེམས་ཅན་ཐམས་ཅད་བདེ་བའི་རྒྱུར། །བར་ཆོད་མེད་པར་འགྱུར་བར་ཤོག །བདག་གིས་དུས་གསུམ་དགེ་བ་དང་། །བདེ་སྐྱིད་བདེ་བའི་དངོས་པོར་བཅས། །ངན་སོང་གསུམ་སོགས་འཁོར་བའི་འགྲོར། །བཀྲེས་པར་བཟའ་བཏུང་སྦྱིན་པ་ལྟར། །ཡིད་ཀྱིས་བཏང་ཞིང་བསྔོས་པ་བཞིན། །ཐོབ་ནས་སྡུག་བསྔལ་ཀུན་བྲལ་ཤོག །འཁོར་བར་གནས་པའི་འགྲོ་རྣམས་ཀྱི། །ལས་དང་ཉོན་མོངས་སྡིག་སྒྲུབ་དང་། །སྡུག་བསྔལ་དང་བཅས་ལྷག་མེད་དུ། །སེམས་བསྐྱེད་ཆེན་པོས་རང་ཉིད་ལ། །སྨིན་ནས་འདུན་པ་བཟུང་བཞིན་དུ། །ལྷག་ལུས་མེད་པར་ཐིམ་གྱུར་ནས། །འགྲོ་རྣམས་བདེ་ཆེན་མཆོག་ཐོབ་ཤོག །གཞན་ཡང་སྐྱེ་བ་ཇི་སྲིད་པར། །གཞན་གྱི་ཁུར་དུ་མི་འགྲོ་ཞིང་། །མཆོག་དམན་བར་པ་མཐའ་དག་ལ། །འགལ་སྤོང་མཐུན་སྒྲུབ་འཛོལ་མོད་ཀྱི། །མ་བུ་ཇི་བཞིན་མཇལ་བར་ཤོག །ཇི་སྲིད་འཇིག་རྟེན་འདིར་གནས་པ། །གཞན་གྱི་ཕྲག་དོག་ཁོན་འཛིན་གྱིས། །བསམ་སྦྱོར་ངན་པས་མཐོ་གནོན་དང་། །གྱོད་བྱུར་མི་ཁའི་སྣ་འདྲེན་སོགས། །དེ་དག་བདག་གི་ལྷག་བསམ་མཐུས། །གནོད་སེམས་གདུག །སེམས་ཀུན་བྲལ་ནས། བྱང་ཆུབ་སེམས་མཆོག་སྐྱེ་བར་ཤོག །ཀྱེ་མ་རྒྱལ་བསྟན་ནུབ་རི་ལ། །ཡོལ་དུ་ཉེ་བས་ལྟས་ངན་གཟུང་། །ཕན་ལན་གནོད་པས་འཇལ་བ་དང་། །སྡང་དགྲར་དཀུར་སྟི་ཕན་ཚོགས་བྱེད། །ཕན་གནོད་གོ་ལོག་འདྲའི་དུས། །རང་གི་ཐར་ལམ་མི་འགོགས་ཙམ། །བསམ་པ་ལས་གཞན་བསྟན་འགྲོའི་དོན། །བསྒྲུབ་པར་འདོད་ཀྱང་ལམ་རྒྱུགས་དཀའ། །ཅིའི་ཕྱིར་ཞེ་ན་འདི་བཞིན་ཏེ། །ལ་ལས་རྡོ་བླ་ཤི་ན་བསམ། །དེ་ཡང་མཁོལ་ལན་མ་ཡིན་ཀྱང་། །རང་འདོད་དབང་གིས་དེ་ལྟར་སྣང་། །འོན་ཀྱང་བདག་གི་ལྷག་བསམ་གྱིས། །དེ་དག་ཐམས་ཅད་སྡིག་ཟད་ཅིང་། །བདེ་བ་མཆོག་ལ་རིག་པར་ཤོག །ལ་ལས་རྡོ་བླ་འཚོ་ན་བསམ། །དེ་ཡང་སྔོན་སྨོན་རྟེན་འབྱུང་མཐུ། །དེ་ཀུན་འཁོར་བའི་སྐྱོན་བྲལ་ནས། །མྱང་འདས་ཡོན་ཏན་ཕུན་ཚོགས་ཤོག །གཞན་ཡང་འཁོར་བའི་འགྲོ་བ་ཀུན། །བདེ་ཆེན་འགྱུར་མེད་གོ་འཕང་ལ། །མ་བཞག་དེ་སྲིད་བདག་ཉིད་ཀྱིས། །སྦྱོར་བའི་བརྩོན་འགྲུས་སྟོབས་རྒྱས་ཤིང་། །གོ་ཆའི་བརྩོན་འགྲུས་སྙིང་སྟོབས་ཅན། །ཆོག་པར་མི་འཛིན་བརྩོན་འགྲུས་ཀྱིས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ལས། །མ་བསྒྲལ་དེ་སྲིད་སེམས་བསྐྱེད་ཁུར། །ནམ་ཡང་མི་འབོར་རྒྱལ་ཀུན་གྱིས། །འཕྲིན་ལས་བསྒྲུབ་པའི་ཁོལ་པོར་ཤོག །རང་འདོད་བྲལ་བའི་སྨོན་ལམ་འདིས། །མཐུན་གྱུར་རྒྱལ་བ་སྲས་བཅས་ཀྱིས། །མཛད་ནས་ཐོགས་མེད་མྱུར་འགྲུབ་ཞིང་། །འགྲོ་དོན་མཐའ་ཡས་ཡོངས་འགྲུབ་ཤོག །ཞེས་པ་འདི་ཡང་མཐའ་འཁོབ་པ། །བྱ་བྲལ་རྡོ་བླ་ཞེས་པ་བདག །གསར་རྙིང་ནད་ཀྱི་རབ་གདུང་ཚེ། །ཚིག་བཅད་འདི་འདྲ་ཤར་བྱུང་བ། །འགོག་མེད་ཚུལ་གྱིས་སྨྲས་དགེ། ན་མོ་གུ་རུ། མཐོ་མི་མངོན་ནམ་མཁའི་དབྱིངས་རུམ་ནས། །སྤྲིན་དཀར་པོའི་བླ་རེ་བྲེས་པ་ལས། །བཅུད་བདུད་རྩིའི་ཆར་རྒྱུན་བབ་པའི་འབྲས། །ཡུལ་དོག་མོ་ས་གཞི་རབ་བརླན་པས། །ཡོངས་རྩི་ཤིང་ལོ་འབྲས་ལང་ཚོ་རྒྱས། །དེ་འགྲོ་ཀུན་གྱི་བསོད་ནམས་དཔལ་ལས་བྱུང་། །གནས་རྒྱ་མཚོ་ཡི་གོས་ཅན་ད་རོ་ན། །ཡོངས་འགྲོ་ཀུན་གྱི་ལོངས་སྤྱོད་ལོ་འབྲས་ཚོགས། །སད་སེར་བ་ཡི་མ་གསོ་དཔལ་ཡོན་ལྡན། །འདི་རྐང་གཉིས་འགྲོའི་གོས་བྱེད་སྨན་གྱི་མཆོག །བར་ངེས་མེད་ཀྱི་རྒྱལ་ཁམས་ཡངས་པ་ན། །ཁོ་གྲུབ་ཐོབ་ཀྱི་བརྒྱུད་འཛིན་བྱ་བྲལ་འགའ། །ཡོངས་བསྟན་འགྲོ་ལ་ཕན་བདེའི་དཔལ་སྦྱོར་བཞིན། །ཆོས་སྟོང་ཉིད་དང་སྙིང་རྗེའི་ནོར་བུ་ངོམ། །གནས་འདི་གད་ཞིག་དབེན་པའི་རི་ངོགས་ན། །དུས་སྙིགས་མ་ཡི་རྣལ་འབྱོར་ཟོལ་མེད་དང་། །ཚེ་ཕྱི་མ་ཡི་དོན་ཞིག་བསྒྲུབ་འདོད་ཀྱང་། །དུས་ལན་རེ་ནི་བཙན་པོའི་ངོ་བསྲུང་དང་། །སྐབས་ལ་ལར་ནི་དོན་མེད་ཡོལ་ཡོལ་དང་། །ཆོས་སྒྲུབ་འདོད་ཀྱི་ངང་དུ་མི་ཚེ་བུལ། །ལུས་འདུ་བ་ཡི་རང་མཚན་མི་འཛིན་པས། །ནད་སྣེ་མང་གིས་གཅོང་ཞིང་རྒྱུན་དུ་འཚེ། །ཐབས་ཅི་བྱས་ཀྱང་ནད་མེད་བདེ་བ་དཀའ། །འོན་ཀྱང་ནི་ཐོས་བསམ་སྒོམ་གསུམ་ལ། ཕྱོགས་ཙམ་ཞིག་གོམ་པས་བརྟགས་དཔྱད་བྱེད། །ཀྱེ་མི་ལུས་ཤ་ཁྲག་དང་། །རུས་པ་རྒྱུས་པས་འབྲེལ། རྫས་མི་གཙང་བ་སུམ་ཅུ་རྩ་གཉིས་བལྟམས། །དུས་ཉིན་གཅིག་གི་ལྟོག་ནད་མི་བཟོད་པར། །འདི་གདོས་བཅས་ཀྱི་ཕུང་པོ་ཐ་མལ་རང་། །ལྷ་ཞི་ཁྲོ་ཡི་དཀྱིལ་འཁོར་ཅི་ལ་ཟེར། །ལུས་བྱི་དོར་དང་རྒྱན་ཆས་སྤྲུད་མོད་ཀྱང་། །དཔེ་དུར་ཁྲོད་ཀྱི་རོ་ལ་རྒྱན་བཏགས་བཞིན། །ཀྱེ་མ་ཧོ་རྡོ་རྗེ་ཐེག་པ་ཡིས། །ལམ་ཞུགས་རྣམས་དེ་ལྟར་སྨྲ་མི་འཚལ། །ལུས་གདོས་བཅས་དེ་སྨིན་གྲོལ་གྱིས་སྦྱངས་པའི་མཐར། །གདོད་ཞི་ཁྲོ་ཡི་ཚོགས་གནས་འགྱུར་ལས། །དུས་ད་ལྟ་ཡི་ཐ་མལ་གདོས་བཅས་དེ། །སྦྱངས་མི་དགོས་པར་སངས་རྒྱས་ཡིན་ཟེར་ན། གཟུགས་ཕུང་ལ་མེ་ཆུ་མཚོན་སོགས་ཀྱིས། །བཅད་གཏུབས་ཀྱི་ཉམས་ཉེས་བྱུང་བའི་ཚེ། །རྣམ་སྣང་ལ་དེ་ལྟར་བྱུང་ཟེར་རམ། །ཚུལ་དེ་ཡི་ཕུང་ཁམས་སྐྱེ་མཆེད་གཞལ། །གཟུགས་ཆེ་བ་ནི་རི་ཡི་རྒྱལ་པོ་མན། །ཆུང་བ་དང་ཕྲ་བ་ནི་རྡུལ་ཕྲན་ཡན། །ཐམས་ཅད་ཀྱི་ངོ་བོ་ཆོས་ཀྱི་དབྱིངས། །རྣམ་སྣང་དང་འདུ་འབྲལ་ཡོད་པ་མིན། །དེ་ཡིན་པ་ལ་ཡིན་བཞིན་གྱི་ངོ་འོད་ཚེ། །སྒོ་གསུམ་པོ་དེ་ཞི་ཁྲོ་ཡི་དཀྱིལ་འཁོར་དུ། །གནས་འགྱུར་བ་ལ་བསྙེན་དུ་ཅི་ལ་ཡོད། །དུས་དེང་སང་གི་ལྟ་སྒོམ་ཡིན་རློམ་འགས། སེམས་འཁྲུལ་རྟོག་འདི་སངས་རྒྱས་ཡིན་ནོ་ལོ། །དེ་ཡིན་གྱུར་ན་འགྲོ་བ་རིགས་དྲུག་པོ། །ལམ་བགྲོད་པ་ལ་མ་ལྟོས་སངས་རྒྱས་འགྱུར། །སེམས་སངས་རྒྱས་སུ་འདོད་པ་ཉོན་རེ་མོངས། །དོན་དེ་ཕྱིར་ན་ཀུན་གཞི་སེམས་དང་བཅས། །འདི་ཁྲོན་པ་ཡི་རྙོག་མ་མེའི་དུ་བ། །ནམ་མཁའ་ཡི་སྒྲིབ་བྱེད་སྤྲིན་དཔུང་བཞིན། །སེམས་སྐྱོན་གྱིས་རིག་པ་སྒྲིབ་པས་ཕུངས། །སྐྱོན་བྲལ་གྱི་རིག་པ་འདི་ལྟ་སྟེ། །སྙོགས་མ་དང་བྲལ་བའི་ཆུ་ཀླུང་དང་། །བསྲེགས་བྱེད་ཀྱི་དབྱིངས་ལྟར་གཟུང་འཛིན་བྲལ། །འཆི་མེད་ཀྱི་ལམ་དུ་ཆུ་འཛིན་དཔུང་། །འཁྲིགས་པའི་ཚེ་དེའི་དབྱིངས་སྟོང་པ་དང་། །ནམ་མཁའ་གཉིས་སྟོང་པ་གོ་མཉམ་བཞིན། །འཁྲུལ་སེམས་དག་རིག་པ་ཁྱབ་བདལ་དེ། །རིག་ངོ་ན་སེམས་ཀྱི་དྲི་མ་སྤོངས། །མ་རིག་ཚེ་སེམས་ཅན་རང་རྒྱུད་པ། །དེ་གཉིས་ཀྱི་ཁྱད་པར་འབྱེད་པ་ཉུང་། དེ་ཕྱིར་ན་བསྲེག་བྱེད་བདར་བའི་གསེར། །ཇི་བཞིན་དུ་ཁུ་འཐར་གཞིབ་པ་གལ། །དེ་ཚུལ་ནི་རྣམ་དག་ཐོས་བསུམ་བསྒོམ། ཡིན་གྱུར་ན་སྐྱོན་མེད་ལག་ལེན་གནད། །ཐོས་པ་འགའ་རྣ་དྲེད་དད་པས་བདུད། །བསམ་པ་ཕལ་ཐེ་ཚོམ་བསྐྱེད་པའི་རྒྱུ། །སྒོམ་ཞེན་ཅན་དུད་འགྲོའི་རྒྱུ་རུ་བཤད། །དེ་ཕྱིར་ན་ཐོས་བསམ་སྒོམ་གསུམ་པོ། །བྱང་ཆུབ་གྱི་ལམ་དུ་བསྒྱུར་ཐབས་གནད། །ལྟ་བ་ཞེས་སེམས་ཀྱི་སེམས་ལ་བལྟ། །སོ་སོ་རུ་འདུག་ན་འཁྲུལ་སེམས་ཡིན། །གཉིས་མེད་རྟོག་ན་རིག་པ་སྟེ། །དེ་བཞིན་གྱི་ངང་དེར་མ་བཅོས་པར། །རང་བབས་སུ་བཞག་ལ་བསྒོམ་པ་ཟེར། །བསྒོམ་མཁན་གྱི་སེམས་ཀྱིས་བསྒོམ་རྒྱུ་ཞིག །ཡོང་གྱུར་ན་དེ་ཡང་འཁྲུལ་སེམས་ཡིན། །བསྒོམས་བྱ་དང་བསྒོམ་བྱེད་དབྱེར་མེད་པར། །འཛིན་མེད་དང་ཡོངས་མེད་དོན་རྟོགས་ཚེ། །རྣམ་དག་གི་སྒོམ་ཚུལ་ཤེས་པ་ཡིན། །སྤྱོད་པ་ཡང་ལྟ་སྒོམ་དེ་དགའི་ངང་། །ཞི་ཆགས་དང་ཁྲོ་བོའི་ལས་སྣ་ཚོགས། །སོ་སོ་རུ་འཛིན་ན་འཁྲུལ་སེམས་ཡིན། །སྤྱད་བྱ་དང་སྤྱོད་བྱེད་འཛིན་བྲལ་ངང་། །ཡེངས་མེད་ཀྱི་བརྡུལ་ཞུགས་ལྡན་གྱུར་ན། །སྤྱོད་པ་ཡི་ལམ་མཆོག་མཐོང་བ་ཡིན། །ཚུལ་དེ་སྐད་ཅེས་བརྗོད་པས་དགེ་བའི་མཐུས། །ཡོངས་རྗེས་འཇུག་རྣམས་ལོག་པར་མི་འཕྱན་ཞིང་། །ལམ་ལྟ་སྒོམས་དང་སྤྱོད་པ་མཐར་ཕྱིན་ནས། །འབྲས་རང་བྱུང་གི་སྐུ་གསུམ་མངོན་གྱུར་ཤོག །༈ དབྱིངས་ཀྱི་རྒྱལ་བ་རིགས་མཆོག་ལྔ། །གཅིག་དྲིལ་དྲུག་པ་རྡོ་རྗེ་འཆང་། །གང་དེའི་ཞལ་སྐྱིན་འཇིགས་མེད་གླིང་། །སྙིང་གི་པད་མོར་རོལ་དང་ཀྱཻ། །ཞལ་གདམས་ཚིག་གི་ན་ཡམས་ལས། །རྣམ་དག་ལྟ་སྒོམ་ཐུན་གཅིག་དགའ། །དེ་ཕྱིར་དེ་དོན་མཁྱེན་འཚལ་ལོ། །འོན་ཀྱང་ཁྱོད་ཀྱི་ནན་ཏན་ངོར། །རྟོག་དཔྱོད་བྲལ་བའི་ཚིག་འདི་སྐད། །དལ་འབྱོར་རྙེད་དཀའ་འཇིག་སླ་དང་། །དགེ་སྡིག་རྣམ་སྨིན་བསླུ་མེད་ཚུལ། །འཁོར་དང་ར་པའི་དུཿཁ་བདེ། །དེ་ཀུན་བསམ་པ་ནང་པའི་ལུགས། །སྐྱབས་སེམས་ཡན་ལག་བདུན་དང་ནི། །རྡོར་སེམས་མཎྜལ་བླ་མ་ཡི། །རྣལ་འབྱོར་བསྒོམ་སོགས་ལམ་རིམ་མཆོས། །འཁོར་འདས་ཆོས་ཀུན་ངོ་བོས་སྟོང་། །རིགས་བཞིན་གསལ་ཞིང་རྩལ་སྣང་བཀྲ། །མཐའ་བཞི་བྲལ་བའི་བདག་མེད་གང་། །ལྟ་བ་ཡིན་ཞེས་མཁས་རྣམས་བཞེད། །དུས་གསུམ་རྣམ་རྟོག་རྒྱུན་བཅད་ནས། །ཅི་ཡང་མི་སྒོམ་མ་ཡེངས་ངང་། །བཟོ་བཅོས་མེད་པར་སྡོད་པ་འདི། །སྔོན་དུས་སྒོམ་ཆེན་པ་རྣམས་ལུགས། །ཞི་ཆགས་ཁྲོ་སོགས་སྤྱོད་ལམ་ཀུན། །སྒོམ་པ་ལམ་དུ་ཁྱེར་བ་ལ། །སྤྱོད་པ་ཡིན་ཞེས་བཞེད་པ་མང་། །དེང་སྐབས་ལྟ་སྒོམ་སྤྱོད་འབྲས་བཞི། །གོ་བས་གཏན་ལ་ཕབ་རློམས་ལས། །ཉམས་མྱོང་ཐེངས་པ་ཤིན་ཏུ་ཉུང་། །དེ་ཕྱིར་མ་ཡེངས་མི་སྒོམ་དོན། །ཉམས་སུ་ལེན་པ་གནད་དུ་ཆེ། །དེ་ལྟར་ཉམས་སུ་ལེན་པའི་དུས། །དང་པོ་འཇུགས་བུའི་དྲན་པ་ཞེས། །གནས་ལུགས་དྲན་པས་འཛིན་པ་ཡིན། །དེ་རྗེས་རྣམ་དག་དྲན་པ་དེ། །མ་ཡེངས་ངང་དུ་འཇོག་པའོ། །ཡང་ཅིག་དྲན་པ་སྒོམ་ཤར་ཞེས། །དྲན་པ་མ་གཏོགས་སྒོམ་རྒྱུ་དབེན། །མཐའ་རུ་དྲན་དང་ཡེངས་པ་གཉིས། །ཐོབ་ཤོར་མེད་དེ་མཉམ་པ་ཉིད། །ཅི་ཕྱིར་ཞེ་ན་དྲན་པ་ལས། །ལྷག་པའི་སྒོམ་རྒྱུ་མེད་པ་དང་། །ཡོངས་པའི་ཚེ་ན་དྲན་དུས་ཀྱི། །ངོ་བོ་དེ་དང་ཁྱད་མེད་དེ། །མཁའ་ལ་ཉི་ཤར་རླུང་འཚུབ་དང་། །སྤྲིན་འཁྲིགས་འཇའ་སྣང་གང་ཡང་རུང་། །ཐམས་ཅད་ངོ་བོ་མཉམ་པ་ཉིད། །ཚུལ་དེས་གོམས་པ་མཐར་ཕྱིན་ནས། །ལྟ་སྒོམ་དོན་དང་ལྡན་པར་ངེས། །ངེས་པ་དོན་གྱི་རྡོ་རྗེ་འཆང་། །བླ་མའི་བྱིན་གྱིས་འཕྲལ་ཕུག་ཀུན། །ཀུན་ནས་ཀུན་ཏུ་བདེ་ལེགས་ཤོག །༢ འཕྲལ་དགའ་སྐྱན་འདྲེས་པའི་ལྟད་མོ་ཡང་། །ཕུགས་ཕན་བདེར་འགྱུར་བ་གདོན་མི་ཟ། །ཡུལ་དེ་ཡི་སར་ནུབ་རྩུབ་སྦྱོར་གཟུགས། །གཟུགས་གནད་ལ་དབབ་ན་བྲན་ཏུ་འགྱུར། །ལྷ་དཔལ་ཕུར་གཉིས་ཀྱིས་འཁྲུལ་འཁོར་གྱིས། །གདོན་ཕལ་ཆར་རྒྱངས་རིང་ཕག་ཏུ་འབྲོས། །རྒྱུགས་ཅུང་ཟད་ངོམ་ཀྱང་འཕགས་མི་ནུས། །ཉིད་ད་སྡེ་བགྲངས་བྱ་བཞི་ལྔ་ཚུན། །རྐྱེན་མི་འདོད་ཐོག་བབས་འཚུབས་ལྷོང་ངོ་། །ལྟས་མངོན་དུ་གྱུར་པ་བཟློག་པའི་ཐབས། །ལྷ་དཔལ་ཕུར་གྱི་ཞི་དྲག་ལས་ལ་འབུངས། །ཆོས་འཁོར་འདས་དང་སྡེ་བརྒྱད་མང་མཆོད་གཟབ། །ཡང་བྱ་བྱིས་དང་ཉ་གྲོགས་སྦྱིན་པས་སྐྱོང་། །སྤྲང་སྦྱིན་དང་ལམ་འཕྲང་ཟི་བཅོས་གནད། །གནད་འདི་དག་གིས་འཕྲལ་ཕུག་ཀུན་བདེ་ཞེས། །དཔལ་མཁྱེན་བརྩེའི་འོད་ཟེར་བཀའ་ཡིན་སྨྲ། །ཡོངས་བསྟན་འགྲོ་ལ་སྨན་པའི་བཀྲ་ཤིས་ཤོག །དཔལ་ཡུལ་སྐྱབ་ནང་བླ་མ་འཇིགས་མེད་པད་མ་སྐལ་བསྐང་ཕ་ཡུལ་དུ་ཐེག་ཁར་རང་དོན་མཐར་ཕྱིན་གྱི་སྐབས་ལ་གཞན་ཕན་པྲིན་ལས་ལམ་བྱེད་ཀྱི་ཞལ་གཏམས་དང་ལུང་བསྟན་གསལ་བར་བགྱིས་པ་ཡོངས་སུ་དགེ་བར་གྱུར་ཅིག །དགེའོ།། ༅། སྐྱབས་ཀུན་འདུས་དྲིན་ཆེན་གྱི་བླ་མ། །རྩ་བའི་བླ་མ་མཁྱེན་བརྩེ་ཡི་འོད་ཟེར། །འབངས་གཅིག་བདག་གི་གཙུག་རྒྱན་དུ་རོལ་ལ། །རྗེས་འཇུག་སློབ་བུ་བཀའ་དྲིན་གྱིས་སྐྱོངས་ཤིག །ཀྱེ་ཧོ་གསོན་དང་དད་དམ་གྱི་སྣོད་མཆོག །དལ་འབྱོར་རྙེད་དཀའ་འཇིག་སླ་ལ་སེམས་དང་། །ཡུན་རིང་སྡོད་ཤམ་འདི་ཉིད་ཀྱིས་བསླུ་ཡོང་། །རྒྱུ་འབྲས་བསླུ་མེད་ས་བོན་གྱིས་བསྐྲུན་པའི། །འཁོར་བའི་ཉེས་དམིགས་སྐྱོང་ཐབས་ལ་རིམས་ཤིག །ཐར་པའི་ཕན་ཡོན་དགེ་སྟོབས་ཀྱིས་ཡིན་པས། །ཐོག་མཐའ་བར་གསུམ་དགེ་བ་ལ་འབུངས་འཚལ། །ཀུན་རྫོབ་ཆོས་རྣམས་དོན་དམ་ལ་འདུད་པའི། །རང་སེམས་སྐྱེ་མེད་མཐོང་ཐབས་ལ་རེམ་མཛོད། །སེམས་ཉིད་ཇི་བཞིན་མངོན་སུམ་དུ་མཐོང་ཚེ། །ལྟ་མཁན་མ་རྟོགས་བལྟ་ཡུལ་ཀྱང་མེད་དོ། །བལྟ་ཡུལ་མེད་པའི་བལྟ་མཁན་ཁོ་མཐོང་ཚེ། །ལྟ་མཁན་ཁོ་རང་བསམ་བརྗོད་ལས་འདས་ཤིང་། །ཡོད་ཞེས་རྡུལ་གྱི་ཕྲ་མོ་ཙམ་མེད་ཅིང་། །མེད་པ་མ་ཡིན་མཁན་པོ་ཁོ་རྟག་པ། །རྟག་པ་མ་ཡིན་ངོས་བཟུང་དང་བྲལ་ཞིང་། །ཆད་པ་མ་ཡིན་གཏིང་གསལ་གྱི་རིག་པ། །བལྟས་པས་མི་མཐོང་གདོད་མ་ནས་སྟོང་ཞིང་། བསྐྱུར་བས་མི་སྤོང་ཚ་བ་དང་མེ་བཞིན། །བསྒོམ་པས་སུ་སྒོམ་སྒོམ་མཁན་ཁོ་མིན་པའི་སྒོམ་རྒྱུ་ལོག་ན་ཨི་འདུག་ཞིག་ལྟོས། ཧཻ་བསྒོམ་རྒྱུ་མེད་ཀྱང་སྒོམ་མཁན་ཞིག་ཡོད་ན། །གང་ཟག་བདག་མེད་ཇི་བཞིན་དུ་རྟོགས་ཀྱང་། །ཆོས་ཀྱི་བདག་མེད་མ་རྟོགས་པའི་སྐྱོན་ཡིན། །དེ་ཕྱིར་སྒོམ་མཁན་བསྒོམས་རྒྱུ་གཉིས་གང་ཡང་། །ཡོད་མེད་རྟག་ཆད་མཐའ་དབུས་དང་བྲལ་བའི། །ནམ་མཁའ་ཇི་བཞིན་མ་བཅོས་པར་སྒོམས་ཤིག །དྲན་པ་སྒོམ་གྱི་དངོས་གཞི་རུ་གསུངས་ཀྱང་། །དྲན་འཛིན་ཞེན་ཆགས་འཁོར་བ་མི་རྒྱུར་གསུངས། །དེ་ཕྱིར་འཛིན་མེད་དྲན་པ་འདི་གཅེས་སོ། །ཡང་ཅིག་གསོན་དང་རྣལ་འབྱོར་པ་ཨ་ཡེ། །ཁྱོད་རང་བརྟེན་གནས་པད་མ་ཡེ་འབུམ་རྫོགས། །སློབ་དཔོན་པདྨ་རྫུ་འཕྲུལ་གྱིས་བྱོན་ནས། །གནས་དེར་རྩ་གསུམ་ཞི་བ་དང་ཁྲོ་བོ། །ལྷ་ཚོགས་བསམ་ཡས་གསལ་འཕྲོས་ཞིང་བསྟིམ་ནས། །མཐོང་ཐོས་འགྲོ་བ་ཕན་བདེ་ལ་སྦྱོར་བའི། །བསྐྱེད་རྫོགས་ཟབ་མོའི་ཏིང་འཛིན་གྱིས་བྲན་པས། །ཆོས་ལོངས་སྤྲུལ་གསུམ་རིགས་ལྔ་དང་རིག་གསུམ། །སེམས་དཔའ་བཅུ་དྲུག་ལ་སོགས་ཀྱི་མངོན་རྟོག །ཆུ་ཟླ་ཇི་བཞིན་སྒྱུ་འཕྲུལ་གྱི་བཀོད་པ། །མ་སྒྲིབ་ཐོགས་མེད་བཞུགས་པ་འདི་ངོ་མཚར། །གཞན་ཡང་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས། །ཏིལ་ལ་མར་བཞིན་ཡོངས་ཁྱབ་ཏུ་གནས་སོ། །མདོར་ལས་བཞིའི་མདངས་ལྡན་གྱི་བྲག་དང་། །ཡིག་བརྒྱ་ཡིག་དྲུག་རྟེན་འབྲེལ་གྱི་སྙིང་པོ། །ཨ་ཡིག་དཀར་ནག་ཆོས་བོན་གྱི་གཡུང་དྲུང་། །སྣ་ཚོགས་རི་མོའི་གཟུགས་བརྙན་གྱི་བཀོད་པ། །རྟ་ཡིས་རྒྱལ་པོས་ཟངས་གླིང་གི་གྲོང་ནས། །འཛམ་གླིང་མི་འགགས་ཐར་པ་ལ་བཀོད་ཚུལ། །ཧྱ་གྷྲྀ་བའི་མངོན་རྟོར་གྱི་དཀྱིལ་འཁོར། །དེ་སོགས་ལེགས་བཞུག་དེ་ཉིད་ལ་གུས་པས། །ཕྱག་མཆོད་བསྐོར་བ་གནས་འབྲེལ་སོགས་བུས་བྱས། །དེ་ཀུན་ནུབ་ཕྱོགས་བདེ་ཆེན་དུ་འགྲོ་ངེས། །དེ་ཕྱིར་ཀུན་གྱི་རྣམས་དཀར་ལ་བརྩོན་འཚོལ། །དེ་ཕྱིར་སྐད་ཐོལ་བྱུང་ཐོགས་མེད་ཀྱི་གླུ་འདི། །རྣལ་འབྱོར་ཁྱོད་ལ་འགྲོ་རྫོགས་སུ་གཏམས་པ། །མཐོང་ཐོས་དྲན་རེག་མཆོག་དམན་གྱི་འགྲོ་རྣམས། །ཁྱོད་ཀྱིས་འདྲེན་པའི་མཐུ་སྡེབས་དང་ལྡན་ཤོག །དྲུག་ལྡན་བླ་མའི་བྱིན་བརླབས་དང་ནུས་སྟོབས། །སྐལ་ལྡན་ཁྱོད་ལ་ཡོངས་འདུས་སུ་སྨིན་ནས། །བསྟན་འགྲོ་ཡོངས་ཀྱི་ནོར་མཆོག་ཏུ་གྱུར་ཅིག །ཞེས་པ་འདི་རང་པོ་རེ་ཀོན་བླ་མར་གཏམས་དགེའོ། ༧ །ཀ་དག་གི་ཤེལ་སྒོང་ཏྲི་བྲལ་ལས། །ཁ་ཚིག་གི་རི་མོ་འདི་བཞིན་ཤར། །ག་ཤེད་ནས་འདོས་སམ་འགྲོ་མིན་པའི། །ང་བདག་གི་ངོ་བོ་ཅི་འདུག་ལྟོས། །ཅ་ཅོ་ཡི་བཤད་པ་སྣ་ཚོགས་འདིས། །ཆ་མེད་ཀྱི་ཡུལ་ནས་ཆ་མེད་བྱུང་། །ཇ་དངུལ་སོགས་དྲན་ཚེ་ངོ་བོས་སྟོང་། །ཉི་ཟླའི་གཟུང་ཆུ་ལ་སྣང་བཞིན་ནོ། །ཏ་ལ་ལ་མཐོང་ཡང་དྲོད་མི་གསལ། །ད་ཐ་དད་དུ་བཏང་ཚད་འཛིན་པས་བྱས། །དཱ་དྷུ་ར་ཟོས་པའི་མིག་འཕྲུལ་ལྟར། །ན་བུན་བཞིན་ཡལ་ཚེ་བལྟ་ཡུལ་བྲལ། །པཱ་སམ་དང་རྣམ་དཀར་ལས་གཉིས་སོ། །ཕ་རོལ་དང་ཚུ་རོལ་གང་ན་ཡོད། །བ་མོའི་གཟུགས་ཉི་མས་བཞུས་པའི་ཚེ། །མ་ངེས་པར་ཡལ་ལས་ངོས་བཟུང་གང་། །ཙ་ར་སོགས་དུད་འགྲོའི་སེམས་དང་ནི། །ཚ་གྲང་གིས་མནར་བའི་དམྱལ་བའི་སེམས། །ཛཱ་ལ་རུ་བསྟི་སོགས་ཀླུ་ཡི་སེམས། །ཝ་ལེ་འགྲོའི་སེམས་དང་ནི། །ཚ་གྲང་གིས་མནར་བའི་དམྱལ་བའི་སེམས། །ཛཱ་ལ་རུ་བསྟི་སོགས་གླུ་ཡི་སེམས། །ཝ་ལེ་རུ་གསལ་བ་ལྷ་མིའི་སེམས། །ཞྭ་ལྷམ་བཞིན་གདོས་མཐོ་དམན་མེད། །ཟ་འཐུང་ལ་ཁ་མངར་འབྱེད་པའི་སེམས། །འ་ཅག་གི་ལྟོས་དང་ཅི་འདྲ་འདུག །ཡ་མཚན་ཆེ་ཐམས་ཅད་ངོ་བོ་གཅིག །རཱ་ཛ་ལྟར་རྩལ་སྣང་བསམ་ལས་འདས། །ལ་ལ་ཞིག་མཐར་འཛིན་ལྟ་བས་བཅིང་། །ཤ་ཚ་དང་ལོག་སྦྱོར་འཛིན་པས་བྱས། །ས་ལམ་འབྲས་རང་ངོར་དག་ཙམ་ནས། ཧ་ལའི་དུག་སྤངས་ནས་སྨན་བཙལ་སེམས། །ཨ་ཏི་ཡི་ཀློང་དུ་དབྱེར་མེད་གྱུར། །ཨེ་མ་ལ་ཡང་ཅིག་གསོན་དང་ཀྱཻ། །སྲིད་ཞི་ཡི་བསྡུས་པའི་ཆོས་སོ་ཅོག །སེམས་ཉིད་ལས་མ་གཏོགས་ཆོས་གཞན་མེད། །སེམས་ཞེས་པ་སྐྱིད་སྡུག་གཉིས་མྱོང་མཁན། །འདི་རྟོར་ཙམ་གྱིས་སངས་རྒྱས་ཐོབ་ཞེས་ལོ། །དེ་མིན་བདེན་ཏེ་འཁྲུལ་པ་ཁོ་ནའི་ཕྱིར། །ཡོངས་སྣ་ཚོགས་སུ་ཤར་བའི་ཀུན་རྟོག་གཟུགས། །དཔེ་རྒྱ་མཚོ་ལས་ཤར་བའི་རྦ་རླབས་བཞིན། །དོན་གཞི་གཅིག་ལས་མ་གཡོས་ཐམས་ཅད་དད་སྣང་། །ཚུལ་དེ་བཞིན་དུ་སེམས་དང་སེམས་བྱུང་གཉིས། །དཔེ་མར་མེ་དང་དེ་ཡི་ཚ་དྲོད་བཞིན། །པུས་སོ་སོ་རུ་དབྱེ་བ་མི་ཤེས་ཀྱང་། །སེམས་ཁོ་རང་གི་དཔྱད་ཚེ་རྫུན་ཕུག་རིག །ད་ཐར་པ་བདེ་བའི་རང་བཞིན་ཡིན། །ཐར་ལམ་མཆོག་སྡོང་བླ་མ་ལས། །དབང་ཡོད་ཤེས་ལྡན་འདུ་ཤེས་ཀྲུང་། །སུས་ཀྱང་ཕན་མེད་ཡ་རེ་ཆ། །དེ་ཕྱིར་བླ་མ་ལེགས་བརྟེན་ནས། །མདོ་ལྟར་དགེ་བསྙེན་དགེ་ཚུལ་སློང་། །སྔགས་ལྟར་བསྐྱེད་རྫོགས་དབང་དམ་ཚིག །ཚུལ་བཞིན་བསྲུང་ལ་ཉམས་སུ་ལོངས། །མི་ཙེ་སྟོན་གཞུག་མེ་ཏོག་འདྲ། །ནམ་ཡལ་ཆ་མེད་དེ་ཨ་ཙ་མ། །དཔལ་འབྱོར་རྩྭ་རྩེའི་ཟིལ་པར་མཚུངས། །ཡུན་རིང་མི་ཐུབ་ག་ཙུག་བྱེད། །འགྱུར་མེད་བདེ་ཆེན་སྒྲུབས་ཤིག་ཨང་། ཅེས་པ་བླ་མ་འགྱུར་མེད་ལྷག་བསམ་ལ་ཀུན་བཟང་གཞན་ཕན་གྱིས་སོ། །


previousམཚམས་ཐོ་དབང་ཆེན་གད་རྒྱངས།next