Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
  expand section
   
   
   
   
   
   
ཨེ་མ་ངོ་མཚར་རྨད་གྱི་ཆོས་་་་་
   
   
   
   
   
   
   
   
   
   
   
   
   
   


 
previousཨེ་མ་ངོ་མཚར་རྨད་གྱི་ཆོས་་་་་next

ཨེ་མ་ངོ་མཚར་རྨད་གྱི་ཆོས་་་་་

༈ ཨེ་མ་ངོ་མཚར་རྨད་གྱི་ཆོས། །སྐྱེ་འགག་གནས་གསུམ་བྲལ་བ་ལས། །འཁོར་འདས་ཆོས་རྣམས་སྒྱུ་མའི་འཕྲུལ། །སུ་ཀྱང་མ་བྱས་གདོད་མའི་དབྱིངས། །དཔེར་ན་ནམ་མཁའི་གཟའ་སྐར་གཟུགས། །གཟའ་སྐར་རྒྱ་མཚོར་འཕྲོད་པ་མེད། །དེ་བཞིན་སྣང་སྲིད་འཁོར་འདས་ཆོས། །སེམས་ཀྱི་རྒྱ་མཚོར་སྣང་གྱུར་ཡང་། །རང་བཞིན་མེད་དེ་ཆུ་ཟླ་བཞིན། །མྱོང་བྱ་ཤར་གྱི་སྤྲིན་ཕུང་ལ། །མྱོང་བྱེད་ནུབ་ཀྱི་སྤྲིན་ཕུང་གཉིས། །གཅིག་གིས་གཅིག་ལ་རྟོགས་དཔྱོད་ཀྱང་། །དབྱེར་མེད་འདྲེས་ཚེ་སོ་སོར་མེད། །མཁའ་ལ་ཡལ་ཚེ་རྗེས་ཤུལ་དབེན། །དེ་བཞིན་སེམས་ཞེས་བཟུང་འཛིན་མཁན། དུས་གསུམ་ཡུལ་རྟོག་ཕྱུགས་རྫི་བཞིན། །བདེ་སྡུག་བར་མ་གསུམ་ལ་སྤྱོད། །རིག་པ་རྟོག་མེད་ནམ་མཁའ་འདྲ། །སེམས་ལ་ཁྱབ་སྟེ་སྤོས་གྱི་དྲིས། །སྤོས་ལ་ཁྱབ་དང་འཇའ་སྤྲིན་སོགས། །ནམ་མཁའ་ཁྱབ་པ་ཇི་བཞིན་ཀྱང་། །སེམས་ཀྱིས་རིག་པ་མི་ཁྱབས་ཏེ། །འཇའ་སྤྲིན་གློག་དང་ཉི་ཟླའི་མདངས། །འདུས་བྱས་མིན་པས་འགྱུར་བ་ཅན། ཞེས་སོ།

དྲུག་ཚའི་བན་ཆུན་ཆོས་དར་ལྡན་ལ་གདམས་པ།

༈ ཀ་ཡི་གསོན་དང་ཆོས་མཛད་དམ་པ། །ཁ་ཚིག་ལུང་ངན་སྣ་ཚོགས་གཟུགས་བརྙན། །ག་དར་མེ་ལོག་དངོས་ལ་ཤར་བཞིན། །ང་ཡིས་བཤད་པའི་ཚིག་འདི་གསོན་མཛོད། །ཅ་ཏིའི་རྩེ་མོར་ཁུ་བྱུག་བབ་ཀྱང་། །ཆ་མེད་བྱིས་པས་སྡོད་དུ་མི་སྟེར། །ཇ་སིག་ནོར་རྫས་རྒྱ་མཚོའི་བུས་ནས། །ཉ་མོ་གསེར་མིག་ཆུ་ཕྲན་རྙོགས་ཡོང་། །ཏྭ་རེ་འཕང་མའི་བྱིན་གཟུགས་མཐོང་ན། །ཐ་ཆད་གྲོགས་ངན་རིང་དུ་སྤོངས་དགོས། །ད་ལྟའི་སྒྱུ་འཕྲུལ་མི་འཇིག་རློམས་ན། །ན་རའི་ཁྱུ་ནས་འབུད་པ་གལ་ཆེ། །པ་ལ་འབྱོར་པ་ཕུན་ཚོགས་འདོད་ན། །ཕ་ཝཾ་གབ་ལྟར་དབེན་པར་ཡིབ་མཛོད། །བ་ལང་ལྟར་མོས་གྲོང་ཆོག་བྲིན་ན། །མ་ཞེན་འཚམས་སྒྲུབ་མཐར་ཕྱིན་གལ་ཆེ། །ཙ་ར་ཇི་བཞིན་འགྲོ་ལ་དགའ་ན། །ཚྭ་གྲང་དབལ་གྱིས་རེག་པ་ཡོང་སྲིད། །ཛྭ་ལའི་རྒྱུན་བཞིན་ཆགས་སྡང་སྦྲེལ་ན། །ཝ་མོ་གལ་དུ་ཟིན་འདྲ་ཡོང་སྲིད། །ཞྭ་མོར་ཏོག་གིས་སྤུད་པའི་མངོན་རྟོགས། །ཟ་མ་ཏོག་ཏུ་བཅུག་པའི་གཏེར་བཞིན། །འ་འོལ་ཟོལ་གྱིས་གོས་མིན་འབྲས་མཐོང་། །ཡ་རབས་སྡིག་པས་མ་སྦགས་སྤྱོད་པ། །རྭ་མེད་བ་ལང་ཚོགས་ལ་བསླབ་ན། །ལ་ལ་ཙམ་མིན་ཀུན་ཀྱང་འདུད་འོང་། །ཤ་ཟ་འབོད་སྒྲོགས་པདྨ་རྒྱལ་པོ། །ས་སྙིང་རྙེད་བཞིན་ཁྱེད་ལ་གཤིམ་ཡོང་། །ཧ་ཅང་མཛའ་འཁོན་མཐའ་གཉིས་བྲལ་བ། །ཨ་རོགས་ཁྱོད་ཀྱང་དེ་ལྟར་མཛད་ནས། །ཨ་དོན་བསྐྱོད་རྫོགས་ཉམས་ལེན་བརྩོན་ན། །ཨ་ཏིའི་ཁང་བཟང་རྩེ་མོར་སླེབས་ཡོང་། །ཡོངས་ཀྱི་སྤྱི་དཔལ་པད་མ་ཀཱ་ར། །རྭ་བ་གངས་རིས་བསྐོར་བའི་ལྗོངས་འདིར། །འདིར་སྣང་དགེ་ལེགས་མངོན་གསུམ་མངོན་རྟོག །རྟོག་ངོར་རྒྱུན་འབྱུང་དཔལ་ཡོན་ཀུན་རྩོལ། ཞེས་པའང་དྲུག་ཚའི་བན་ཆུན་ཆོས་དར་ལྡན་ལ་རིག་འཛིན་བྱང་ཆུབ་རྡོ་རྗེ་གདམས་པའོ།།


previousཨེ་མ་ངོ་མཚར་རྨད་གྱི་ཆོས་་་་་next