Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
ཀ་དག་སེམས་ཀྱི་རང་ངོ་མཐོང་བ་་་་
   
   
   
   
   
   
   
   
   
   


 
previousཀ་དག་སེམས་ཀྱི་རང་ངོ་མཐོང་བ་་་་next

ཀ་དག་སེམས་ཀྱི་རང་ངོ་མཐོང་བ་་་་

༄༅། །ཀ་དག་སེམས་ཀྱི་རང་ངོ་མཐོང་བ་དང་། །ཁ་ཏ་འུད་གོག་མཁན་གྱི་སྨད་ཀྱང་རུང་། །ག་དར་ལུས་ངག་ཡིད་ལ་ཐེངས་པ་དང་། །ང་བདག་གཟུང་འཛིན་མཁན་ཚོས༴ །ཅ་རེ་དད་པའི་སྤྱན་མིག་གསལ་བ་དང་། །ཆ་ལུགས་ཚུལ་འཆོས་མཁན་ཚོས་སྨད་ཀྱང་རུང་། །ཇ་དར་གསེར་དངུལ་ནོར་གྱི་མ་བཅིངས་ང་། །ཉ་བཞིན་རྙེད་འཚོལ་མཁན་ཚོས་སྨད་ཀྱང་རུང་། །ཏ་ཐཱ་ག་ཏའི་བསྟན་འཛིན་བནྡྷཻ་ང་། །ཐ་ཅད་ཆོས་བརྒྱད་མཁན་ཚོས་སྨད་ཀྱང་རུང་། །ད་ལྟ་ཀུན་དང་མཛའ་ཞིང་བཤེས་པ་དང་། །ན་རི་དབྱེན་སྦྱོར་ལྟ་བུའི་སྨད་ཀྱང་རུང་། །པ་སངས་ལྟར་དཀར་ལྷག་བསམ་ལྡན་པ་དང་། །ཕ་རོལ་འགྲན་ཟླ་སུས་ཀྱང་སྨད་རུ་རུང་། །བ་དན་དཀར་པོས་མཁའ་དབྱིངས་སྤུད་འདྲ་ང་། །མ་དག་བསམ་སྤྱོད་ལྡན་ཆོས་སྨད་ཀྱང་རུང་། །ཙ་རི་ལ་སོགས་གནས་ཆེན་མང་བསྐོར་ང་། །ཚ་ཆུར་སྲེད་པའི་གླང་འདྲས་སྨད་ཀྱང་རུང་། །ཛ་ཧུའི་རྒྱུན་བཞིན་གཞན་དོན་སེམས་པ་དང་། །ཝ་སྐྱེས་གཟན་ཚོལ་འདྲ་མོས་སྨད་ཀྱང་རུང་། །ཞྭ་བཞིན་ཆེ་དགུའི་གཙུག་གི་འདུད་པ་དང་། །ཟ་འཚོལ་ལྟོ་ཕྱིར་རྒྱུག་རྣམས་སྨད་ཀྱང་རུང་། །འ་འོལ་འདིར་སྣང་སྒྱུ་མར་རྟོགས་པ་དང་། །ཡ་མཚན་རྙེད་པར་བྱེད་རྣམས༴ །ར་བཞིན་མགོ་བོའི་རྒྱན་དུ་གྱུར་པ་དང་། །ལ་ལས་འཕྲག་དོག་དབང་གིས༴ །ཤ་ཟ་འབོད་སྒྲོག་པད་མའི་ཕོ་ཉ་ང་། །ས་ཕྱོགས་ཉམས་ཆུང་འགའ་ཡིས་སྨད༴ །ཧ་རི་དཔལ་གྱི་དུམ་བུ་ཇི་བཞིན་དུ། །ཨ་གསར་ལྕེ་གཉིས་བརྐྱང་ཚོས་སྨད་རུང་། །ཨ་མི་ཏ་བྷའི་རྣལ་འབྱོར་ང་རང་ལ། །ཨ་རོགས་གཤེ་སྐུར་འདེབས་ཚོར་ཕན་པར་སྨོན། །དེ་ལྟར་ངན་འབྲེལ་ལ་ཡང་ཕན་ཐོགས་ཀྱི། །སྨོན་ལམ་འདེབས་འདི་ཐོག་ཆེན་ཕྱག་ལེན་ཡིན། །འོན་ཀྱང་ད་དུང་ལོག་ལྟ་ཆི་ལྡོག་ན། །སྐྱོན་ཡོན་ཤ་འབྱེད་དོ་བསྲུང་བྲལ་བའི་གཏམ། །བྲེ་མོའི་ཚུལ་གྱི་དབྱར་རྔའི་ང་རོའི་སྒྲ། །འཛེམ་མེད་སྒྲོགས་པ་བླུན་རྨོང་ས་ཀུ་ཙི། །ཐམས་ཅད་དྲན་པ་འཐོར་ཁ་ཐོན་འཇུག་གལ། །ད་ལྟ་དུས་ཀྱི་སེར་སྐྱ་མགྲིན་བཟང་འགའ། །རང་སྐྱོན་རི་ཙམ་ཡོད་ཀྱང་སྦེད་ལ་བཙོན། །ལྟར་སྣང་རྣམ་འགྱུར་མཛེས་ཀྱང་སྡིག་སྦྲུལ་སེམས། །ཡུལ་གཞན་མི་དང་གཤིམ་ཡང་རང་མིར་སྡང་། །རང་ཉིད་ཐབས་ཀྱིས་བསྡོད་ཀྱང་ཕྱི་ནང་འཛོལ། །ལུགས་ཟུང་ཤེས་པར་རློམས་ཀྱང་སྙིང་ཉེའི་དགྲ། །ཕྱི་ཐག་རིང་ཞེས་སྨྲ་ཡང་དྲིན་ཅན་འདོར། །བློ་ཁ་ལྕི་བར་རློམས་ཀྱང་མཐུན་ཡུལ་ཉུང་། །གཞན་སྐྱོན་མཐོང་མིག་རྣོ་ཡང་རང་སྐྱོན་གབ། །རང་སྐྱོན་སྦེད་པར་འདོད་ཀྱང་གཞན་གྱི་འཕྱར། །གཞན་དག་ཆེ་དགུའི་བསྐུར་ཡང་ཐབས་ཀྱིས་སྨོད། །རང་ཉིད་བླུན་པོས་བསྟོད་ཚེ་ཁེངས་དྲེགས་སྐྱེ། །གཞན་འགའ་ཀུན་ལ་ཕན་སེམས་ཕྱུག་ཀྱང་འཕྱ། །རང་ཉིད་གནོད་སེམས་ལྡན་ཡང་སུ་སྒྱུར། །བཀྲ་ཤིས་ཉི་མས་བླུན་པོའི་མུན་སེལ་ཤོག །བཀྲ་ཤིས་པར་ཤོག


previousཀ་དག་སེམས་ཀྱི་རང་ངོ་མཐོང་བ་་་་next