Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
འཇིགས་མེད་ངོ་མཚར་བསོད་ནམས་བསྟན་འཛིན་གྱི་ཞབས་བརྟན་གསོལ་འདེབས།
   
   
   
   


 
previousའཇིགས་མེད་ངོ་མཚར་བསོད་ནམས་བསྟན་འཛིན་གྱི་ཞབས་བརྟན་གསོལ་འདེབས།next

འཇིགས་མེད་ངོ་མཚར་བསོད་ནམས་བསྟན་འཛིན་གྱི་ཞབས་བརྟན་གསོལ་འདེབས།

༈ ན་མོ་གུ་རུ་ཨ་ཡུ་ཛྙ་ན་ཡེ། །གཞི་དབྱིངས་འགྱུར་མེད་ཀུན་བཟང་འོད་མི་འགྱུར། །གཞི་སྣང་ལྷུན་གྲུབ་ལོངས་སྐུ་རིགས་མཆོག་ལྔ། །གཞི་རྩལ་འགག་མེད་རང་བཞིན་སྤྲུལ་སྐུ་དལ། །སྐུ་གསུམ་རྒྱལ་བའི་ཚེ་དབང་བྱིན་ཆེན་ཕོབ། །དྲུག་ལྡན་བརྒྱུད་པའི་བླ་མ་དམ་པ་དང་། །ཡི་དམ་ཞི་ཆགས་ཁྲོ་བོའི་དཀྱིལ་འཁོར་ལྷ། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས། །དེང་འདིར་འཇིགས་མེད་ངོ་མཚར་དགེ་མཚན་རྩོལ། །སྔོན་བསང་བསོད་ནམས་གསེར་འཛིན་དགའ་མའི་ལྡོར། །རྒྱལ་བསྟན་སྡེ་སྣོད་གསུམ་ལྡན་འཆི་མེད་ལྗོང་། །ཕར་ཕྱིན་སྔགས་ཀྱི་ལོ་འབྲས་མེ་ཏོག་འཛིན། །འཇིགས་མེད་ངོ་མཚར་ངང་དུ་འཚོ་གཞེས་གསོལ། །བུམ་པའི་དབང་གིས་སྣོད་བཅུད་ལྷ་རུ་མཐོང་། །གསང་བའི་དབང་གིས་རླུང་ཚིག་སྔགས་སུ་དག །ཤེར་ཡིས་དགའ་བཞིའི་བདེ་བའི་མཐར་སོན་ནས། །བསོད་ནམས་སྟོབས་རྒྱས་རྒྱལ་བསྟན་དཔལ་འཛིན་མཛོད། །ཆོས་ཉིད་མངོན་སུམ་ཚེ་ལྷའི་ཞལ་མཐོང་ཞིང་། །ཚེ་དབང་བྱིན་ཐོབ་ཉམས་སྣང་གོང་འཕེལ་ནས། །སྒོ་གསུམ་ལྷར་འགྱུར་རིག་པ་ཚད་ལ་ཕེབས། །སྒྲིབ་གཉིས་ཆོས་ཟད་འཕོ་འགྱུར་བྲལ་བཞིན་བཞུགས། །སྲིད་ལ་མི་འཇིགས་འཁོར་བ་ཇི་སྲིད་བར། །སྡུག་བསྔལ་གནས་ལ་སྐྱོ་མེད་གཞན་ཕན་སྤྱོད། །ངོ་བོ་ཉིད་མེད་གསུམ་འབྲས་ཐོབ་མེད་ཐོབ། །སྲིད་ཞིའི་དགེ་མཚན་མཚར་སོར་འབྲལ་མེད་བཞུགས། །མཆོག་གསུམ་རྩ་གསུམ་བསྲུང་མའི་ཐུགས་རྗེ་དང་། །ཆོས་ཉིད་འགྱུར་མེད་ཆོས་ཅན་བསླུ་མེད་མཐུ། །བདག་གི་ལྷག་བསམ་རབ་དཀར་ཡོངས་སྡོམས་མཐུས། །ཇི་ལྟར་སྨོན་དོན་གེགས་མེད་མྱུར་འགྲུབ་མཛོད། །ཅེས་རིག་འཛིན་བླ་མ་དམ་པ་འཇིགས་མེད་ངོ་མཚར་བསོད་ནམས་བསྟན་འཛིན་གྱི་ཞབས་བརྟན་གསོལ་འདེབས་ཚེ་ལྟའི་ཞལ་ངོམ་འདི་ཉིད་སྒོ་མེད་སྤྲུལ་སྐུ་རིན་པོ་ཆེས་བཀས་བསྐུལ་ངོར་སྣང་མཐའི་བྱིན་ཐོབ་རྣལ་འབྱོར་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་བྲིས་པ་སོགས་སུ་དགེ་བར་གྱུར་ཅིག །


previousའཇིགས་མེད་ངོ་མཚར་བསོད་ནམས་བསྟན་འཛིན་གྱི་ཞབས་བརྟན་གསོལ་འདེབས།next