Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀློང་ཆེན་སྙིང་གི་ཐིག་ལེའི། རྩ་དབང་རྒྱལ་ཐབས་སྤྱི་བླུགས་ཆོག་འགྲིགས་སུ་བཀོད་པ་མཁྱེན་བརྩེའི་ཞལ་ངོམ།
   
   
   


 
previousཀློང་ཆེན་སྙིང་གི་ཐིག་ལེའི། རྩ་དབང་རྒྱལ་ཐབས་སྤྱི་བླུགས་ཆོག་འགྲིགས་སུ་བཀོད་པ་མཁྱེན་བརྩེའི་ཞལ་ངོམ།next

ཀློང་ཆེན་སྙིང་གི་ཐིག་ལེའི། རྩ་དབང་རྒྱལ་ཐབས་སྤྱི་བླུགས་ཆོག་འགྲིགས་སུ་བཀོད་པ་མཁྱེན་བརྩེའི་ཞལ་ངོམ།

ཀློང་ཆེན་སྙིང་གི་ཐིག་ལེའི། རྩ་དབང་རྒྱལ་ཐབས་སྤྱི་བླུགས་ཆོག་འགྲིགས་སུ་བཀོད་པ་མཁྱེན་བརྩེའི་ཞལ་ངོམ་བཞུགས་སོ། །དུས་གསུམ་ཀུན་མཁྱེན་རྨུངས་དང་། །དབྱེར་མེད་མཁྱེན་བརྩེའི་འོད་ཟེར་སྟོང་འབར་གཟིས། །བདག་སྙིང་དད་པས་མཚོ་སྐྱེས་བཞད་པ་དང་། །ཆབ་གཅིག་རྣམ་དག་དྲི་བསུང་ཡོངས་ཐུལ་མཛོད། །གསང་སྔགས་རྡོ་རྗེ་ཐེག་པའི་འཇུག་ངོག་ཆོག །སྨིན་གྲོལ་གཉིས་ལས་དང་པོའི་རིམ་པ་ཡངས། །ནང་སྒྲུབ་རིག་འཛིན་དུས་པའི་གཞུང་བཞིན་དུ། །འགོད་ལ་དྲིན་ཅན་བླ་མས་དགེ་ལེགས་སྩོལ། །དེ་ལ་ཡང་སྦྱོར་བ་དང་དངོས་གཞི་དང་། །རྗེས་ཀྱི་ལས་རིམ་གསུམ་ལས། །དང་པོ་ནི་དབང་གི་སྤྱི་དོན་བཞིན་ཁོངས་སུ་ཆུད་པར་བྱས་ནས། གཉིས་པ་ལ་ཡང་བདག་མདུན་བུམ་གསུམ་ཆོ་ག་གཅིག་གིས་སྒྲུབ་ཚུལ་རྙིང་བ་རང་ལུགས་བཞིན་ཉམས་སུ་བསྟར་བཞིན། ཛབ་བཟླས་ཀྱི་སྐབས་སུ་བདག་མདུན་གྱི་བཟླས་པ་གྲུབ་རྗེས། བུམ་པའི་ནང་དུ་བླ་མ་རིག་འཛིན་འདུས་པའི་ལྷ་ཚོགས་འཁོར་བཅས་པ་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་ལྟར་གསལ་བའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་གསལ་བ་ལས། བདག་ཉིད་ལྟར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་གཟུངས་ཐག་ལ་བརྒྱུད་དེ་སོང་བའི་བུམ་ལྷའི་ཐུགས་རྒྱུད་བསྐུལ་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་ཤིང་སྐུ་ལས་ཟག་མེད་བདེ་ཆེན་བདུད་རྩིའི་རྒྱུན་ཆེན་པོ་བབས་པས་བུམ་པ་ཡོངས་སུ་གང་བར་གྱུར། ཅེས་བསམ་ལ། བསྙེན་པ་སྟོང་ཕྲག་ལས་མི་ཉུང་བར་བཟླས་མཐར། ལས་བུམ་དུ་བཅོམ་ལྡན་འདས་པདྨ་དབང་ཆེན་སྐུ་མདོག་དམར་པོ་གཡས་པདྨས་མཚན་པས་དབྱུག་ཏོ་དང་། གཡོན་ཞགས་པ་འཛིན་པ་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་དམ་ཚིགས་པ་དང་དབྱེར་མེད་ཐིམ། ཐུགས་ཀའི་ས་བོན་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་ཚུར་འདུས་སྐུ་ལས་བདུད་རྩིའི་རྒྱུན་བབ་པས་བུམ་པ་གང་བར་གྱུར་ཞེས་བསམ་ལ། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྃ་ཕཊཿ ཞེས་བརྒྱ་རྩ་བཟླས་མཐར་དབྱངས་གསལ་མཚན་གསུམ་བཟླ་ཞིང་། བུམ་པ་གཉིས་ཀར་དམིགས་ནས། ཇི་སྐད་སུ་དག་སོགས་ཡན་ལག་བདུན་པ་བཏང་མཐར། མ་བཅས་སྤྲོས་བྲལ་སོང་ནས་ཕྱག་འཚལ་བསྟོད། ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་དང་། ཧྲཱི༔ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གདུང་སོང་ནས་ཕྱག་འཚལ་བསྟོད་ཡིག་གེ་བརྒྱ་བ་བརྗོད་པས་བརྟན་པར་བྱས་ནས་ཨོཾ་ཨཱ༔ཧཱུྃ་ཞེས་བྱས་རྣམ་རྒྱལ་བུམ་པའི་ལྷ་ཚོགས་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར། ལས་བུམ་ཁྲོ་བའི་དཀྱིལ་འཁོར་མ་རྫོགས་པར་བཞུགས་པར་མོས་ལ། བདག་འཇུག་བླང་བ་ནི། ཨོཾ་བཛྲ་ས་མ་ཡ་ཨོཾ༔ཨཱ་བཛྲ་ས་མ་ཡ་ཨཱ༔ ཧཱུྃ་བཛྲ་ས་མ་ཡ་ཧཱུཾ༔ སྭ་བཛྲ་ས་མ་ཡ་སྭ༔ ཧཱ་ས་མ་ཡ་ཧཱ༔ ཞེས་རིག་ལྔའི་མེ་ཏོག་ཕུལ་ལ། ཨོཾ་ཡེ་ཤེས་རྒྱལ་བོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོ་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཨོཾ༔ ཨོཾ་བཛྲ་ས་མ་ཡ་ཨཱ༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ༔ ཨོཾ་བཛ་ས་མ་ཡ་ཧཱོ༔ བདག་དང་དཀྱིལ་འཁོར་ལྷ་ཚོགས་དབྱེར་མེད་པར་བསམ་ལ། མཚོ་དབུས་གེ་སར་མ་བཏང་མཐར། སློབ་མ་ལ་ཁྲུས་དག་བགེགས་གཏོར་བཏང་ཞིང་བསྐྲད་མཐར་བསྲུང་འཁོར་བསྒོམ་ནས། མིག་རས་བཅིང་ཞིང་མེ་ཏོག་གཏད། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ། ཁྲོ་བོ་མི་བཟད་འཇིགས་པའི་སྐུ། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར། །ཁྱེད་ཀྱིས་གནང་སྡེ་བཏང་རུ་གསོལ། ཅེས་པའི་བླ་མའི་ཁྱེད་རྣམས་སུ་ཡིན་ཅི་ལ་དགའ། ལས་དག་སྐལ་བར་ལྡན་ནམ་ཅི། །སློབ་མས་བླ་མ་རྡོ་རྗེ་འཛིན་པ་དང་། །དཀྱིལ་འཁོར་ལྷ་ཚོགས་སྤངས་ནས་ནི། །སྐྱོབས་པ་གཞན་ན་མ་མཆིས་པས། །སྒོ་ཕྱེས་ཐར་བའི་གྲོང་བསྟན་འཚལ་ལན་གསུམ། །ཁྱེད་ནི་སྣོད་མཆོག་དམ་པ་སྟེ། །ཁྱེད་འདོད་པ་ནི་བདག་གིས་སྦྱིན། །སྤྲོ་བ་བསྐྱེད་ལ་ནང་དུ་ཤོག །ཅེས་བརྗོད་ལ་ལོ་རྒྱུས་དབང་གི་སྤྱི་དོན་ལྟར་དང་མཚམས་སྦྱོར་ནི། དང་པོ་ནང་སྒྲུབ་རིག་འཛིན་འདུས་པའི་དབང་བསྐུར་བའི་སྐབས་སུ་བབ་པ་ལ། དེ་ཡང་གཏེར་ལུང་ལས། རང་བྱུང་པདྨ་ཞེས་བྱར་གྲགས་པ་གང་། །སངས་རྒྱས་སྣང་བ་མཐའ་ཡས་ཐུགས་ལས་སྤྲུལ། །འཕང་བ་སྤྱན་རས་གཟིགས་དབང་གསུང་གི་འོད། །མཁའ་འགྲོ་ཡོངས་ཀྱི་མིང་བོ་དཔའ་བོའི་རྒྱལ། །མཉམ་མེད་ཀུན་དང་རྡོ་རྗེ་འཆང་ཆེན་པོ། །སྤྲུལ་པའི་སྐུར་སྣང་ཐུགས་རྗེས་སྟོབས་ཆེན་ལྡན། །ཞེས་དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས་གསུངས་བ་ལྟར་རོ། །དེ་ཡང་རེ་ཞིག་གི་ཚེ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱིས་བྱིན་རླབས་གཅིག་ཏུ་བསྡུས། ཨོ་རྒྱན་གྱི་ཡུལ་རྟ་ན་ཀོ་ཤའི་མཚོ་གླིང་གི་མེ་ཏོག་པདྨའི་སྦུབས་སུ་རིག་འཛིན་གྱི་སློབ་དཔོན་པདྨ་འབྱུང་གནས་སུ་སྤྲུལ་བ་ལས་ཨོ་རྒྱན་གྱི་རྒྱལ་པོ་ཨིནྚ་བྷོ་དྷིས་སྤྱན་དྲངས་ཏེ་རང་གི་སྲས་སུ་མངའ་གསོལ། རྒྱལ་སྲིད་ཆོས་བཞིན་བསྐྱངས་མཐར་འདོད་པའི་ཡོན་ཏན་ལ་ཞེན་པ་སྤོངས་བའི་ཕྱིར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ལ་སོགས་པར་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་ཤིང་མ་མོ་མཁའ་འགྲོའི་ཚོགས་རྗེ་མཛད། །དུར་ཁྲོད་ཆེན་པོ་མེ་རི་འབར་བ་དང་། །སོ་ས་གླིང་། ཧེ་ཆེན་བརྡལ་བ་ལ་སོགས་དཔའ་བོ་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་རྣམས་སུ་མཆོག་གི་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ། །རིག་འཛིན་ཤྲི་སེང་ཧཱ། སློབ་དཔོན་འཇམ་དཔལ་བཤེས་གཉེན་སོགས་མདོར་ན་རིག་འཛིན་གྱི་ས་ལ་བཞུགས་པའི་སན་གྲུབ་མང་པོ་དང་། ལྷ་དང་མཁའ་འགྲོ་གྲུབ་པ་ཅན་མཐའ་དག་ལ་རིག་པའི་གནས་ལྔ་དང་། རྒྱུ་འབྲས་ཀྱི་ཐེག་པ་མཐའ་ཡས་པ་གསན། ཐམས་ཅད་མཁྱེན་བརྩེའི་བརྟུལ་ཞུགས་དང་རྫུ་འཕྲུལ་ཡ་མ་ཟུང་གིས་ལོག་པར་སྨྲ་བའི་མུ་སྟེགས་རྣམས་ཚར་བཅད་བྲག་ཕུག་མ་ར་ཏི་ཀར་མན་དྷ་ར་བས་སྒྲུབ་སྡེ་མོ་བྱས་ཏེ་ཉེ་ཏུའི་སྤྱོད་པ་ལ་བརྟེན་ནས་ཚེ་དབང་རིག་འཛིན་གྱི་གོ་འཕང་བརྙེས་བལ་ཡུལ་ཡང་ལེ་ཤོལ་དུ་ཡང་དག་ལྷ་དགུའི་དཀྱིལ་འཁོར་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། ཁྱད་པར་དུ་མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པར་རིག་འཛིན་ཆེན་པོ་རྣམ་བརྒྱད་གདན་འཛོམས་ཤིང་། བསྒྲུབ་སྡེ་བཀའ་བརྒྱད་བཀའ་སོ་སོ་དགུ་དང་། ཡོངས་དྲིལ་གྱི་སྒྲོམ་བུ་གཅིག་ལ་སོགས་པའི་རྒྱུད་ལུང་མན་ངག་ལ་རང་དབང་བསྒྱུར་མདོར་ན་སུམ་སྟོང་དྲུག་བརྒྱའི་བར་དུ་རྒྱ་གར་འཕགས་པའི་ཡུལ་གྱི་ནོར་འཛིན་མུས་བ་ཞབས་ཀྱིས་བཅག་ཤིང་། གུ་རུ་མཚན་བརྒྱད་ལ་སོགས་ཏེ་མཚན་དོན་ཐ་དད་པའི་སྒོ་ནས་རྒྱལ་པོ་ལ་སོགས་པ་དང་རྒྱལ་གྱི་དྲེགས་པས་རྒྱགས་པ་དང་། ཕྱི་རོལ་བ་ལ་སོགས་ཏེ་ལྟ་སྤྱོད་ཕྱིན་ཅི་ལོག་གིས་གཡང་སར་ལྷུང་བ་དང་། བར་བའི་འགྲོ་བ་ལས་དང་ཉོན་མོངས་པ་རྣམ་པར་དཀྲིང་པ་མཐའ་དག་ཕྲིན་ལས་རྣམ་པ་བཞིའི་བརྟུལ་ཞུགས་རླབས་ཆེན་པོས་ཡང་དག་པའི་ལམ་ལ་བཟུད་ཅིང་། འགྲོ་བའི་བླ་མ་ཤཱཀ་སེང་གེའི་བསྟན་པའི་སྒྲོན་མེ་བསྟན་པོའི་ཞལ་རྐྱེན་གྲུབ་པའི་གཙུག་རྒྱན་མཚུང་ཟླར་འོས་པ་འགའ་ཡང་མ་ཡིན་པ་གཅིག་ཏུ་གྱུར་པའི་སྐབས་དེར་ང་འཇམ་པའི་དབྱངས་མའི་རྫུ་ལ་ཞུགས་པ་ལྷ་གཅིག་ཁྲི་སྲོང་ལྡེའུ་བཙན་གྱིས་སྤྱན་དྲངས་བ་ལས་མཐའ་འཁོབ་བོད་ཀྱི་ཡུལ་གདོང་མར་མུན་པའི་གླིང་དུ་བསྟན་པའི་སྒྲོན་མེ་སྦར་བའི་སླད་དུ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་མཐུ་སྟོབས་ནུས་པའི་མེ་ལྕེ་སྦར་བའི་ཚ་དཔལ་རྣོན་པོས་ལྷ་སྲིན་གདུག་པའི་ཚང་ཚང་བསྲེགས་ཏེ་མིང་གིས་ལྷག་མར་བྱས་མགུར་ལྷ་དགེ་གཉེན་རྣམས་བཀའ་རྟག་ཕྱག་རྒྱ་གཉན་པོའི་ཟིལ་འོག་ཏུ་སྤ་འགོངས་ནས་བསྟན་པ་བསྲུང་བའི་གཉེན་དུ་བསྐོས། དཔལ་བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་འགྲོ་བའི་མཆོད་སྡོང་གཅིག་ཏུ་བཞེངས་ནས་རབ་གནས་དང་མངའ་གསོལ་མཛད། པན་ཆེན་བཱི་མ་ལ་སོགས་ཏེ་སངས་རྒྱས་ཀྱི་ས་ལ་བཞུགས་པའི་པཎྜི་ཏ་ཆེན་པོ་རྣམས་དང་། བེ་རོ་ཙཱ་ན་ལ་སོགས་ཏེ་དག་པ་ཆེན་པོ་ལ་གནས་པའི་ལོ་ཙཱ་བ་མོང་ལུང་བསྟན་ཅིང་མདོ་སྔགས་ཀྱི་བསྟན་པ་དར་བའི་ཞལ་བཀོད་མཛད། ས་གཞི་དང་གངས་བྲག་ཐམས་ཅད་དབེན་རི་དང་བསྒྲུབ་གནས་སུ་བྱིན་གྱིས་རླབས། མངའ་བདག་རྒྱལ་པོའི་དགོངས་པ་མཐའ་རུ་བསྐྱིལ་ཞིང་བོད་འབངས་ལ་བཀའ་དྲིན་འགྲན་ཟླ་མེད་པར་མཛད་ཅིང་། དུས་དེའི་ཚེ་རྒྱ་གར་རྡོ་རྗེ་གདན་དང་གཉིས་སུ་མ་ཡིན་པའི་ཚུལ་གཙུག་ལག་ཁང་རྣམ་པ་གསུམ་དང་དབེན་གནས་བསྒྲུབ་རིའི་རྒྱལ་པོ་མཐའ་ཡས་པ་རྣམས་ལས་ཁྱད་པར་དུ་གྱུར་བ་འོག་མིན་དཔལ་གྱི་ཆོས་འཁོར་ཆེན་པོ་དབུ་རྩེ་རིག་གསུམ། རྒྱ་གར་དུར་ཁྲོད་བསིལ་བའི་ཚུལ་དང་མཚུངས་བསྔགས་པ་མཆིམས་ཕུ་བྲེ་གུ་གོང་འོག་རྣམས་སུ་རྗེ་འབངས་བསྐལ་བ་དང་ལྡན་པ་རྣམས་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཆར་བབས་པའི་ཚེ་ལས་ཅན་རྗེ་འབངས་ཉི་ཤུ་རྩ་ལྔ་དགོངས་པ་ཀློག་དུ་གྱུར་ནས་རིག་འཛིན་གྱི་ས་ལ་གཤེགས་ཤིང་རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་པའི་གྲུབ་ཐོབ་ཀྱི་དངོས་པོར་གྱུར། དེ་དག་གི་ཚེ་གསང་སྔགས་ཐུན་མོངས་ལས་ཁྱད་པར་དུ་གྱུར་པ་ནང་རྒྱུད་ཡོ་ག་གསུམ་གྱི་དགོངས་པའི་བཅུད་ཕྱུང་བ་ལྟ་བུའི་མན་ངག་ཟབ་པ་དང་རྒྱ་ཆེ་བ་ཇི་རྙེད་ཅིག་རྗེ་བཙུན་གུ་རུ་ཉིད་ཀྱིས་དགོངས་པའི་ཀློང་ནས་ཕྱུང་། མགུལ་གྱི་བུམ་པ་ནས་དྲངས་རྡོ་རྗེ་ལྗང་ལ་བཀྲམ། དུང་གི་ཚེམ་བར་ནས་བཤར་ཏེ་རྒྱུད་ལས་སྒྲུབ་ཐབས། སྒྲུབ་ཐབས་མན་ངག །མན་ངག་ལག་ལེན་དུ་བསྡེབས་ཏེ་གདམས་པ་སྣ་རེས་ཀྱང་གང་ཟག་གཅིག་ཆོ་ག་གཞན་ལ་ལ་ལྟོས་པར་སངས་རྒྱ་བའི་ཟབ་གནད་ཅན་དུ་བསྟན་པ་རྗེ་འབངས་སོ་སོ་བཀའ་བབ་ཀྱི་ངེས་པ་ལྟར་བཤད་པ་ལས་ཕལ་ཆེ་ཇོ་མོ་མཚོ་རྒྱལ་གྱི་ཀློང་གསལ་རིག་པ་བརྗེད་ངས་དང་བྲལ་བའི་གཟུངས་ཀྱིས་བཟུང་ཞིང་། ཌཀྐིའི་བརྡའ་རིས་རྣམ་གྲངས་མཐའ་ཡས་པར་བཏབ་ནས་སྦ་བའི་གཉེར་ཁ་མཛད་ཅིང་། །དེར་མ་ལྟོས་པ་ཡེ་ཤེས་མཁས་པའི་མཆོག་ལེགས་བྱིན་ཉི་མ་རྐྱེན་པའི་ཕུལ་ལྡ་མ་ཙེ་མ་དག་པའི་རབ་ཏུ་ཨ་ཙ་ར་ཡེ་ཤེས་དབྱངས་ལོ་རྒྱ་པས་བྲི་གཞི་ངོ་མཚར་ཅན་གྱི་བཀོད་པ་དུ་མས་ཁྱད་པར་དུ་བརྒྱ་པར་བཀོད་ནས་སློབ་དཔོན་ཉིད་ཀྱི་རབ་ཏུ་གནས་ཤིང་མཐོང་གྲོལ་གྱི་བདེན་པ་ཅན་དུ་བྱིན་གྱིས་རླབས། མ་འོངས་པའི་དུས་ན་ལས་འཕྲོ་སྐལ་བ་དང་འཚམས་པར་འདོན་པར་དབང་བའི་སྐྱེས་བུ་དེ་ལ་སྨོན་ལམ་དབང་བསྐུར། གཏད་རྒྱ་ལུང་བསྟན་ཡོངས་སུ་རྫོགས་པའི་འགྲོ་བའི་དོན་རླབས་པོ་ཆེ་འགྲུབ་པའི་ཐུགས་བསྐྱེད་སྨོན་པའི་མཚམས་སྦྱོར་དང་བཅས་ཏེ། དམ་ཆོས་མི་ནུབ་པ་དང་། གདམས་ངག་མི་འཕྱུག་པ་དང་། བྱིན་རླབས་མི་ཡལ་བ་དང་། བརྒྱུད་ཐེག་ཉེ་བ་སྟེ་དགོས་པ་རྣམ་པ་བཞི་དང་ལྡན་པར་དགོངས་ནས་སྔོན་གྱི་རྒྱལ་བ་རྣམས་ཀྱི་ཐུགས་ནས་ཐུགས་ཀྱི་གཏེར་གྱི་སྦས་པ་དང་། མཁའ་འགྲོ་མའི་དགོངས་པའི་རྩལ་གྱིས་ནམ་མཁའི་གཏེར་དུ་སྦས་པ་དང་། རིག་འཛིན་རྣམས་ཀྱིས་སྒྲོམ་བུ་ལ་བརྟེན་ཏེ་སའི་གཏེར་དུ་སྦས་པ་དང་། རྗེས་སུ་མཐུན་པར་མཚོན་བྱ་དོན་གྱི་མན་ངག་སྐུ་གསུམ་རང་བྱུང་གྱི་སྒྲོམ་བུ། མཚོན་བྱེད་ཚིག་གི་དཔེ་རྒྱུད་དང་། མྱོང་གྲོལ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ས་རྡོ་རི་བྲག་ཆུ་ཤིང་ལ་སོགས་པའི་གནས་ཐ་དད་པར་འབྱུང་བ་ལྔའི་རྒྱས་བསྡམས་ཏེ་སྦས་པ་གཏེར་སྟོན་སངས་རྒྱས་བླ་མ་དག་མངའ་བདག་ཉང་ཡབ་སྲས་ནས་བཟུང་རིམ་པར་དུས་རྟགས་དང་མཚུངས་བར་མངོན་དུ་བྱུང་བའི་ནང་ཚན་ལས། ཁྱད་པར་དུ་གྱུར་བ་འདིའི་ལོ་རྒྱུས་ཅུང་ཟད་ཅིག་ཞུ་ན། བླ་མ་དགོངས་པ་འདུས་པའི་ལུང་བསྟན་བཀའ་རྒྱ་མ་ལས། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུཿ ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེན༔ འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུང་༔ ཞེས་དང་། རྗེ་ཉིད་ཀྱི་རང་གཏེར་གནད་བྱང་ཐུགས་ཀྱི་སྒྲོམ་བུ་ལས། །རིག་འཛིན་དཔའ་བོ་མཁའ་འགྲོ་ཡིཿ བསྐུལ་མ་ཐེངས་གསུམ་དག་ཏུ་འོངསཿ དེ་ཚེ་མི་བརྗེད་དྲན་པའི་གཟུངས༔ གཟེར་དྲུག་གནད་གྱི་སྡེ་མིག་གིས༔ ཀློང་གསལ་དགོངས་པའི་གཏེར་ཁ་འབྱེད༔ ཅེས་དང་། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ༔ པདྨ་ང་དང་དངོས་ཞལ་འཇལ༔ བར་ཆད་སེལ་ཞིང་བྱིན་གྱིས་རླབས༔ ཞེས་གསུངས་བ་བཞིན། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་ཉིད་པདྨ་འོད་གླིང་སིན་དྷུ་རྒྱ་མཚོའི་ཞིང་ཁམས་བཀོད་པར་ཕྱི་ནང་གི་ཟབ་རྒྱས་དང་བཅས་པས་མན་ངག་བཅུ་གསུམ་སྤྱི་དྲིལ་གསོལ་འདེབས་བསམ་པ་ལྷུན་འགྲུབ་མའི་སྒོ་ནས་ཚེས་བཅུའི་ཆོ་ག་བསྟར་བ་ལས་སྤྱོན་གྱི་ཚེ་མོས་གུས་བླ་ན་མེད་པས་རྐྱེན་བྱས་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་མཚན་དཔའི་ལང་ཚོ་བལྟ་བསུ་ཆོག་མི་ཤེས་པ་དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་ལྟར་འཁྲིགས་པའི་ཀློང་ནས་རྡོ་རྗེའི་གར་སྟབས་སྲིད་གསུམ་ཟིལ་གྱིས་གནོན་པའི་རང་བཞིན་དུ་བསྒྱུར་ཞིང་མནྷ་ར་བའི་མེ་ཏོག་གི་སིལ་མ་ཀུན་ཏུ་འཐོར་བའི་ངང་ཚུལ་ཅན་ཆུ་བུར་མིག་གིས་སྤྱོད་ཡུལ་དུ་གྱུར་བས་མོས་གུས་གྱིས་བརྒྱལ་བ་ཙམ་གྱི་ངང་ནས་སྐལ་བ་བཟང་པོའི་དགེ་མཚན་ཅི་ཡང་འཐོབ་པོ། དུས་དེར་ལྷོ་རྒྱུད་སྤྲུལ་པའི་སྐུ་མཆོག་རྣམས་པ་གསུམ་གྱིས་དགོངས་གཏེར་ཆེན་པོ་གཏན་ལ་དབབ་པ་ལེགས་པའི་དབྱུག་འབྱིན་རྟེན་དང་བཅས་ཏེ་སྟན་པར་མཛད་པ་དང་། གནུབས་ནམ་མཁའི་སྙིང་པོའི་སྤྲུལ་པ་གོང་སྨྱོན་སྦས་པའི་རྣལ་འབྱོར་གྱིས་ལྐོག་གྱུར་མངོན་དུ་རིག་པ་ལྟར་ད་ལམ་ཅིས་ཀྱང་ཐུགས་གཏེར་གཏན་ལ་འབེབས་དགོས་ཀྱིས་གསུང་ནན་སོགས་རྟེན་འབྲེལ་དུས་མཚུངས་སུ་གྱུར་བཞིན་སྤེལ་བ་བ་ཡང་། སྒྲོན་མ་རྣམ་བཀོད་པས་དགོངས་པ་དྷ་དང་སྙ་རྒྱུད་ནས། གསང་སྔགས་དོན་གྱི་ཚད་མ་འབྱུང་། དཔེ་ལ་བརྟེན་ནས་དོན་ངོ་ཤེས། རྟགས་ལ་བརྟེན་ནས་ཡིད་ཆོས་འགྱུར། ཞེས་གསུངས་བ་ཡང་། །པན་ཆེན་བཱི་མ་ལའི་གསང་བ་གསུམ་གྱི་སྒྱུ་འཕྲུལ་ཀུན་མཁྱེན་གང་གི་དབང་པོ་འོད་གསལ་གྱི་ངང་ནས་ཞལ་ལན་གསུམ་མཇལ་ནས་དགོངས་པའི་གསང་མཛོད་ཆེན་པོ་གཏན་ལ་དབབ་པར་བསྐུལ་ཞིང་རིགས་ལྔ་ཊཀྐིའི་གཙོ་མས་བརྡའ་འགྲོལ་གྱི་སྐབས་དབྱེ་རིམ་པར་སྐྱར་ཤོག་དཀར་བོའི་ངོས་སུ་སྣང་བར་བྱས་པ་ལ། ཨེ་མ༔ འདི་ལྟར་ཤིན་ཏུ་ཟབ་པའི་གནད༔ གཏེར་བཅུད་འདུས་པ་དགོངས་པའི་གཏེར༔ ཀློང་གསལ་དབྱིངས་ཀྱི་ཕོ་བྲང་དུ༔ བརྡའ་ཚིག་རྡོ་རྗེའི་རོལ་མོ་འཁྲོལ༔ སྙིང་ལ་རྒྱས་བཏབ་སྦ་སྙམ་ཡང་༔ རིག་འཛིན་མཁའ་འགྲོའི་བརྡས་བསྐུལ་ན༔ ལས་ཅན་རྗེས་འཇུག་དོན་དུ་བཀོད༔ ཅེས་གསུངས་བས་ཀློང་ཆེན་བརྡའ་བསྒྱུར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་བྱུང་བའི་ནང་བསྒྲུབ་རིག་འཛིན་འདུས་པའི་དབང་བསྐུར་བར་བྱེད་པ་ལས། བདག་གིས་བགྱི་བར་འོས་པ་རྣམས་སྔོན་དུ་གྲུབ་ནས་ད་ཁྱེད་རང་གི་ངོ་སྐུལ་དུ་གྱུར་བའི་མན་ངག་ལ་འབུལ་བར་མཛོད། ཅེས་བརྡ་སྦྱར་ལ་མཎྜལ་ཕུལ་ནས། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཅེས་བརྡ་སྦྱར་ལ། ཧོ༔ བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ ཐུགས་རྗེ་ཆེན་པོའི་རྗེེས་བཟུང་ལ༔ དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པར་མཛད་དུ་གསོལ༔ ཆར་གསུམ་ཞུ་ཞིང་། ལན་སྦྱིན་པ་ནི༔ ཧོ༔ གསང་བ་མཆོག་གི་དཀྱིལ་འཁོར་དུ༔ འཇུག་པར་དཀའ་ལ་ཁེ་ཉེན་ཆེ༔ དམ་ཚིག་ཉམས་ན་བརླག་འགྱུར་བས༔ དམ་བསྲུང་དབང་བསྐུར་སྦྱིན་པར་བྱ༔ ཞེས་བསྒྲགས། སྐྱབས་སེམས་སྡོམ་པ་འབོག་ཅེས་པས༔ དང་པོ། སྤྱིར་མཆོག་གསུམ་རིན་པོ་ཆེར་སྐྱབས་སུ་མ་སོང་ན་ནང་བ་སངས་རྒྱས་ཀྱི་གྲལ་དུ་མི་ཚུད་པ་དང་། དགོས་སུ་དབང་གི་ནུས་བཅུད་ཆགས་པ་ལ་མེད་དུ་མི་རུང་བ་ལ་སོགས་པས་མདུན་གྱི་ནམ་མཁར་བླ་མ་དག་དབྱེར་མ་མཆིས་པ་བླ་མ་རིག་འཛིན་འདུས་པའི་ལྷ་ཚོགས་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བར་གསལ་བའི་མདུན་དུ་ཁྱེད་རང་གི་དྲིན་ཆེན་ཕ་མའི་ཐོག་དྲངས་མཁའ་མཉམ་གྱི་འགྲོ་བ་ཐམས་ཅད་པ་ཆེན་པོའི་རྡུལ་བཞིན་འཚོགས་ནས་བཟུང་ཏེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་མ་རིག་འཛིན་འདུས་པའི་ལྷ་ཚོགས་སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི་འོ་སྙམ་པའི་འདིའི་རྗེས་ཟློས་མཛོད། ན་མོ་བདག་དང་མཐའ་ཡས༴ སོགས་ནས་སྐྱབས་སུ་མཆི༔ ལན་གསུམ་གཉིས་པ་སེམས་བསྐྱེད་པ་ནིཿ དེ་ཡང་ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ། སེམས་ཅན་གྱིས་གར་ཁྱབ་ལས་ངན་སྡུག་བསྔལ་གྱིས་ཁྱབ། ལས་ངན་དང་སྡུག་བསྔལ་ལ་སྤྱོད་པའི་སེམས་ཅན་དེ་རྣམས་ཕ་མར་མ་གྱུར་བ་ནི་གཅིག་ཀྱིང་མེད། ཕ་མ་དེ་རྣམས་བདེ་བ་འདོད་ཀྱང་སྡུག་བསྔལ་ཁོ་ནས་རྒྱུ་དང་འབྲས་བུས་ལ་སྤྱོད་པ་སྙིང་རེ་རྗེ། དེ་རྣམས་སངས་རྒྱས་ཐོབ་པར་འདོད་པའི་སྨོན་སེམས་དང་། དེ་དང་འབྲེལ་བའི་སྨིན་གྲོལ་གྱི་ཆོས་རྣམས་ཕ་རོལ་དུ་ཕྱིན་པ་དྲུག་དང་དབྱེར་མེད་པའི་འཇུག་སེམས་བརྟན་པོའི་སྒོ་ནས་འདིའི་རྗེས་ཟློས་མཛོད། ཧོ། རིག་འཛིན་དཀྱིལ་འཁོར༴ སོགས་ནས་སེམས་བསྐྱེད་དོ༔ ལན་གསུམ། ཡན་ལག་བདུན་པས་ཚོགས་བསགས་བྱ། དཔེ་ནི་དབང་གི་གཞི་རྟེན་འགྱུར༔ ཞེས་པས་ཡན་ལག་བདུན་པ་ཡང་༔ ཐེག་དམན་ལུགས་ལྟར་མ་ཡིན་ཏེ༔ རྫོགས་པ་ཆེན་པོ་རང་ལུགས་བཞིན༔ ཁྲེག་ཆོད་ཐོད་རྒལ་དོན་དྲན་བཞིན༔ འདིའི་རྗེས་ཟློས་བྱེད་པར་རིགས༔ ཧོ༔ ཆུ་ལས་ཆུ་བུར་ཇི་བཞིན་དུ༔ སོགས་ནས་བུམ་སྐུར་བསྔོ༔ དེ་ནས་སྡོམ་གསུམ་བླངས་བ་ནི། ཧོ༔ རིག་འཛིན་དཀྱིལ་འཁོར་བདག་ལ་དགོངས༔ བདག་ཅག་རྡོ་རྗེའི་མཆེད་ལྕམ་རྣམས༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ དགེ་བསྙེན་དགེ་ཚུལ་དགེ་སློང་དང་༔ བྱང་ཆུབ་སེམས་སྨོན་འཇུག་སེམས༔ རིག་འཛིན་སྔགས་ཀྱི་སྡོམ་པའི་ཚོགས༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ ལན་གསུམ་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་ཕྱིར་སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། སེམས་ཅན་གྱི་དོན་དུ་སངས་རྒྱས་བསྒྲུབ་པའི་བློ་བཅོས་མིན། དེ་ཉིད་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཉི་ཟླའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་བ་འོད་དང་འོད་ཟེར་འབར་བར་གྱུར་ཞེས་བསམ་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མི་ལན་གསུམ། དམ་བཞག་གི་ནང་མཆོད་སྦྱིན་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་ཉམས་ན་བསྲེགས་པར་བྱེད། །བསྲུང་ན་དངོས་གྲུབ་ཐམས་ཅད་ཐོབ། །དམ་ཚིག་བདུད་རྩི་ཆུ་འདི་འཐུང་། །ས་མ་ཡཱ་ཨི་དན་ན་ར་ཀན། །སློབ་མ་ལྷ་དག་མཉམ་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་འདིའི་རྗེས་ཟློས་མེད། ཀྱཻ། རིགས་ལྔ་བདེ་བར་གཤེགས་པ་དང་། བླ་མ་ཡི་དམ་མཁའ་འགྲོ་དགོངས། །སྒོ་བ་ཆེན་པོ་ཁྱེད་རྣམས་གྱིས། །སྒོ་ཕྱེས་ཐར་བའི་གྲོགས་བསྟན་འཚལ། ལན་གསུམ་གྱི་རྗེས་སུ་བླ་མས་ཨ་ཁཾ་ཝི་ར་ཧཱུཾ་གིས་དལ་དུ་བཅུག་པར་བསམ་ལ། སློབ་མས་གནས་གསུམ་དུ་ཐལ་མོ་སྦྱར་ཞིང་སྐུ་གསུང་ཐུགས་ཀྱི་ཕྱག་བྱེད་བཞིན། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མེ་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ་གིས་ཕྱི་འཇུག་དང་ནད་འཇུག་ནི། སློབ་དཔོན་དང་དཀྱིལ་འཁོར་གྱི་བདག་པོ་གཉིས་སུ་མེད་པའི་སྲས་སུ་བྱ་བའི་ཕྱིར་དམིགས་པ་འདི་བཞིན་མཛོད་གཙོ་བོའི་མདུན་ཐམས་ཅད་ཤར་སྒོའི་དབང་སྟེང་ལ་འཁོད་པའི་དཀྱིལ་འཁོར་བདག་པོའི་ཐུགས་ཀ་ནས་འོད་ཟེར་བྱུང་། སློབ་མའི་རྣམས་སྨིན་གྱི་ཕུང་པོ་སྦྱངས། རྣམ་པར་ཤེས་པ་ཧཱུཾ་དུ་གྱུར་བ་ཡབ་གྱི་ཞལ་ནས་དྲངས། རྗེས་སུ་ཆགས་པའི་ཡེ་ཤེས་ཀྱིས་བསྐུལ་ཏེ་ཡུམ་གྱི་པདྨོར་ལྷུང་། སྲས་ཀྱི་ཚུལ་དུ་རྣམ་པར་གྱུར་བ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་སྟོང་བ་ཉིད་དུ་གྱུར། སྟོང་གསལ་འཛིན་པ་བྲལ་བ་དེའི་ངང་ལས་ལྷག་མཐོང་སྣང་ཆའི་རྟེན་འབྲེལ་འགས་པ་མེད་པའི་རོལ་རྩལ་ལས་ལྷུན་འགྲུབ་དག་པ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་སུ། སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ལ་སློབ་མ་ཁྱེད་རང་རྣམས་སྐད་ཅིག་དྲན་རྫོགས་སུ་མཁའ་ལ་འཇའ་ཚོན་ཤར་བ་བཞིན་སངས་རྒྱས་ཀུན་དངོས་རྗེས་བཙུན་ཆེན་པོ་མ་ཧཱ་གུ་རུ་པདྨ་འབྱུང་གནས་སྣང་སྲིད་ཟིལ་གནོན་གྱི་ཆ་བྱེད་ཅན་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་གསར་གྱི་རྡོ་རྗེ་རྩེ་ལྔ་བ་སྡིག་པའི་ཚུལ་གྱིས་ནམ་མཁར་ཕྱར་བ། གཡོན་ན་ཛ་གད་ཀྱིས་བཀང་བའི་ཀཱ་པ་ལ་དང་། འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གཏམས་པའི་ཚེ་བུམ་ལྷན་གཅིག་ཏུ་བསྣམས་པ། སྐུ་ལ་བྱང་སེམས་ཀྱི་ཐེག་པ་རྫོགས་པའི་རྟགས་སུ་ཕོད་ཁ་དང་ཉན་རང་གི་ཐེག་པ་རྫོགས་པའི་རྟགས་སུ་ཆོས་གོས། རིག་འཛིན་སྔགས་ཀྱི་ཐེག་པ་རྫོགས་པའི་རྟགས་སུ་བེར་མདུང་མནབས་པ། དབུ་ལ་པད་ཁུ་པདྨ་ཁ་ཕྱེས་བ་ལྟ་བུ་རྒོད་སྒྲོ་དར་སྣ་ཉི་ཟླ་རྒྱ་གྲམ་གྱིས་མཚན་པ་ཅན་གསོལ་བ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའི་སྤྱི་བོ་ཟླ་བའི་སྟེང་དུ་ཨོཾ་དཀར་རོ། །མགྲིན་པར་པདྨའི་སྟེང་དུ་ཨ༔དམར་རོ། །ཐུགས་ཀར་ཉི་མའི་སྟེང་དུ་ཧཱུཾ་མཐིང་ཀ་གསུམ་གསལ་བ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་རྒྱ་མཚོ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་ཏེ་མདུན་གྱི་ནམ་མཁའི་དབྱིངས་སུ་སྤྲིན་འཁྲིགས་པ་ལྟར་བྱོན་པར་གྱུར་ཞེས་བསམ། ཧཱུཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབ། ཁྱད་པར་སྟོན་པའི་མཐུ་རྩལ་དབྱུང་པའི༴ བྱིན་གྱིས་བརློབས་པའི༴ དབང་མཆོག་བསྐུར་བའི༴ དངོས་གྲུབ་རྩོལ་བའི༴ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས། བྱིན་ཆེན་བྱིན་ཕོབ༴ དབང་ཆེན་དབང་བསྐུར༴ དངོས་གྲུབ་མཆོག་རྩོལ༴ བདག་ཅག་ལས་འབྲས་མཆིས་པར་མཛོད། ཨོཾ་བཛྲ་པྲ་ཝེ་ཤ་ཡ་པྲ་ཝེ་ཤ་ཡ་ཧཱུཾ་ཧཱུཾ་མང་དུ་བརྗོད་ལ་ནན་ཏན་བྱ། ལུས་ངག་ཡིད་ལ་ཕེབས་པའི་རྟགས༔ འདར་ཞིང་འཕར་གཡོ་སི་སྐྲ་ཏིན༔ བརྡའ་སྐད་གླུ་ལེན་ངུ་བ་དང་༔ བདེ་གསལ་མི་རྟོག་ལྷག་པའི་ལྷས༔ སྤོག་ན་རྡོ་རྗེའི་འདུག་སྟེངས་བརྒྱིས༔ སྙིང་ཀར་གཡུ་དྲུང་དཀར་པོ་རྟག་ཏུ་འཁོར་བར་བསྒོམས༔ ཧཱུྃ། སྔོན་གྱི་བསྐལ་བའི་དང་པོ་ལ༔ སོགས་ནས་སྩོལ༔ ཨོཾ་ཨཱ༔ཧཱུྃ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུཾ་ཨཱ༔ཧཱུཾ་ཧཱུཾ་ཧཱུཾ༔ ཨ་ར་ལི་ཡི་ཕེམ་གྱི་སྒྲས༔ གླུ་ཡིས་བསྐུལ་ཞིང་ལྟ་བས་གཅུན༔ ཡེ་ཤེས་དབབ་པ་དེ་ཉིད་བསྟན་པར་གྱུར་ཅིག༔ ཀྱཻ་བདེ་གཤེགས་རིགས་ལྔའི་ཕོ་བྲང་དུ༔ འབྲེལ་བའི་མེ་ཏོག་འདི་འདོར་བས༔ ལས་འཕྲོ་གང་ཡོད་ལྷ་དང་མཇལ་བར་ཤོག༔ ཨོཾ་པུཥྤེ་སིདྷི་སྡམ༔ ལྟུང་ན་བསྐུལ་ཞིང་སྤྱི་བོར་བཅིངས༔ པྲ་ཏི་གྷྲི་ན་ཨི་མཾ་ས་ཏྭ་མ་ཧཱ་བ་ལ་ལྷག་ལྷ་སྤྱི་བོར་ཐིམ་པར་བསམཿ གདོང་ཡོག་ཕྱེས་ཞིང་དཀྱིལ་འཁོར་ལྟ༔ སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས༔ ཁྱེད་ཀྱི་མ་རིག་འཁོར་བའི་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བ་ལྟར༔ དེ་བཞིན་ཁྱེད་ཀྱིས་འགྲོ་བ་རྣམས༔ ཡེ་ཤེས་སྤྱན་དུ་དབྱེ་བར་ཤོག༔ ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཨེ་མ༔ སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ནི་སྡིག་པ་ཀུན་ལས་གྲོལ༔ དཀྱིལ་འཁོར་ཆེན་པོ་འདི་ལ་ལྟས༔ ལུས་ངག་ཡིད་ཀྱིས་དད་པ་བསྐྱེད༔ དངོས་གྲུབ་ཐམས་ཅད་ཁྱོད་ཀྱིས་འཐོབ༔ དམ་ཚིག་སྔགས་ལ་བརྩོན་པར་གྱིས༔ ཀྱཻ་རིགས་ཀྱི་བུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་བརྡ་དོན་རྟག་གྱི་མཚོན་པས་རྡུལ་ཚོམ་གྱི་དཀྱིལ་འཁོར་འདི་ནི་གཞལ་ཡས་ཁང་སྟེ་ནང་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་མཚོན་ལ། དེ་ན་བཞུགས་པ་ཡེ་ཤེས་ཀྱི་ལྷ་ནི་རང་གི་སེམས་རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་བཅས་པ་དམ་པ་རིགས་བརྒྱའི་ལྷ་ཚོགས་སུ་བཞུགས་པ་དེ་དྲན་པར་གྱིས་ཤིག །འཇུག་པའི་ཆོག་གའོ། །གཉིས་པ་དབང་བསྐུར་བ་ནི། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་གདན་གསུམ་ཚངས་པའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྤྱན་དྲངས་མཆོད་ཅིང་བསྟོད་རྡོ་རྗེ་རྗེ་ཅན་གྱི་སངས་རྒྱས་ལ༔ འགྲོ་བ་སྐྱོབས་པའི་ཆེད་དུ་དབང་། ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། དེ་ལྟར་འདི་ལའང་བསྩལ་དུ་གསོལ། ཅེས་གསོལ་བ་བཏབ་པས། གཤེགས་པ་རྣམས་གྱིས་དགོངས་པ་མཛད། །གཤེགས་མ་རྣམས་ཀྱིས་དབང་བསྐུར། །སེམས་དཔའ་རྣམས་ཀྱིས་ཤེས་པ་བརྗོད། སེམས་ལ་རྣམས་གྱིས་གླུ་གར་བསྒྱུར། ཁྲོ་བོ་རྣམས་ཀྱི་བགེགས་བསྐྲད། དེ་དག་ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར། སློབ་མ་མི་བསྐྱོད་པར་གསལ་ལ། བུམ་པ་བཏེགས་ནས། ཧཱུཾ། རྣམ་ཤེས་ཕུང་པོ་རྣམ་དག་ཅིང་། ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་ཨ་བྷི་ཥྩི་ཧཱུཾ། རིགས་ཀྱི་བུ་ཁྱོད་ལ་མི་བསྐྱོད་པ་ཆུས་དབང་བསྐུར་བས་ཡིད་ཀྱི་སྒྲིབས་ཐམས་ཅད་དག །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། །རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་པ་དང་ཆུའི་ཁམས་མཱ་མ་ཀིར་སངས་རྒྱས། ཞེ་སྡང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་གྲོལ་ཏེ་སངས་རྒྱས་རྡོ་རྗེ་རིགས་ཀྱི་ཐུགས་འཁྲུལ་བ་མེད་པས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་རིན་འབྱུང་དུ་གསལ་ལ། དབུ་རྒྱན་ཐོགས་ནས། ཧཱུཾ། ཚོར་བའི་ཕུང་པོ་རྣམ་དག་ཅིང་། ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །ཨེ་རཏྣ་བྷི་ཥྩི་དྲཾ། རིགས་ཀྱི་བུ་ཁྱོད་ལ་རིན་འབྱུང་གི་ངོ་དབུ་རྒྱན་འདི་བཀོན་པ་ཙམ་གྱིས་ཤེས་བྱའི་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་སའི་ཁམས་སངས་རྒྱས་སྤྱན་དུ་དག །ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་པའི་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་སྣང་བ་མཐའ་ཡས་སུ་གསལ་ལ། རྡོ་རྗེས་དབང་བསྐུར་ཞིང་། ཧཱུཾ། འདུ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོང་འདོད་ཆགས་སྦྱོང་བྱེད་པའི། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །དཔལ་ལྡན་གསུང་གི་དབང་ཐོབ་ཤོག །ཨོཾ་པདྨ་ཨ་བྷི་ཥཱིཉྩ་ཧྲཱི། རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེས་དབང་བསྐུར་བས་ངག་གི་སྒྲིབ་པ་ཐམས་ཅད་དག །སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་མེའི་ཁམས་གོས་དཀར་མོ་སངས་རྒྱས། འདོད་ཆགས་སོ་སོར་རྟོག་པའི་ཡེ་ཤེས་སུ་གྲོལ་ཏེ་སངས་རྒྱས་པདྨ་རིགས་ཀྱི་གསུང་འགགས་པ་མེད་པ་ཆོས་ཀྱི་སྒྲ་དབྱངས་གྱིས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་དོན་འགྲུབ་ཏུ་གསལ་ལ། དྲིལ་བུ་འཛིན་པས་ཧཱུཾ། འདུ་བྱེད་ཕུང་པོ་རྣམ་དག་ཅིང་། ཉོན་མོངས་ཕྲག་ཏོག་སྦྱོང་བྱེད་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི། །དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ། །ཨོཾ་ཀརྨ་ཨ་བྷི་ཥཱིཉྩ་ཨ། །རིགས་ཀྱི་བུ་ཁྱོད་དྲིལ་བུ་འདི་གཏད་པ་ཙམ་གྱིས་ཀུན་གཞིའི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་དང་། རླུང་གི་ཁམས་དམ་ཚིག་སྒྲོན་མར་སངས་རྒྱས་ཕྲག་ཏོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ་ལས་ཀྱི་རིགས་ཀྱི་ཕྲིན་ལས་ཐོགས་པ་མེད་པ་འགྲུབ་ནས། འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་རྣམ་སྣང་དུ་གསལ་ལ། མིང་དབང་བྱིན་པར་མོས་ཏེ། ཧཱུཾ་གཟུང་གྱི་ཕུང་པོ་རྣམ་དག་ཅིང་། ཉོན་མོང་གཏུ་མིག་སྦྱོང་བྱེད་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །ཨོཾ་བུདྡྷ་ཆེ་གེ་མོ་ཨ་བྷི་ཥཱིཉྩ་ཧཱུཾ། རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་མིང་གིས་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུ་ཡི་དབང་ཐོབ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་ནམ་མཁའི་ཁམས་དབྱིངས་ཕྱུག་མར་སངས་གཏུ་མིག་མེ་ལོང་ཡེ་ཤེས་སུ་གྲོལ་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཅེས་རིགས་ལྔས་གསང་སྔགས་ཕྱི་བའི་དབང་ཡང་ཞར་བྱུང་དུ་བརྗོད་པའོ། །རྡོ་རྗེ་སློབ་དཔོན་གྱི་དབང་ནི། ཐུགས་ཀྱི་དམ་ཚིག་གི་རྡོ་རྗེ་གསོར་བ་དང་། གསུང་གི་དམ་ཚིག་དྲིལ་བུ་འཁྲོལ་བ་དང་། སྐུའི་དམ་ཚིག་འཁྱུད་རྒྱ་བྱེད་པ་སྟེ་དམ་ཚིག་གསུམ་བྱིན་ལ། ཨོཾ་ཨཱ༔ཧཱུཾ་ཐབས་དང་ཤེས་རབ་གཉིས་མེད་ཅིང་། །སྣང་སྟོང་དབྱེར་མེད་འདི་ཟུང་ལ། །སྟོང་ཉིད་སྙིང་རྗེས་སྙིང་པོ་ཡིས། །ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས། །འགྲོ་ཀུན་རྗེས་སུ་བཟུང་བར་མཛོད། །རིགས་ཀྱི་བུ་ཁྱོད་ལ་གསང་བ་སྔགས་ཀྱི་ཕྱག་རྒྱའི་དམ་ཚིག་གི་ནང་ནས་མཆོག་ཏུ་གྱུར་བ་རྡོ་རྗེ་དང་དྲིལ་བུ་དཀྱིལ་འཁོར་ཐམས་ཅད་སའི་བདག་ཉིད་འདི་ལག་ཏུ་གཏད་པ་ཙམ་གྱིས། རྣམ་པ་ཐམས་ཅད་མཁྱེན་པའི་ས་བོན་ཐེབས། སངས་རྒྱས་ཐམས་ཅད་ཀྱི་མོས་པོ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་སངས་རྒྱས་ཏེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ནུས་པར་གྱུར་ཅིག །ཅེས་བརྗོད་ན་རྒྱལ་ཚབ་ཏུ་ཐོས་པའི་སློབ་བུ་ཡིན་ན་པོ་ཏི་དང་དུང་དཀར། ཕྱག་ཤིང་འཁོར་སོགས། སྤྲད་ཅིང་ཁྲི་ལ་མངའ་གསོལ་བ་གཞན་དང་མཐུན། སླར་ཡང་རྣམ་རྒྱལ་བུམ་པ་བཟུང་ལ། ཧཱུཾ། བཀྲ་ཤིས་བུ་པ་ལྷའི་གཞལ་ཡས་ཁང་། །ལྷ་དང་གཉིས་མེད་བདུད་རྩིའི་ཆུས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས། །རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིང་། །ཀུན་ཏུ་འོད་ཀྱིས་ས་བོན་ཤོག །རྩ་སྔགས་དང་བཅས། ཝཀྐ་ཨ་བྷི་ཥཱིཉྩ་ཨཱ་རྗེས་འབྲེལ་དུ་བཟླས་ལུང་བྱིན་ལ་སློབ་དཔོན་གྱི་ཐུགས་ཀ་ནས་རྩ་བའི་ཕྲེང་ལུ་གུ་རྒྱུད་དུ་བྱུང་སློབ་བུའི་མགྲིན་པ་ནས་ཞུགས། སྙིང་ཀར་འཁོར་བས་འགྱུར་བའི་རླུང་ཁམས་མཐའ་དག་གྲགས་སྟོང་སྔགས་ཀྱི་འོད་ཟེར་རྫོགས་པར་བསམ་ལ་རྩ་བའི་སྔགས་ཀྱི་རྗེས་ཟླ་ལན་གསུམ། དེས་ངག་དང་རླུང་གི་སྒྲིབ་དག །བླ་མེད་ཀྱི་དམ་རྫས་ཁྱད་པར་ཅན་སྤྱོད་ཅིང་བཟླས་བརྗོད་དང་གཏུམ་མོའི་རྣལ་འབྱོར་ལ་དབང་། རླུང་བཅུ་ལས་སུ་རུང་བའི་ཡོན་ཏན་འཐོབ། །ལོང་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་པའོ། རིག་ཙག་གཏད་ལ། ཧོ༔ ཆོས་རྣམས་ཀུན་གྱི་འབྱུང་གནས་ཏེ། །བདེ་བ་ཆེན་པོ་གསང་བའི་ཡུམ། །རིགས་ཀྱི་བུ་ལ་བྱིན་པ་ཡིས། །དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ། །འཁོར་ལོ་ཚོགས་ཆེན་ས་ནོན་ཤོག །རྩ་སྔགས་ཙིཏྟ་ཨ་བྷྲི་ཥཱིཉྩ་ཧཱུྃ། །ཞེས་གཏད་པས་རིག་མ་དེས་མོཀྐ་ཧོ༔ །ཞེས་པའི་སྒྲས་ཐར་བ་བརྟེན་པ་ལ་བསྐུལ། །རྗེས་སུ་ཆགས་པས་རོལ་མོས་དགའ་བ་བཞིའི་ཡེ་ཤེས་ཉམས་སུས་མྱོང་། །ཡིད་དང་ཐིག་ལེའི་སྒྲིབ་པ་དག །རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འགགས། །ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་པའོ། །དབང་བཞི་བ་ལ། །མེ་ལོང་དང་ཤེལ་རྡོ་ནི་མོན་པའི་བརྡའ་ཕྲོ། །དཔེ་དོན་འབྲེལ་བའི་ཡེ་ཤེས་ཉམས་སུ་མྱོང་པར་བསམ་ལ། ཧོ༔ ཀ་དག་ལྷུན་འགྲུབ་གཙང་མའི་ངོག །ལྷུན་འགྲུབ་དྭངས་ཤེལ་དྲི་མེད་འོད། །བརྡའ་རྟག་རྫོགས་པའི་དབང་བསྐུར་བས། །དྲི་མེད་རིག་པའི་གནས་ལུགས་རྟོགས། །ལྷུན་འགྲུབ་རིག་འཛིན་ཉེར་ཐོབ་ནས། །བདེ་བ་ཆེན་པོའི་ས་ནོན་ཤོག །རྩ་སྔགས་དྷརྨ་དྷརྟུ་ཨ་བྷི་ཥཱིཉྩ་ཧཱུཾ་ཞེས་པའི་ཞེས་ལ་སློབ་མ་ལུས་གནད་དང་ལྡན་པས་མཉམ་པར་འཇོག་ཏུ་བཅུག །དེའི་ངང་ལ་ཕཊ་དྲག་པོ་གཅིག་བརྗོད་ལ་སེམས་གང་ཡིན་ཞེས་ཏབ་ཏབ་ཏུ་བྲིས་པས་ནང་བ་ཞད་དེ་ཕྱད་དེ་ཅི་ཟེར་ཆ་མེད་རྟོགས་པ་མྱུང་ཚོར་གྱི་སྤྲོས་པ་དེ་ཉིད་རང་གནས་ཀྱི་ཡེ་ཤེས་སུ་ངོ་སྤྲད། དེ་ཡང་ལྟ་བ་ལུང་རིག་དང་འབྲེལ་བ་ཞེས་བྱ་བ་ཡིན་པས། སྨར་བསམ་བརྗོད་མེད་སོགས་ནས་ཡུམ་གྱུར་རྫོགས་པ་ཆེ་ཞེས་པས་ལུང་གི་བརྡ་སྦྱོར། སློབ་དཔོན་ལྟ་དགོངས་ཅན་ཡིན་ན་བླུག་ཀར་ཨཱ༔ གཅིག་བསམ་ལ་སློབ་མས་རིག་པ་གཏད་དེ་མཉམ་པར་བཞག །བསྒོམ་པ་ཉམ་མྱོང་དང་འབྲེལ་བའི་གཤེས་ནས་ཨཱ༔ ཉི་ཤུ་རྩག་གཅིག་བརྩེགས་མར་བརྗོད། དཔེ་ཀུན་གཞི་དང་ཤེས་བྱའི་སྒྲུབ་པ་དག་རྫོགས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་བསྒོམ་པ་ལ་དབང་། ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པའོ། །དེ་ནས་བཀའ་ལུང་རྫོགས་ཕྱིར། གླེགས་བམ་སྤྱི་བོར་བཞག་བྱས་ལ། ཧོ༔ ཆོས་སྐུ་ཀུན་ཏུ་བཟང་པོ། །ལོངས་སྐུ་རྒྱལ་བ་རིགས་ལྔ། །སྤྲུལ་སྐུ་དགའ་རབ་རྡོ་རྗེ། །སློབ་དཔོན་འཇམ་དཔལ་བཤེས་གཉེན། །རིག་འཛིན་ཤྲི་སེང་ཧ། །པན་ཆེན་བཱི་མ་མི་ཏྲ། །ཨོ་རྒྱན་པདྨ་ཐོད་ཕྲེང་། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། །མངའ་བདག་ཁྲི་སྲོང་ལྡེའུ་བཙན། །རྒྱལ་སྲས་དྲི་མེད་འོད་ཟེར། །ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་སོགས་རང་བཞིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མ། ཡི་དམ་མཁའ་འགྲོ་རྒྱ་མཚོ། ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་དེང་འདིར་རྡོ་རྗེ་སློབ་མ་རྣམས་ལ་དབང་བསྐུར་དུ་གསོལ། བྱིན་གྱིས་རླབས་ཏུ་གསོལ། །རྟོགས་པ་སྤར་དུ་གསོལ། །བརྟུལ་ཞུགས་བསྐྱེད་དུ་གསོལ། བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་དགོང་པའི་བཙན་ས་ཟིན་ཏེ་ཚེ་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་འགོད་པར་མཛད་གསོལ། ཅེས་ལན་གསུམ་དང་བཤད་སྒྲུབ་ཀྱི་བརྒྱུད་པ་འཛིན་པ་དག་ལ་ཐོད་རྒལ་རིག་པའི་རྩ་དབང་བསྐུར་བ་ཡེ་ཤེས་བླ་མ་ལས་ཤེས་སོ། །དེ་ནས་དམ་ཚིག་བསྒྲགས་པ་ནི་གྲགས་དང་རིམ་པའི་བརྡའ་དབྱེ་བཤད་ནས། འོ། དེས་བླ་མ་རིགས་འཛིན་འདུས་པའི་དཀྱིལ་འཁོར་ཆེན་པོར་དབང་བཞི་མཐའ་རྟེན་དང་བཅས་པའི་བྱ་བ་ཡོངས་སུ་རྫོགས་པ་ཡིན་ལ་དེ་ལྟར་འདོད་པའི་ཡོན་ཏན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་ཅིང་། གསང་སྔགས་ཀྱི་དངོས་གྲུབ་ཐམས་ཅད་དབང་ལས་འབྱུང་བ་ནི། རྒྱུད་ལས། དེ་ལྟར་དབང་རྣམས་ཡོངས་སུ་རྫོགས་པར། བསྐུར་བའི་ཡོན་ཏན་བསམ་མི་ཁྱབ་ཅིང་། གསང་སྔགས་ཀྱི་དངོས་གྲུབ་ཐམས་ཅད་དབང་ལས་བྱུང་། ཞེས་དང་། དབང་མ་ཐོབ་པའི་ཉེས་པ་ནི། ཤེས་རབ་གསུམ་རློམ་ལ་སོགས་ཡང་། འབྲས་བུ་མེད་ཅིང་བརླག་པར་འགྱུར། ཞེས་དབང་མ་ཐོབ་ན་ཐོས་བསམ་བསྒོམ་པའི་བྱ་བ་ལ་འབད་ཅིང་འབྲས་བུ་མེད་པར་གསུངས་ཤིང་། ཐོབ་པས་གནས་སྐབས་སུ་འང་ལྟས་ཕུན་སུམ་ཚོགས་པའི་སྣ་དྲངས་ཏེ་མངོན་པར་མཐོ་བའི་དཔལ་བཅུའི་གོ་འཕང་ལ་སྦྱོར་ཞིང་མཐར་ཐུག་ངེས་པར་ལེགས་པའི་ས་ལ་དབྱུག་དབྱུགས་བ་ནི། རྒྱུད་ལས། ཐོབ་རྟགས་མཁའ་འགྲོས་ལུང་ལྟོང་ཞིང་། ལྟས་སུ་ཡིད་བཞིན་གཅུག་ན་འཆག་ཐོག་ལ་ཉི་ཤར་དམག་དཔོན་བྱེད། མགོ་དང་རོ་སྟོད་ཡང་ལ་བདེ། །བུམ་ཆུ་འཐུང་དང་ཟས་བཅུད་ཟོས། །རང་རིག་རྩལ་ལ་དབང་བསྒྱུར་ནུས། །ཞེས་སོ། །དེའི་ཕྱིར་ནུས་པ་དེ་ལྟ་བུ་བསྐྱེད་པའི་ས་བོན་ཅན་དབང་དེ་དག་གི་སྲོག་གི་དམ་ཚིག་དང་སྡོམ་པ་ནི་ཁོ་ན་ལ་བརྟེན་པས་འཛིན་དགོས་ཏེ། ཉམས་ན་ས་བོན་མེ་ཡི་ཚིག་པ་བཞིན། དཀའ་སྤྱད་བསྒྲུབ་ཀྱང་འབྲས་མེད་བརླག །ཅེས་གསུངས་བ་ལྟར་ལས། བསྲུང་བྱའི་རྣམ་གྲངས་ལ་དབྱེ་ན། ཉན་རང་གཉིས་ལ་ཉིས་གྱ་ལྔ་བཅུའི་ཁྲིམས། བྱང་སེམས་ལ་བརྒྱད་ཅུ་རྩ་ལྔ། བྱ་རྒྱུད་ལ་ཉི་ཤུ། སྤྱོད་རྒྱུད་ལ་ཉི་ཤུ་རྣལ་འབྱོར་རྒྱུད་ལ་ཉི་ཤུ་རྩ་གཅིག །མ་ཧཱ་ལ་བརྒྱ་རྩ། ཨ་ནུ་ལ་སྐུ་གསུང་ཐུགས། ཨ་ཏི་ལ་ཡེ་བསྲུང་ལ་སོགས་ཏེ་ས་མ་ཡ་འབུམ་སྡེའི་བར་དུ་དབྱེ་ཡང་། ཀུན་ཀྱི་རྩ་བ་སྐུ་གསུང་ཐུགས་དང་། །ཡན་ལག་གི་ཉི་ཤུ་རྩ་ལྔ་ལ། །གནས་པས་དེའི་རང་བཞིན་ལ་མི་འདའ་བ་སྟེ། །གསང་བ་ཡོངས་རྫོགས་འདུས་པའི་རྒྱུད་ལས། །རྒྱུད་དོན་དམ་ཚིག་བསྲུང་བྱ་ལ། །རྩ་བ་སྐུ་གསུང་ཐུགས་དང་ནི། །ཡན་ལག་ཉི་ཤུ་རྩ་ལྔ་ལས། །སྤྲོས་ན་བསམ་གྱིས་མི་ཁྱབ་སྟེ། །རྩ་བ་ཡན་ལག་ཉམས་མི་བྱ། །ཡང་ན་མཉམ་རྫོགས་རྒྱལ་བོད་གནས། ཞེས་དང་། དེའི་རང་བཞིན་བཀྲ་བ་ནི། དེ་ཉིད་ལས། སྐུ་ཡི་དམ་ཚིག་རྡོ་རྗེ་སྟེ། སློབ་དཔོན་མཆེད་དང་ལྕམ་དྲལ་ལ། བདག་བཙོག་བསྐུར་བ་ནམ་ཡང་མིན་ནམ་སེམས་འཕྱ་སེམས་གཅིག་མི་བྱ། གསུང་གི་དམ་ཚིག་དབང་ཐོབ་ནས། །ཡི་དམ་དཀྱིལ་འཁོར་ལྷ་མཆོག་གི། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །བླ་མེད་ཐེག་མཆོག་མི་སྤང་ངོ་། །ཐུགས་ཀྱི་དམ་ཚིག་གསང་བ་བཅུད་བསྒྲུབ་རྫས་ལག་ཆ་ཐམས་ཅད་གསང་། །མ་གསང་མུ་སྟེག་འཆལ་བར་འགྱུར། །སྨན་དང་གཏར་མར་མཆོད་རྫས་གསང་། །དེ་མ་གསང་ན་དངོས་གྲུབ་ཉམས། །སྤྱིར་འཛབ་རྩ་བའི་སྙིང་པོ་གསང་། །མ་གསང་མཐུ་དང་བྱིན་རླབས་ཉམས། །སྔགས་པས་སྔགས་དང་ཕྱག་རྒྱ་གསང་། །དེ་མ་གསང་ན་སྨྱོན་པར་འགྱུར། །སྦྱོར་དང་སྒྲོལ་བའི་ལག་ལེན་གསང་། །མ་གསང་སྐྱེ་བོའི་ཡ་གར་འགྱུར། །ཕྲིན་ལས་མཛད་སྤྱོད་ཀུན་ཀྱང་གསང་། །དེ་མ་གསང་ན་རས་ཆོད་འགྱུར། །རྒྱུད་དང་སྒྲུབ་ཐབས་མན་ངག་གསང་། །མ་གསང་མཁའ་འགྲོའི་བཀའ་ཆད་འོང་། །མདོར་ན་གསང་བ་འོས་རིགས་གསང་། །དེ་མ་གསང་ན་ལྐུགས་པར་འགྱུར། །ཆེད་དུ་གཉེར་གཏད་མན་ངག་གསང་། །མ་གསང་ཉམས་ན་ཆེན་པོར་འགྱུར། །སྐུ་གསུངས་ཐུགས་ཀྱི་དམ་ཚིག་འདི། །མས་ངན་བསྐལ་བ་གཅིག་ཉིས་གསུམ། །རྡོ་རྗེ་དམྱལ་བར་གདོན་མི་ཟ། ཅེས་དང་། ཡན་ལག་གི་དམ་ཚིག་ལྔ་ཚན་ལྔར་བཤད་པ་འང་ཀུན་བྱེད་རྒྱལ་པོ་དང་། དམ་ཚིག་སུམ་བཀོད་སོགས་ལས་ཇི་ལྟར་གསུང་བ་ཤིན་ཏུ་གསལ་བར་བྱས་པ་ནི། དམ་ཚིག་གནད་ཀྱི་མོད་འགག་ལས། དོང་ཤེས་བྱའི་དམ་ཚིག །གསང་སྔགས་དབང་གི་སྒོར་ཞུགས་ནས། སྣང་སྲིད་རིགས་ལྔའི་དལ་དུ་བསྒོམ། གཟུགས་ཀྱི་ཕུང་པོ་རྣམ་སྣང་མཛད་ཚོར་བའི་ཕུང་པོ་རིན་ཆེན་འབྱུང་། འདུ་ཤེས་ཕུང་པོ་སྣང་མཐའ་ཡས། །འདུ་བྱེད་ཕུང་པོ་དོན་ཡོད་གྲུབ། །ས་ནི་ཡུམ་ཆེན་སངས་རྒྱས་སྤྱན། ཆུ་ནི་ཡུམ་ཆེན་མ་མཱ་ཀི །མེ་ནི་ཡུམ་ཆེན་གོས་དཀར་མོ། །རླུང་ནི་ཡུམ་ཆེན་དམ་ཚིག་སྒྲོལ།། ནམ་མཁའ་ཡུམ་ཆེན་དབྱིངས་ཕྱུག་མ། །དེ་བཞིན་དཀར་སྔོ་སེར་དམར་ལྗང་། །གཟུགས་སྒྲ་དྲི་རོ་རེག་བྱ་ལྔ། །རིགས་ཀྱི་ཡབ་ཡུམ་ལྔར་ཤེས་བྱ། །མིག་དང་རྣ་བ་སྣ་དང་ལྕེ། གཟུང་དང་རྣམ་ཤེས་རིགས་ལྔར་ཤེས། །འབྲས་བུ་ཡེ་ཤེས་ལྔ་རུ་ཤེས། །དེ་རྣམས་ཤེས་བྱའི་དམ་ཚིག་གོ། །མི་སྤངས་པ་ཡི་དམ་ཚིག་ནི། །འདོད་ཆགས་ཞེ་སྡང་གཏུ་མིག་དང་། །ང་རྒྱལ་ཕྲག་ཏོག་རྣམ་པ་ལྔ། །རིགས་ལྔའི་དམ་ཚིག་ཡིན་པས་ཕྱིར། །སྤངས་བས་མི་སྤོངས་གནས་པ་ཡིན། །རྗེས་སུ་འབྲིང་ན་ཉོན་མོང་རྒྱུ། །ཤར་ཚེ་རང་སར་གློད་པ་ཡིན། །ཡེ་ཤེས་ལྔ་ཡི་ཀློང་དུ་གྲོལ། །དེ་ཕྱིར་མི་སྤངས་དམ་ཚིག་ལྔ། དང་དུ་བླངས་པའི་དམ་ཚིག་ནི། །ཏྲི་ཆེན་ཏྲི་ཆུ་མམ་པ་དང་། །རཀྟ་རྡོ་རྗེ་ཟིལ་བ་ལྔ། །རིགས་ལྔ་བསྒྲུབ་པའི་རྫས་ཡིན་པས། །གཙང་རྨེའི་རྟོག་པ་མེད་པར་བླངས། །བག་མེད་སྨྱོ་ཐབས་མི་བྱ་སྟེ། །དམ་ཚིག་རྫས་སུ་བརྟེན་པར་བྱ། །སྤྱད་པར་བྱ་བའི་དམ་ཚིག་ནི། །སྦྱོར་བ་གཟུངས་མ་མཚན་ལྡན་ལ། །རྩ་འབྱུང་གནས་རླུང་ཆུན་ཐིག་ལེ་དྲོངས། །བདེ་བ་འཕེལ་བའི་དུས་སུ་སྦྱོར། །སྒྲོལ་བ་ཞིང་བཅུའི་དགྲ་བགེགས་ནི། །ཆོས་བྱེད་སྤྱི་དང་སློབ་དཔོན་གྱི། །སྐུ་དགྲ་བྱེད་པའི་དགྲ་བོ་བསྒྲལ། །དམ་ཉམས་དམ་ལོག་དམ་ངལ་འཁུ། །སེམས་ཅན་སྤྱི་ལ་གནོད་པ་བསྒྲལ། །ནོང་གསུམ་ཡང་ཐུགས་རྗེས་བསྒྲལ། །མ་བྱིན་བླངས་པའི་དམ་ཚིག་ནི། །མཚན་ལྡན་གཟུངས་མ་སྐྱེ་བསོ་སྤྱོད། །གསང་སྔགས་ཟབ་མོ་སྣོད་མེད་འཆང་། །བྷནྡྷ་བཟང་པོ་མཆོད་པའི་ཆས། །དེབ་ཟབ་བྱིན་རླབས་ཡོད་པའི་རྫས། །སྣོད་མིན་སྤྱོད་ན་བླང་བར་བྱ། །ཕྱུག་ཅིང་སེར་སྣ་ཆེ་བའི་ནོར། །ཐབས་ཀྱིས་བླངས་ཏེ་སྦྱིན་པ་བཏང་། །སེམས་ཅན་དོན་དུ་འཕགས་པ་མཆོད། །རྫུན་དང་སྨྲ་བའི་དམ་ཚིག་ནི། །གསང་བཅུའི་དམ་ཚིག་བསྲུང་བའི་ཕྱིར། །བརྡའ་དང་རྫུན་སྨྲས་རྣམ་སྨིན་མེད། །འགྲོ་བ་སྐྱོབས་པའི་ཆེད་དུ་སྨྲ། །ཚིག་བརླང་སྨྲ་བའི་དམ་ཚིག་ནི། །ཞིང་བཅུ་སྒྲོལ་ན་དྲག་པོ་སྨྲ། །སློབ་བུའི་སྣོད་བརྟག་སྣ་ཚོགས་སྨྲ། །གཟུངས་མ་མཚན་འདྲེན་པ་ནི། ཐབས་ཀྱི་ཚིག་གིས་སྨྲ་བར་བྱ། དེ་རྣམས་སྤྱད་བྱའི་དམ་ཚིག་གོ། །བསྒྲུབ་པར་བྱ་བའི་དམ་ཚིག་ནི། །རྡོ་རྗེ་རིགས་དང་དེ་བཞིན་རིགས། །རིན་ཆེན་རིགས་དང་པདྨའི་རིགས། །ཕྲིན་ལས་རིགས་སོགས་རྣམ་པ་ལྔ། །ཡེ་ཤེས་ཡིན་པས་བསྒྲུབ་པར་བྱ། །ལོག་པར་རིགས་ཆད་བསྒྲུབ་མི་བྱ། །རིགས་ལྔའི་ལྷ་རྣམས་མི་འབྲལ་བསྒྲུབ། །ལེ་ལོ་གཡེང་བ་རབ་སྤངས་ལ། །མི་འབྲལ་རྩེ་གཅིག་དུང་བས་བསྒྲུབ། །དེ་རྣམ་བསྒྲུབ་བྱའི་དམ་ཚིག་སྟེ། །ཡན་ལག་ཉི་ཤུ་རྩ་ལྔའོ། །ཉམས་པ་སྐོང་ན་སྨན་རག་གཏོར། །དག་པར་བཤམས་ལ་ཚོགས་ཀྱིས་མཆོད། །བརྒྱ་རྩ་གཅིག་གིས་བསྐོང་བར་འགྱུར། །གཞན་ཡང་གསང་རྫོགས་དམ་ཚིག་ལེའུར། །གཞན་ཡང་ཁྱད་པར་དམ་ཚིག་དང་། །བླ་མ་བཀུར་ཞིང་གསུང་མི་བཅག །ཐུན་བཞིའི་རྣལ་འབྱོར་ཡོངས་མི་བྱ། །ལྷ་དང་སྔགས་ལ་ཐེ་ཚོམ་སྤངས། །ཨ་མཆེད་དང་ལྕམ་ལ་གདུང་སེམས་བསྐྱེད། །ཨ་སེམས་ཅན་རྣམས་ལ་སྙིང་རྗེས་བསྐྱངས། །ང་རྒྱལ་རོམ་སེམས་ཞེ་སྡང་དང་། །འདོད་ཆགས་ཕྲག་ཏོག་ཁར་མི་བཏང་། །གསང་སྔགས་ལྟ་སྤྱོད་ཟུང་དུ་སྦྲེལ། །བསྐྱེད་རྫོགས་བརྙེན་བསྒྲུབ་མཐའ་རྒྱུ་བྱུང་། ལེ་ལོ་གཉིད་དང་ཆགས་དབང་སྤངས་ཞེས་སོ། །དེ་ལྟར་མཚན་མའི་དམ་ཚིག་བསྲུང་མཚམས་ཀྱི་དབྱེ་བསྡུས་པའི་སྒོ་ནས་རྣམ་པར་བཞག་པ་ཐམས་ཅད་ཀྱང་དོན་ལ་མཉམ་རྫོགས་ཆེན་པོར་ལ་བཟློ་བ་ནི། དེ་ཉིད་ལས་ཡང་དག་དོན་གྱི་དམ་ཚིག་ཏུ། །འཁོར་འདས་ཆོས་རྣམས་རང་གི་སེམས། །གདོད་ནས་རང་བྱུང་ཆོས་སྐུའི་ངང་། །དེ་ཉིད་ངོས་ན་བསྲུང་ཉམས་ནི། །མི་བསྲུང་བློ་ཡི་དོར་དུ་མེད། །ཉམས་རྐྱོན་ཐོབ་བྱའི་འབྲས་བུ་མེད། །མ་སྤངས་མི་གནས་གཟུང་འཛིན་འདས། །སྐྱེ་མེད་སྙིང་པོ་མི་གཤིགས་དམ། །མུ་སྟེག་བདག་ཏུ་འཛིན་པས་ཚིག །སྔ་རབ་འདས་པའི་སངས་རྒྱས་ཀྱང་། །དམ་ཚིག་དག་ལ་བརྟེན་ཏེ་རྒྱས། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་། །དམ་ཚིག་འདི་ལ་རབ་ཏུ་གནས། །མ་འོང་འབྱོན་པའི་སངས་རྒྱས་ཀྱི། །དམ་ཚིག་འདི་ལ་བརྟེན་ཏེ་རྒྱས། །ཞེས་འགགས་བསྡམ་པ་ལྟར། གཞི་མ་རྨིན་པ་སྨིན་པར་བྱེད་པ་ལ་དབང་བསྐུར་དགོས། དབང་བརྟན་པར་བྱེད་པ་ལ་དམ་ཚིག་བསྲུང་དགོས། དེའི་ཕྱིར་གསང་སྔགས་ནས་བཤད་པའི་དམ་ཚིག་མཐའ་དག་བསྲུང་ཞིང་ཁྱད་པར་རྩ་བ་སྐུ་གསུང་ཐུགས་ཡན་ལག་ཉི་ཤུ་རྩ་ལྔ་བྱེ་བྲག་གི་ཉི་ཤུ་ལ་སོགས་པ་མཐའ་དག་ཉིས་པ་མེད་པར་མ་བསྲུང་ན་གནས་སྐབས་ཀྱི་བདེ་འབྲས་བརླག་ཅིང་མཐར་ཐུག་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམ་དུ་གྱུར་ཏེ་རྡོ་རྗེའི་དམྱལ་བ་ནས་ཐོན་པའི་གོ་སྐབས་མེད་པ་ཡིན་པས་བླང་དོར་ཚུལ་བཞིན་དུ་བྱའོ་སྙམས་པས་འདིའི་རྗེས་ཟློས་མཛོད། རྩ་བ་སྐུ་གསུང་ཐུགས་མཆོག་དང་། ཡན་ལག་དམ་ཚིག་ཉི་ཤུ་ལྔ། །མེད་དང་གཅིག་པུ་ཕྱལ་བ་སོགས། །ཆོ་ག་བཞིན་དུ་བསྲུང་བར་བགྱི་ལན་གསུམ། བཀའ་དྲིན་གཏང་རག་གི་ཡོན་དུ་མནྜལ་ཕུལ་བར་ཞུ། སླར་ཡང་ལུས་ལོངས་སྤྱོད་བླ་མའི་ཕྱོགས་སུ་བསྔོ་བ་ནི་དམ་ཚིག་གི་ཐ་ཚིག་ཡིན་པས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་བཀའ་རྩལ་བ། སོགས་ནས་སྤྱད་དུ་གསོལ། ལན་གསུམ་གྱི་རྗེས་ལ་དགེ་བ་བསྔོ། གསུམ་པ་རྗེས་ཀྱི་ལས་འགྲེང་ནི་ཚོགས་འཁོར་བསྐོར་རྡོ་རྗེའི་ཀླུ་གར་བྱ། གཏང་རག་དང་དངོས་གྲུབ་བླངས། རྡུལ་ཚོན་ཡིན་ན་ཨ་ཀཱ་རོས་བསྡུ་ཞིང་ཆུ་ཀླུང་ལ་གཤེགས། རས་བྲིས་ལ་བསྟན་བཞུགས་བྱ། བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་པ་ཀོར་སྤྱི་ལྟར་བྱའོ། དེ་ལའང་རང་བཞིན་བརྒྱལ་ལྡན་གྱི་རྡོ་རྗེ་སློབ་དཔོན་དག་ལ་ནི། ཡི་གེ་འདི་ཙམ་ཀྱིས་མཚོན་ལ། གཞན་དུ་ཀློང་དུ་མ་གྱུར་བའི་གང་ཟག་རྣམས། མ་ལ་ནི་མདོ་སྔགས་གྱིས་ལམ་སྤྱི་དང་བྱེ་བྲག་པ་དབང་སྒྲོམ་ནས་ཁོང་དུ་ཆུང་བའི་རྐལ་བ་ཅན་ཉུང་བས། རང་དང་སློབ་མའི་དངོས་གྲུབ་ཀྱི་གོང་དུ་འགྱུར་ཕྱིར་མདོ་རྒྱུད་སེམས་གསུམ་གྱི་རྒྱུད་སྡེའི་གནས་ལ་ངེས་པ་རྫོགས་པར་མ་ནུས་ཀྱང་ཁོ་བོས་བྱིས་པའི་གྲོལ་ཐིག་གི་དབང་ཆོག་མཁྱེན་དགོངས་རྒྱན་ལས་སྤྱི་དོན་ཤེས་པར་བྱ་བ་ཁོ་ནའོ། །ཞེས་གསུང་བ་ལྟར་རོ། །འདིར་སྨྲས་པ། རྒྱལ་བསྟན་ལྔ་བརྒྱ་ཐ་མའི་སྨག་རུམ་དུ། ཀློང་ཆེན་སྙིང་ཐིག་འོད་ཟེར་འབུམ་ལྡན་ལས། འདྲེན་མཛད་རྟ་བ་བདུན་མཁྱེན་འོད་ཟེར་ཞབ། བདག་གཅུག་བདེ་ཆེན་འཁོར་ལོ་འབྲལ་མེད་རོལ། །དམ་པ་མཆོག་དེའི་ཐུགས་རྗེའི་ལྕག་ཀྱུ་ཡི། ནམ་ཡང་མི་གཏོང་སློབ་འབངས་བགྲངས་ཡས་ནས། དད་དམ་ནོར་བུ་གཙུག་ཏུ་རྒྱུན་འཆང་བའི་རྣལ་འབྱོར་དམ་པ་པདྨ་ཀུན་བཟང་དང་། རང་གི་ཉེ་གནས་ཆུང་ནས་བསྐྱངས་པའི་བུ། དམ་ལྡན་དྷརྨཱ་ཀི་དྷིའི་ནན་བསྐུལ་ངོར། བྱ་བྲལ་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས། རིག་འཛིན་འདུས་པའི་རང་གཞུང་དབང་བཀོད་བཞིན། དབང་ཆོག་རྒྱས་པའི་ལུགས་སུ་དཀྲལ་བ་ལ། ལྷན་ཐབས་ལྷ་དབང་མཐའ་རྟེན་དང་བཅས་པ་རྒྱན་གྱི་མེ་ཏོག་ཇི་བཞིན་མཛེས་པའི་གཟུགས། དམ་པ་གསུམ་གྱིས་ཟིན་བཞིན་སྤེལ་བའི་དགོས། འགྲེལ་ཐོག་རྣམ་མཁྱེན་གེ་སར་དབུགས་དབྱུག་ཐོག །ཅེས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ནང་སྒྲུབ་རིག་འཛིན་འདུས་པའི་རྩ་དབང་རྒྱལ་ཐབས་སྤྱི་བླུགས་ཅུང་ཟད་རྒྱས་པའི་ལུགས་སུ་དཀྲལ་བ་འདི་ཉིད་སྔ་འགྱུར་བསྟན་པའི་རྒྱ་མཚོ་ཆར་གྱི་བསྐྱོད་པ་ལྟར་རྒྱས་པའི་སྒྱུར་གྱུར་ཅིག །དགེའོ།


previousཀློང་ཆེན་སྙིང་གི་ཐིག་ལེའི། རྩ་དབང་རྒྱལ་ཐབས་སྤྱི་བླུགས་ཆོག་འགྲིགས་སུ་བཀོད་པ་མཁྱེན་བརྩེའི་ཞལ་ངོམ།next