Nitartha Digital Library
Tibetan
རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་གྱི་གསུང་འབུམ།


   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲང་སྲོང་ཆེན་པོར་ཧུ་ལའི་གསོལ་མཆོད་ཕྲིན་ལས་མྱུར་བསྐུལ་གནམ་ལྕགས་ཐོག་བལ།


 
previousདྲང་སྲོང་ཆེན་པོར་ཧུ་ལའི་གསོལ་མཆོད་ཕྲིན་ལས་མྱུར་བསྐུལ་གནམ་ལྕགས་ཐོག་བལ།no next

དྲང་སྲོང་ཆེན་པོར་ཧུ་ལའི་གསོལ་མཆོད་ཕྲིན་ལས་མྱུར་བསྐུལ་གནམ་ལྕགས་ཐོག་བལ།

དྲང་སྲོང་ཆེན་པོར་ཧུ་ལའི་གསོལ་མཆོད་ཕྲིན་ལས་མྱུར་བསྐུལ་གནམ་ལྕགས་ཐོག་བལ་ཞེས་བྱ་བ་བཞུགས་སོ། །ཧཱུཾ། མཆོག་ཏུ་མི་འགྱུར་བདེ་ཆེན་ཧེ་རུ་ཀཿ རྣམ་ཀུན་མཆོག་ལྡན་བདག་མེད་ཡུམ་ཆེན་མོའི། །སྒྱུ་མའི་སྲས་ཆེ་གེ་མོ་ཡེ་ཤེས་རཱ་ཧུ་ལ། །གནས་འདིར་གཟུགས་ཀྱི་སྐུ་རུ་སྣང་པར་མཛོད། །ཞི་བའི་དབྱིངས་སུ་བཅོམ་ལྡན་རྡོ་རྗེ་འཛིན། །སྲིད་པའི་ཁམས་ན་འཇིགས་བྱེད་རཱ་ཡུ་ལ། །མ་རུང་འཇོམས་བྱེད་དབུ་དགུ་སྤྱན་སྟོང་རྔམས། །འབོད་པའི་གནས་འདིར་དམ་ཚིག་དབང་གི་བྱོན། །ཁྱོད་ནི་ཡེ་ནས་རྣམ་གྲོལ་སར་གནས་ཀྱང་། །དགྲ་དཔུང་བརླག་ཕྱིར་དྲགས་པའི་སྐུར་བསྟན་ཚེ། །བདེ་གཤེགས་རིན་ཆེན་སྙིང་པོ་ཤཀྱའི་རྒྱལ། །རྡོ་རྗེ་འཛིན་དབང་པདྨ་ཐོད་ཕྲེང་གིས། །བཀའ་བསྒོས་དམ་བཞག་དམ་ཚིག་ཉེར་དགོངས་ལ། །བསྟན་དང་འགྲོ་ལ་གནོད་པའི་དགྲ་བགེགས་སྤྱི། །ཁྱད་པར་སྣོར་བདག་ལ་འཚེའི་རིགས། །བརླག་ཕྱིར་སྐད་ཅིག་ཡིད་ཀྱིས་གནས་འདིར་གཤེགས། །དུར་ཁྲོད་དགྲ་བགེགས་གདན་ལ་དགྱེས་པར་བཞུགས། །ཕྱི་ནང་གསང་བའི་རྟེན་རྫས་བསྒྲུབ་རྫས་དང་། །མཆོད་པའི་རྫས་རྣམས་མ་ལུས་ཇི་སྙེད་ཀྱིས། །ཁྱེད་མཆོད་ཐུགས་དམ་བསྐང་ལ་དགྲ་བགེགས་སྒྲོལ། །ད་དུས་སྙིགས་མ་ལྔ་བདོའི་མར་གཤམ་འདིར། །རྣལ་འབྱོར་མགོན་མེད་དགྲ་ཡིས་བརྙེས་གྱུར་ན། །ཁྱེད་མཆོད་མཐུ་རྩལ་མངོན་སུམ་བསྟན་ནས་སུ། །དགྲ་སྡེ་འཇོམས་པར་མདོག་གི་རཱ་ཧུ་ལ། །སྔགས་བདག་ཉིད་འཆི་སྲོག་ལ་ཐུག་ཀྱང་། །ཁྱེད་ཉིད་མི་བརྗེད་དམ་ཚིག་གཉན་བསྲུང་ན། །བདག་ཉིད་ཡལ་བར་འདོར་རམ་རཱ་ཧུ་ལ། །བསྐུལ་ལོ་བསྐུལ་ལོ་གནམ་ལྕགས་ཐོག་དབལ་བཞིན། །ཕྲིན་ལས་དྲག་པོའི་དགྲ་བགེགས་རྡུལ་དུ་རློག །ཡང་ཡང་མཆོད་ན་སྲིན་པོ་སྲིན་མོ་ཡང་། །ཕ་མ་བཞིན་དུ་བྱམས་ཞིང་གྲོགས་བགྱིད་ན། །དྲོད་ཁྱོད་བརྟེན་འབྲས་བུ་མེད་དམ་ཅི། །མངོན་སྤྱོད་ཕྲིན་ལས་དགྲ་བགེགས་མྱུར་དུ་སྒྲོལ་མེ། །མགོན་མེད་བདག་གི་མགོན་མཛོད་ར་ཧུ་ལ། །སྐྱབས་མེད་བདག་གི་སྐྱབས་མཛོད་ར་ཧཱུ་ལ། །གྲོགས་མེད་བདག་གི་གྲོགས་མཛོད་རཱ་ཧཱུ་ལ། །བཅོལ་བའི་ཕྲིན་ལས་ཐམས་ཅད་མྱུར་འགྲུབ་མཛོད། །ཅེས་དྲོང་ཆེན་པོ་རཱ་ཧུ་ལའི་གསོལ་མཆོད་ཕྲིན་ལས་མྱུར་བསྐུལ་གནམ་ལྕགས་ཐོག་དབལ་ཞེས་བྱ་བ་འདི་ནི་སྔགས་འཆང་མཐུ་སྟོབས་རྡོ་རྗེ་བསྐུལ་ངོར་ལྟར། ༧ རྣལ་འབྱོར་བ་འཇིགས་མེད་ཕྲིན་ལས་འོད་ཟེར་དཔལ་འབར་གྱི་ཐོལ་བྱུང་དུ་བྲིས་པའི་དགེ་བའི་སྔ་འགྱུར་བསྟན་ལ། གནོད་པའི་དགྲ་དཔུང་འཇོམས་པའི་རྒྱུར་གྱུར་ཅིག །དགེའོ།། །།


previousདྲང་སྲོང་ཆེན་པོར་ཧུ་ལའི་གསོལ་མཆོད་ཕྲིན་ལས་མྱུར་བསྐུལ་གནམ་ལྕགས་ཐོག་བལ།no next