Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པའི་རྒྱུད་ལས། །རྟོགས་པ་བརྗོད་པ་དང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པའི་རྒྱུད་ལས། །རྟོགས་པ་བརྗོད་པ་དང་པོ།next

བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པའི་རྒྱུད་ལས། །རྟོགས་པ་བརྗོད་པ་དང་པོ།

སྟོན་པ་ཐམས་ཅད་མཁྱེན་པའི་སྐྱེས་རབས་ཕྲེང་། །བཅུ་ཕྲག་གསུམ་དང་བཞི་ནི་དཔའ་བོའི་སྟེ། །ཕྱི་ནས་རང་བྱུང་རྡོ་རྗེས་བདུན་ལྷག་པའི། །དྲུག་ཅུས་བརྒྱ་རྩ་རྫོགས་པར་མཛད་པ་བཞུགས།

རྒྱ་གར་སྐད་དུ། ཛཱ་ཏ་ཀ་མཱ་ལཱ། བོད་སྐད་དུ། སྐྱེས་པའི་རབས་ཀྱི་རྒྱུད། བམ་པོ་དང་པོ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡོན་ཏན་དམ་པས་ཡོངས་བཟུང་བཀྲ་ཤིས་བ། གྲགས་པའི་གཞིར་གྱུར་མ་རྨད་ཤིན་ཏུ་ཡིད་དུ་འོང་། ཐུབ་པའི་སྐུ་ཚེ་སྔ་མའི་སྤྱོད་པ་རྨད་བྱུང་རྣམས། བདག་གི་སྙན་ངག་མེ་ཏོག་སྙིམ་པས་གུས་པར་མཆོད། གྲགས་པའི་མཚན་མར་གྱུར་པ་བཟང་པོ་འདི་རྣམས་ཀྱིས། བདེ་བར་གཤེགས་གྱུར་ལམ་རྣམས་གང་ཡིན་བསྟན་པར་འགྱུར། ཡིད་ལ་དད་པ་མེད་པ་རྣམས་ཀྱང་དད་པར་འགྱུར། །ཆོས་དང་ལྡན་པའི་གཏམ་གྱིས་རབ་ཏུ་དགའ་བར་འགྱུར། འཇིག་རྟེན་མཆོག་གི་སྤྱོད་པ་དམ་པའི་ཕྱོགས་ཙམ་གྱིས། བདག་གི་སྙན་དངགས་མཉན་དུ་རུང་བར་བྱ་བའི་ཕྱིར། །ལུང་དང་གཙུག་ལག་རིགས་པར་མི་འགལ་ལམ་དག་གིས། དེ་ལྟར་འཇིག་རྟེན་དོན་འགྱུར་སྙམ་ནས་འདི་བརྩམས་སོ། །རང་དོན་བརྩོན་པས་གཞན་དོན་བརྩོན་པ་གང་ཡིན་པའི། །ཡོན་ཏན་སྒྲུབ་པ་བཟང་པོའི་རྗེས་སུ་མཐུན་མ་གྱུར། །ཐམས་ཅད་མཁྱེན་ཅེས་བརྗོད་པ་མ་ནོར་གསལ་བར་གྲགས། །མཉམ་མེད་དེ་དང་ཆོས་དང་དགེ་འདུན་སྤྱི་བོས་འདུད། །བཅོམ་ལྡན་འདས་དེ་སྐུ་ཚེ་སྔ་མ་ལའང་སེམས་ཅན་ཐམས་ཅད་ལ་རྒྱུ་མེད་པར་རབ་ཏུ་བྱམས་པའི་ངོ་བོ་ཉིད་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ལ་སེམས་རབ་ཏུ་དང་བར་བྱའོ། །དེ་ཡང་འདི་སྐད་ཐོས་སོ། །བདག་ཅག་གི་བླ་མ་དཀོན་མཆོག་གསུམ་བླ་མར་བྱེད་པ། བསྒྲུབ་པའི་ཡོན་ཏན་རྣམས་ཀྱིས་བླ་མ་མགུ་བར་བྱས་པ། ཡོན་ཏན་གྱི་ཚོགས་ཀྱིས་བླ་མར་གྱུར་པ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱི་སྐུ་ཚེ་སྔ་མའི་རྟོགས་པ་བརྗོད་པ་འདི་དག་ཡོངས་སུ་བསྒྲགས་པ་རྗེས་སུ་ཐོས་ཏེ། བྱང་ཆུབ་སེམས་དཔའ་ཡི་དམ་བཅས་པ་ཁྱད་པར་ཅན་དང་མཐུན་པར་གྱུར་པ། སྦྱིན་པ་དང་། ཚིག་སྙན་པ་དང་། དོན་སྤྱོད་པ་ལ་སོགས་པ་ཤེས་རབ་ཀྱིས་ཡོངས་སུ་ཟིན་པས། སྐྱོན་མེད་ཅིང་སྙིང་རྗེའི་རྒྱུ་མཐུན་པ་རྣམས་ཀྱིས་འཇིག་རྟེན་ཡོངས་སུ་འཛིན་པ་ན། རང་གི་ཆོས་ལས་མངོན་པར་དགའ་བ་ལས་གྱུར་པའི་གཙང་སྦྲ་དང་། སྤྱོད་པ་དང་ལྡན་པའི་བྲམ་ཟེའི་རིགས་ཆེན་པོ་ཇེ་མཐོ་ཇེ་མཐོར་གྱུར་པ་ཞིག་ཏུ་སྐྱེ་བ་ཡོངས་སུ་བཟུང་བར་གྱུར་ཏོ་ཞེས་གྲག་གོ །དེ་སྐྱེས་པའི་ལས་བྱ་བ་ལ་སོགས་པས་སྦྱང་པ་རིམ་བཞིན་དུ་བྱས་ཤིང་མངོན་པར་མཐོ་བར་སྐྱེས་པ་ན། རང་བཞིན་གྱིས་ཡིད་གཞུངས་པ་དང་། མགོན་སྐྱབས་ཀྱི་ཁྱད་པར་དང་། ཤེས་པ་ཆེད་ཆེར་འཛིན་པ་དང་། ལེ་ལོ་མེད་པས་རིང་པོ་མ་ཐོགས་པར་རིག་པའི་གནས་བཅོ་བརྒྱད་དང་། བདག་གི་རིགས་དང་མི་འགལ་བའི་རྒྱུ་རྩལ་རྣམས་ལ་སློབ་དཔོན་གྱི་གོ་འཕང་ཐོབ་པར་གྱུར་ཏོ། །རིག་བྱེད་ཤེས་ལ་དེ་ནི་ཚངས་པ་བཞིན། རྒྱལ་པོ་རྣམས་ཀྱིས་བཀུར་བ་རྒྱལ་པོ་བཞིན། སྐྱེ་དགུ་རྣམས་ལ་བརྒྱ་བྱིན་མངོན་སུམ་བཞིན། །ཤེས་འདོད་རྣམས་ལ་དོན་སྤྱོད་ཕ་དང་འདྲ། །དེ་སྐལ་བ་དང་ལྡན་ཞིང་ཡོན་ཏན་ཁྱད་པར་ཅན་དུ་གྱུར་པས། རྙེད་པ་དང་། བཀུར་སྟི་དང་། གྲགས་པའི་ཁྱད་པར་རྣམས་རབ་ཏུ་བྱུང་བར་གྱུར་ཏོ། །བྱང་ཆུབ་སེམས་དཔའ་དེ་བློ་ཆོས་ལ་གོམས་པར་སྒོམ་པ་དང་། རབ་ཏུ་བྱུང་བ་ལ་འདྲིས་པར་བྱས་པས། དེ་ལ་མངོན་པར་དགའ་བར་མ་གྱུར་ཏོ། །སྔོན་གྱི་སྤྱོད་པས་དེ་བློ་ཡོངས་སུ་དག །འདོད་པ་རྣམས་ལ་སྐྱོན་མང་མཐོང་ནས་ནི། །ཁྱིམ་ན་གནས་པ་ནད་བཞིན་ཡོངས་སྤངས་ནས། །ནགས་ཚལ་གནས་ཤིག་རབ་ཏུ་བརྒྱན་པར་གྱུར། །དེ་ནི་དེར་ཡང་ཆགས་མེད་དེ་ཡིས་སུ། །ཤེས་རབ་ཡོངས་སུ་སྦྱངས་ཤིང་ཞི་བ་ཡིས། །མི་ཡི་འཇིག་རྟེན་དམ་པའི་སྤྱོད་བྲལ་བ། །ངན་པར་སྤྱོད་ལ་ཆགས་པ་བཟློག་པ་བཞིན། །དེ་ཡིས་རང་བཞིན་བྱམས་པའི་བདག་ཉིད་ཀྱིས། །རྣམ་པར་བརླན་པ་བཞིན་དུ་སེམས་མཐུན་ཞིང་། །ཕན་ཚུན་གནོད་པ་མེད་པའི་སེམས་གྱུར་ནས། །དཀའ་ཐུབ་ཅན་བཞིན་གཅན་ཟན་ཁྲོ་བོའང་སྤྱོད། །སྤྱོད་པ་དག་ཅིང་དབང་པོ་དུལ་བ་དང་། །ཆོག་ཤེས་ལྡན་ཞིང་སྙིང་རྗེའི་ཡོན་ཏན་གྱིས། །འཇིག་རྟེན་དག་ན་སྐྱེ་བོ་མ་འདྲིས་པའང་། གཞན་ལ་དེ་བྱམས་བཞིན་དུ་དེ་ལ་བྱམས། འདོད་པ་ཆུང་ལ་ངན་གཡོ་མི་ཤེས་ཤིང་། །རྙེད་དང་གྲགས་དང་བདེ་ལ་མ་ཆགས་བས། །དེ་ནི་ལྷ་རྣམས་ཡིད་ཀྱང་མགུ་གྱུར་ནས། །དང་ཞིང་གུས་ལ་རབ་ཏུ་གཞོལ་བར་བྱེད། །དེ་ན་རབ་ཏུ་བྱུང་བར་མིས་ཐོས་ཏེ། དེ་ཡི་ཡོན་ཏན་རྣམས་ཀྱིས་སེམས་དྲངས་ནས། །གཉེན་དང་ཡོངས་སུ་བཟུང་བ་རྣམ་སྤངས་ཏེ། དགོས་སྒྲུབ་བཞིན་དུ་དེ་ཡི་སློབ་མར་གྱུར། །ཚུལ་ཁྲིམས་གཙང་སྦྲ་དབང་པོ་དུལ་བ་དང་། །དྲན་པ་མི་ཉམས་རབ་ཏུ་དབེན་པ་དང་། །བྱམས་ལ་སོགས་དང་ཡིད་ནི་ཏིང་འཛིན་ལ། །དེ་ནི་སློབ་མ་རྣམས་ལ་ཅི་ནུས་སྟོན། །དེ་ནས་བདག་ཉིད་ཆེན་པོ་དེ་རེ་ཤིག་ཅིག་ན་སློབ་མའི་ཚོགས་རྣམས་ནི་ཕལ་ཆེར་ཡོངས་སུ་རྫོགས་ཤིང་རྒྱ་ཆེར་གྱུར། དགེ་བའི་ལམ་ལ་ནི་རབ་ཏུ་བཀོད། འཇིག་རྟེན་པ་རྣམས་ནི་ངེས་པའི་ལམ་དམ་པ་ལ་བཙུད། །ངན་སོང་གི་སྒོ་ནི་བཅད་པ་བཞིན་དུ་བྱས། བདེ་འགྲོའི་ལམ་ནི་ལམ་པོ་ཆེ་བཞིན་དུ་བྱས་ནས། །ཚེ་འདི་ལ་བདེ་བ་སྤྱད་པའི་ཕྱིར། །དེའི་ཚེ་རྗེས་སུ་མཐུན་པའི་སློབ་མ་མ་ཕམ་པ་དང་འགྲོགས་ཏེ། རྣལ་འབྱོར་དང་རྗེས་སུ་མཐུན་པའི་གནས་རིའི་སུལ་སྨན་ལྗོངས་ཤིག་ཏུ་གནས་ཤིང་སྤྱོད་དོ། །དེ་ནས་རི་ཁྲོད་དེ་ན་ནི། སྟག་མོ་ཕྲུ་གུ་བགྲངས་པ་ཞིག །ཕྲུ་གུ་བགྲངས་པའི་སྡུག་བསྔལ་གྱིས། །སྤྱོད་པ་ཉམས་པར་གྱུར་པ་མཐོང་། །མིག་གཉིས་བལྟ་བ་ཞན་པར་གྱུར། །བཀྲེས་པས་ལྟོ་བ་རབ་ཏུ་རྙོང་། །ཕྲུ་གུ་བདག་གི་བུ་ཡིན་ཡང་། །ཁ་ཟས་བཞིན་དུ་བལྟ་བར་གྱུར། །མ་ལ་ཡིད་གཅུགས་འཇིགས་མེད་ཅིང་། །ནུ་བོ་འདོད་ཕྱིར་ལྷགས་པ་ལ། །སྟག་སྐད་ཉེར་ཉེར་སྒྲ་འབྱིན་ཅིང་། །གཞན་གྱི་བུ་བཞིན་སྤོང་བར་གྱུར། །བྱང་ཆུབ་སེམས་དཔས་དེ་མཐོང་ནས། བརྟན་ཡང་སྙིང་རྗེའི་དབང་གྱུར་པས། །ས་གཡོས་པ་ཡི་ལྗོན་ཤིང་བཞིན། །གཞན་གྱི་སྡུག་བསྔལ་གདུངས་པས་འདར། །བདག་གི་སྡུག་བསྔལ་ཆེན་པོས་ཀྱང་། །སྙིང་རྗེའི་བདག་ཉིད་བརྟན་པ་གསལ། །གཞན་གྱི་སྡུག་བསྔལ་ཆུང་ངུས་ཀྱང་། །འདར་བར་གྱུར་པ་དེ་རྨད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་རྟབས་ཤིང་རིངས་རིངས་སྐད་དུ་སྨྲ་བའི་ཚིག་རང་བཞིན་ཁྱད་པར་ཅན་གསལ་བར་སྟོན་པ། །སྙིང་རྗེའི་དབང་གིས་ཚིག་འབྲུ་གསལ་བར་སློབ་མ་ལ་སྨྲས་པ། བུ་བུ་འཁོར་བ་ཡོན་ཏན་མེད་ལ་ལྟོས། །གཅན་ཟན་མོ་འདི་ལྟོགས་ནས་སུ། །བྱམས་པའི་མཚམས་ལས་འདས་ནས་ནི། །བདག་གི་བུ་ཡང་ཟ་བར་འདོད། །ཀྱེ་མ་བདག་ལ་བྱམས་པ་འདི། ཧ་ཅང་མ་འོས་མི་བཟད་དོ། །གང་ཕྱིར་མ་ཡང་བདག་གི་བུ། །ཟ་བར་འདོད་པ་ག་ལ་སྲིད། །གང་ཕྱིར་འདི་འདྲའི་ལས་དག་ཀྱང་། །བྱེད་པར་རྩོམ་པ་བདེ་ལྟ་བུའི། །བདག་ལ་བྱམས་པའི་དགྲ་བོ་དེ། །འཕེལ་བར་བྱེད་པ་སུ་ཞིག་ཡོད། །དེ་བས་ན་སྟག་མོ་དག་དང་ཕྲུ་གུ་རྣམས་མ་རུང་པར་མ་གྱུར་པར་འདི་བཀྲེས་པའི་སྡུག་བསྔལ་བསལ་བའི་རྒྱུ་གང་ཞིག་ནས་མྱུར་དུ་ཚོལ་ཅིག །བདག་ཀྱང་འདིའི་ཐུབ་ཆོད་འདི་ལས་བཟློག་པའི་ཕྱིར་འབད་དོ། །དེས་ཀྱང་དེ་མཉན་ཏེ། །དེ་བཞིན་དུ་བགྱིའོ་ཞེས་ནས། །དེའི་ཟས་ཚོལ་བ་ལ་འབད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་སློབ་མ་དེ་བསྙད་བཏགས་ཏེ་བཏང་ནས་བསམས་པ། བདག་གི་ལུས་འདི་ཚང་བར་ཡོང་བཞིན་དུ། །ཅི་ཕྱིར་གཞན་ལས་ཤ་ནི་བཙལ་བར་བྱ། །དེས་ཀྱང་རྙེད་དམ་མི་རྙེད་གཏོལ་མེད་ལ། །བདག་གི་དགོས་པ་འདི་ཡང་མི་འགྲུབ་སྲིད། །གཉིས་སུ་ན། བདག་མེད་འཇིག་ལ་སྙིང་པོ་མེད་པའི་ལུས། །སྡུག་བསྔལ་དྲི་མེད་རྟག་ཏུ་མི་གཙང་བའི། །ལུས་ཀྱིས་གཞན་ལ་ཕན་འདོགས་འགྱུར་བ་ལ། །དཀའ་བར་མི་འགྱུར་དེ་ནི་མཁས་མ་ཡིན། །བདག་གི་བདེ་ལ་ཆགས་ནས་གཞན་དག་གི །སྡུག་བསྔལ་ཡལ་བར་འདོར་བ་མཐུ་མེད་དམ། །གཞན་དག་སྡུག་བསྔལ་དག་ལ་བདེ་བ་མེད། །ནུས་པ་ཡོད་བཞིན་ཅི་སྟེ་ཡལ་བར་འདོར། །ནུས་པ་ཡོད་བཞིན་བདག་གིས་ཡལ་བོར་ན། །གསོད་པའི་དགྲ་ཡང་སྡུག་བསྔལ་བྱིང་བ་ལ། །ཡལ་བར་བོར་ན་སྡིག་པ་བྱས་པ་བཞིན། །བདག་གི་སེམས་ནི་འདམ་བུ་མེས་ཚིག་བཞིན། །དེ་བས་ལུས་ཀྱིས་བསྲུང་བར་བྱ་བ་ནི། །གཡང་སར་ལྷུང་ལ་ཐུག་པའི་སྲོག་ཡོད་པས། །ཕྲུ་གུ་གསོད་ལས་གཅན་མོ་བསྲུང་བ་དང་། །གཅན་མོ་ལས་ཀྱང་དེ་ཡི་ཕྲུ་གུ་བསྲུང་། །གཞན་ཡང་། འཇིག་རྟེན་ཕན་བརྩོན་རྣམས་ལ་བསྟན་པ་དང་། །བརྩོན་འགྲུས་ཞན་ལ་སྤྲོ་བ་བསྐྱེད་པ་དང་། །གཏོང་ཕོད་རྣམས་ནི་དགའ་བ་བསྐྱེད་པ་དང་། །སྐྱེ་བོ་དམ་པའི་ཡིད་ནི་དྲང་བ་དང་། །བདུད་ཀྱི་སྡེ་ཆེན་དཔའ་ནི་བསྐོང་བ་དང་། །སངས་རྒྱས་ཡོན་ཏན་དགའ་བ་དང་བ་དང་། །བདག་གི་དོན་བརྩོན་ངོ་ཚ་བསྐྱེད་པ་དང་། །འཇུངས་དང་འདོད་ཆེན་ཅན་ཡང་ངོ་ཚ་བསྐྱེད། །ཐེག་པ་མཆོག་ལ་བརྟེན་པ་དད་བསྐྱེད་ཅིང་། །གཏོང་བ་སྙེམས་པ་ངོ་མཚར་བསྐྱེད་པ་དང་། །གཏོང་ལ་དགའ་བ་རྗེས་སུ་ཡི་རང་རྣམས། །མཐོ་རིས་ལམ་ཆེན་རྣམ་པར་སྦྱང་ཕྱིར་རོ། །ལུས་ཙམ་གྱིས་ཀྱང་གཞན་ལ་ཕན་ཐོག་པར། །ནམ་ཞིག་འགྱུར་ཞེས་བདག་གིས་གང་བསམས་པ། །སྨོན་ལམ་དེ་ནི་འབྲས་བུ་ཡོད་པར་བྱ། །བྱང་ཆུབ་མཆོག་ཀྱང་རབ་ཏུ་ཉེ་བར་བྱ། །འགྲན་ཕྱིར་མ་ཡིན་གྲགས་པ་འདོད་ཕྱིར་མིན། །མཐོ་རིས་འདོད་དང་རྒྱལ་སྲིད་བསྒྲུབ་ཕྱིར་མིན། །བདག་གི་བདེ་བ་མཆོག་ཐོབ་ཕྱིར་མིན་གྱི། །གཞན་དོན་བསྒྲུབ་ཕྱིར་བདག་ནི་འདི་རྩོམ་མོ། །དེ་བས་བདག་ནི་འདི་ཡིས་དུས་གཅིག་ཏུ། །འཇིག་རྟེན་དག་ལ་སྡུག་བསྔལ་བདེ་འབྱུང་བ། །བསལ་ཞིང་བསྒྲུབ་པ་རྟག་ཏུ་ནུས་གྱུར་ཅིག །ཉི་མས་མུན་བསལ་སྣང་འབྱུང་ནུས་བཞིན་ནོ། །མཐོང་ཞིང་ཐོས་སམ་རྗེས་སུ་དྲན་ཡང་རུང་། རེག་གམ་གཏམ་དུ་བརྗོད་པར་གྱུར་ཡང་རུང་། །རྣམ་པ་ཀུན་དུ་འགྲོ་ལ་ཕན་པ་ནི། །བདེ་དང་ལྡན་པ་རྟག་ཏུ་བྱེད་གྱུར་ཅིག །དེ་ལྟར་གཞན་དོན་བསྒྲུབ་ཕྱིར་ངེས་བྱས་ནས། །སྲོག་དང་བྲལ་ཡང་རབ་ཏུ་དགའ་འགྱུར་ཏེ། །བརྟན་པའི་ལྷ་རྣམས་ངོ་མཚར་སྐྱེ་འགྱུར་བར། །བདག་གི་ལུས་ནི་དེ་ནས་བོར་བར་གྱུར། །དེ་ནས་སྟག་མོ་དེ་བྱང་ཆུབ་སེམས་དཔའ་ལུས་བོར་བའི་སྒྲ་དེ་ཐོས་ཤིང་ངོ་མཚར་སྐྱེས་ནས། །བདག་གི་ཕྲུ་གུ་བཅའ་བ་བཏང་སྟེ། །དེ་ནས་མིག་གཉིས་ཀྱིས་བལྟས་པ་ན། །བྱང་ཆུབ་སེམས་དཔའ་དེའི་ལུས་སྲོག་དང་བྲལ་བ་མཐོང་ནས། །དེ་མ་ཐག་ཏུ་ཉེ་བར་འོངས་ནས་བཟའ་བར་བརྩམས་སོ། །དེའི་འོག་ཏུ་དེའི་སློབ་མ་དེས་ཤ་མ་རྙེད་པར་སླར་འོངས་ཏེ། །མཁན་པོ་གང་ན་བཞུགས་སྙམ་ནས་བལྟས་པ་ན། །བྱང་ཆུབ་སེམས་དཔའ་དེའི་ལུས་སྲོག་དང་བྲལ་བ་སྟག་མོ་དེས་ཟ་ཞིང་འདུག་པ་མཐོང་བ་དང་། །དེས་དེའི་སྤྱོད་པ་ཁྱད་པར་ཅན་ངོ་མཚར་ཆེ་བར་བཟུང་ནས། མྱ་ངན་དང་སྡུག་བསྔལ་གྱི་ཤུགས་བཏང་སྟེ། དེའི་ཡོན་ཏན་གྱི་གཞི་ལ་སྨོན་པའི་ཚིག་ཏུ་སྨྲ་བ་བཞིན་དུ་ཡིད་ལ་བསམས་པ་ཚིག་ཏུ་སྨྲས་ན་ལེགས་ཏེ། །ཨེ་མའོ་སྡུག་བསྔལ་ཅན་ལ་འདི་སྙིང་རྗེ། །བདག་ཉིད་ཆེ་བ་བདག་གི་བདེ་མ་ཆགས། །དམ་པ་རྣམས་ཀྱི་སྤྱོད་པ་མཆོག་ཏུ་བྱས། །གཞན་གྱི་དཔལ་དང་གྲགས་པ་ཟིལ་གྱིས་མནན། །ཨེ་མའོ་རབ་ཏུ་དཔའ་ལ་འཇིགས་པ་མེད། །ཡོན་ཏན་གཞི་ལྡན་བྱམས་མཆོག་རྣམ་པར་བརྟན། །ཨེ་མའོ་ཡོན་ཏན་ཆེན་པོས་བདག་གི་ལུས། །ཕྱག་གི་གནས་ཀྱི་ཁྱད་པར་ཅན་དུ་བྱས། །རང་བཞིན་ཞི་བ་ས་གཞི་བཞིན་དུ་བརྟན། །ཨེ་མའོ་གཞན་གྱི་སྡུག་བསྔལ་མི་བཟོད་པ། །ཨེ་མའོ་དཔའ་བ་ཕུན་སུམ་ཚོགས་པ་འདིས། །བདག་གི་སྐྱོན་ནི་རབ་ཏུ་གྲགས་པར་གྱུར། །མགོན་པོ་འདིས་ནི་མགོན་དང་བཅས་བྱས་པས། །ད་ནི་འགྲོ་བ་མྱ་ངན་བྱ་མི་དགོས། །གཞན་གྱི་ཕམ་དུ་དོགས་པའི་བདུད་དག་ཀྱང་། །ད་ནི་ངེས་པར་ཤུགས་ཀྱང་ནར་ཞེས་འབྱིན། །ཡོང་ཡེ་སྐལ་བ་ཆེན་པོ། །སེམས་ཅན་ཐམས་ཅད་ཀྱི་སྐྱབས་སུ་གྱུར་པ། །ཐུགས་རྗེ་ཤིན་དུ་རླབས་ཆེ་བ། །སྙིང་སྟོབས་དཔག་ཏུ་མེད་པ། །བྱང་ཆུབ་སེམས་དཔའི་དོན་ཇི་ལྟ་བ་ཉིད་ལ་ཕྱག་འཚལ་ལོ། །ཞེས་སྨྲས་ནས། དེ་ནས་ངེས་དོན་དེ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་སྦྲན་ཏོ། །དེ་ནས་དེ་ཡི་སྤྱོད་པས་ངོ་མཚར་གྱུར་པའི་སློབ་མ་དང་། །དྲི་ཟ་གནོད་སྦྱིན་ཀླུ་དང་སུམ་ཅུ་རྩ་གསུམ་བདག་པོ་རྣམས། །ཕྲེང་བ་ན་བཟའ་རྒྱན་དང་ཙན་དན་ཕྱེ་མ་ཆར་ཕབ་པས། །དེ་ཡི་སྐུ་གདུང་རིན་ཆེན་འཛིན་པའི་ས་གཞི་ཁེབས་པར་བྱས། །དེ་བས་ན། དེ་ལྟར་བཅོམ་ལྡན་འདས་དེ་སྐུ་ཚེ་སྔ་མ་ལའང་། །སེམས་ཅན་ཐམས་ཅད་ལ་རྒྱུ་མེད་པར་རབ་ཏུ་བྱམས་པའི་རང་བཞིན་ཅན། སེམས་ཅན་ཐམས་ཅད་བདག་གིར་གྱུར་པ་ཡིན་པས། །སངས་རྒྱས་བཅོམ་ལྡན་འདས་ལ་རབ་ཏུ་དང་བར་བྱའོ། །དད་པ་བསྐྱེད་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ལ་དགའ་བ་བསྐྱེད་པར་བྱའོ། །དེ་ལྟ་བས་ན་དེ་ནི་བདག་ཅག་གི་དད་པར་བྱ་བའི་གནས་ཡིན་ནོ། །ཞེས་དེ་ལྟར་ཡང་སྦྱར་བར་བྱའོ། །དེ་ལྟར་ཆོས་ཀྱང་བྱ་དཀའ་བ་མང་པོས་བསྒྲུབས་པ་ཡིན་པའི་ཕྱིར་རིམ་གྲོ་བསྐྱེད་དེ་ཆོས་མཉན་པར་བྱའོ། །དེ་ལྟར་ན་སྙིང་རྗེ་ནི་གཞན་ལ་ཕན་འདོགས་པའི་རྒྱུ་ཡིན་ཞིང་། །ངོ་བོ་ཉིད་ཁྱད་པར་ཅན་བསྒྲུབ་པ་ཡིན་པའི་ཕྱིར་སྙིང་རྗེའི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པའི་རྒྱུད་ལས། །རྟོགས་པ་བརྗོད་པ་དང་པོའོ།། །།


previousབྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པའི་རྒྱུད་ལས། །རྟོགས་པ་བརྗོད་པ་དང་པོ།next