Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
ཡུལ་ཤི་བི་པའི་རྒྱལ་པོར་སྐྱེས་པའི་རབས་ཏེ་གཉིས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡུལ་ཤི་བི་པའི་རྒྱལ་པོར་སྐྱེས་པའི་རབས་ཏེ་གཉིས་པ།next

ཡུལ་ཤི་བི་པའི་རྒྱལ་པོར་སྐྱེས་པའི་རབས་ཏེ་གཉིས་པ།

བཅོམ་ལྡན་འདས་དེས་བྱ་དཀའ་བ་བརྒྱ་ཕྲག་མང་པོས་བདག་ཅག་གི་དོན་དུ། །དམ་པའི་ཆོས་འདི་ཡང་དག་པར་བསྒྲུབ་པའི་ཕྱིར་རིམ་གྲོ་བསྐྱེད་དེ་ཆོས་མཉན་པར་བྱའོ། །དེ་ཡང་འདི་སྐད་ཐོས་སོ། །བཅོམ་ལྡན་འདས་འདི་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། །དཔག་ཏུ་མེད་པའི་དུས་ནས་གོམས་པར་བྱས་པས། །བསོད་ནམས་ཀྱི་ལས་བསགས་ཤིང་འདྲིས་པར་བྱས་པ་དེས། །རེ་ཤིག་ཡུལ་ཤི་བི་པ་རྣམས་ཀྱི་རྒྱལ་པོར་གྱུར་ཏོ་ཞེས་གྲགས་སོ། །དེ་བྱིས་པ་ནས་རྒན་པ་ལ་བསྙེན་བཀུར་བྱེད་པར་དགའ་བ། །དུལ་བ་ལ་རྗེས་སུ་དགའ་བ། རྗེ་བློན་ལ་བྱམས་པ། རང་བཞིན་གྱི་ཡིད་གཞུངས་པས། རིག་པ་དུ་མ་རྟོགས་པས་བློ་རྒྱ་ཆེ་བ། སྤྲོ་བ་དང་། གསང་ཚིག་དང་། གཟི་བྱིན་གྱི་མཐུ་དང་། སྐལ་པ་ཕུན་སུམ་ཚོགས་པས་སྐྱེ་དགུ་རྣམས་བདག་གི་བུ་བཞིན་དུ་སྐྱོང་བར་གྱུར་ཏོ། །དེ་ལ་འཁོར་གསུམ་རྗེས་མཐུན་ཡོན་ཏན་ཚོགས། །ཕན་ཚུན་འགྲན་པ་བཞིན་དུ་གནས་པར་གྱུར། །དངོས་པོ་ཐམས་ཅད་ཡོངས་སུ་རྫོགས་གྱུར་ཅིག །འགའ་ཞིང་འཁྲུག་པས་མཛེས་པ་མེད་མ་གྱུར། །མ་དུལ་འཕྱར་བ་རྣམས་ལ་འཕྱས་འགྱུར་བ། །བླུན་པོ་རྣམས་ནི་རབ་ཏུ་ཕུང་བྱེད་པ། །བདག་ཉིད་ཆུང་ངུ་རྣམས་ནི་མྱོས་འགྱུར་གང་། །དཔལ་དེ་དེ་ལ་མིང་ནི་དོན་བཞིན་འགྱུར། །རང་བཞིན་རྒྱ་ཆེ་སྙིང་རྗེའི་ཡོན་ཏན་ལྡན། །རྒྱལ་པོ་དེ་ནི་ནོར་ལ་དབང་ཡོད་ཕྱིར། །ཕོངས་པ་རྣམས་ནི་འདོད་པའི་དོན་འགྲུབ་པས། །ངོ་ཟུམ་མི་གནག་བཞིན་བཟངས་མཐོང་བས་དགའ། དེ་ནས་རྒྱལ་པོ་དེ་སྦྱིན་པ་ལ་དགའ་བས། །གྲོང་ཁྱེར་གྱི་ཁོ་ར་ཁོར་ཡུག་ཏུ་སྦྱིན་པའི་ཁང་པ་ནོར་དང་། འབྲུ་དང་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པ་བརྩིག་ཏུ་བཅུག་ནས། །བདག་གི་བདག་ཉིད་ཆེ་བ་དང་རྗེས་སུ་མཐུན་པ། རེ་བ་ཇི་ལྟ་བ་བཞིན་དུ་སྐོང་བ། གུས་པ་དང་བཅས་པས་ཡིད་དགའ་བར་བྱེད་པ། །དུས་བཞིན་དུ་འབྱོར་བས་ཡིད་དུ་འོང་བའི་སྦྱིན་པའི་ཆར་རྫོགས་ལྡན་གྱི་དུས་ཀྱི་སྤྲིན་བཞིན་དུ་ཕབ་པར་གྱུར་ཏེ། ཟས་འདོད་པ་རྣམས་ལ་ནི་ཟས། བཏུང་བ་འདོད་པ་རྣམས་ལ་ནི་བཏུང་བ། མལ་ཆ་དང་། སྟན་དང་། གོས་དང་། བཟའ་བ་དང་། བྱུག་པ་དང་། སྤོས་དང་། ཕྲེང་བ་དང་། གསེར་དང་། དངུལ་ལ་སོགས་པ་འདོད་པ་རྣམས་ལ་དེ་དག་ཆར་བཞིན་དུ་ཕབ་པོ། དེ་ནས་རྒྱལ་པོ་དེའི་སྦྱིན་པ་རླབས་པོ་ཆེ་ཐོས་ནས། ཕྱོགས་ཐ་དད་བའི་ཡུལ་ན་གནས་པའི་མི་རྣམས་ཡ་མཚན་ཆེ་ཞིང་སྙིང་དགའ་བར་གྱུར་ཏེ་ཡུལ་དེར་ལྷགས་སོ། །མི་ཡུལ་ཀུན་དུ་ཡིད་ཀྱིས་བརྟགས་ན་ཡང་། གཞན་དུ་བླང་པའི་སྐབས་ནི་མ་རྙེད་ནས། །ཕོངས་བ་རྣམས་ནི་དགའ་ཞིང་དེར་ལྷགས་པ། །ནགས་ཚལ་གླང་པོ་མཚོ་ཆེན་ངོགས་ལྷགས་བཞིན། དེ་ནས་རྒྱལ་པོ་དེ་སྐྱེ་བོ་སློང་བ་ཐོབ་ཏུ་རེ་བས་ཡིད་དགའ་བར་གྱུར་པ། འགྲོན་པོའི་ཆས་སུ་ཞུགས་པས་མི་སྡུག་བར་གྱུར་པ་རྣམས་སོ་སོ་ནས་ལྷགས་པ་དང་། སྐྱེ་བོ་མཛའ་བཤེས་བྱེས་ནས་འོངས་པ་དག །མཐོང་བར་གྱུར་ནས་དགའ་བའི་མིག་དགྲད་བཞིན། སློང་པའི་ཚིག་ནི་གཏམ་སྙན་ཐོས་བཞིན་དགའ། །བྱིན་ནས་དགའ་བ་སློང་བ་བས་ཀྱང་ལྷག །སྦྱིན་པ་ལས་བྱུང་དེ་ཡི་གྲགས་པའི་དྲི། །ཕོངས་པའི་ཚིག་གི་རླུང་གིས་བསྒྲགས་པ་དག །རྒྱལ་པོ་གཞན་གྱི་གྲགས་པ་མེད་བྱས་པ། །སྤོས་ཀྱི་གླང་པོས་གླང་པོ་གཞན་གྱི་བཞིན། །དེ་ནས་རེ་ཞིག་ཅིག་རྒྱལ་པོ་དེ་སྦྱིན་གཏོང་གི་ཁང་པ་རྣམས་ཉུལ་དུ་སོང་སོང་བ་དང་། ཕོངས་པ་རྣམས་རེ་བ་བསྐོངས་པས། །སློང་པའི་སྐྱེ་བོ་འདུ་བ་ཉུང་བར་མཐོང་ནས། །སྦྱིན་པའི་བསོད་ནམས་མི་འཕེལ་བར་གྱུར་བས་མགུ་བར་མ་གྱུར་ཏོ། །དེ་ལ་བརྟེན་ནས་ཕོངས་པ་ཚིམ་པར་གྱུར། །སྦྱིན་ལ་དཔའ་བ་དེ་ནི་སྙིང་མ་ཚིམ། །ཕོངས་པ་རྣམས་ཀྱིས་སློང་བའི་ཚད་དག་གིས། །དེ་ཡི་སྦྱིན་པའི་ཚད་ལ་ཐུབ་མ་གྱུར། །དེས་བསམས་པ། ཕོངས་པ་རྣམས་འཛེམ་པ་མེད་ཅིང་བག་བརྐྱང་སྟེ། །བདག་གི་ལུས་སློང་བ་ཡོད་པའི་སྐྱེས་བུ་དམ་པ་ཡ་རབས་དེ་དག་རེ་སྐྱིད། །ངས་ཉོན་མོངས་པ་ཕོངས་པ་རྣམས་ཚིག་རྩུབ་པོས་བསྡིགས་ཏེ་བསྐྲད་པ་བཞིན་དུ་ནོར་ཙམ་ལའང་བག་བརྐྱང་སྟེ། སློང་མ་ཕོད་པར་གྱུར་ཏོ་སྙམ་མོ། །དེ་ནས་རྒྱལ་པོའི་སྦྱིན་པ་རླབས་པོ་ཆེ། །བདག་གི་ལུས་ལའང་རབ་ཏུ་མ་ཆགས་པར། །སྦྱིན་པར་བྱ་བའི་རྣམ་རྟོག་དེ་རིག་ནས། །བུད་མེད་ཁྱོ་ལ་གདུངས་བཞིན་ས་གཡོས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ས་གཡོས་པས། །རིའི་རྒྱལ་པོ་རི་རབ་རིན་པོ་ཆེའི་འོད་གསལ་བ་གཡོས་པར་གྱུར་པ་དང་། །འདི་ཅི་ཞིག་སྙམ་དུ་རྟོག་པ་སྐྱེས་སོ། །རྒྱལ་པོ་དེའི་རྣམ་པར་རྟོགས་པ་ཁྱད་པར་ཅན་འདི་ལས་ས་གཡོས་པར་གྱུར་པར་རིག་ནས། །སེམས་ལ་ཡ་མཚན་ཆེན་པོར་གྱུར་ཏེ་བསམས་པ། །སྦྱིན་ལ་རབ་ཏུ་དགའ་བའི་ཡིད་ཀྱིས་སུ། །འདི་ནི་རྒྱལ་པོས་གྱི་ནར་རྣམ་བརྟགས་སམ། །བདག་གི་ལུས་ནི་ངེས་པར་སྦྱིན་བྱས་ནས། །འོན་ཏེ་སྙིང་ནས་འབད་དེ་བསགས་པ་ཡིན། །དེ་བས་ན་འདི་རེ་ཤིག་བརྟག་པར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་དེ་བློན་པོའི་ཚོགས་ཀྱིས་བསྐོར་ཏེ་འཁོར་གྱི་ནང་ན་འདུག་ཅིང་། །ཕོངས་པ་རྣམས་ལ་འོས་འོས་སུ། །གང་ཅི་འདོད་ཅེས་བོས་ཏེ། །ནོར་བུ་རིན་པོ་ཆེ་དང་། གསེར་དང་། དངུལ་དང་། ནོར་གྱི་ཚོགས་རྣམས་ནི་ཕྱུང་སྟེ། །དཀོར་གྱི་བླ་རྣམས་ཀྱིས་སྤྱན་བྱས། །གོས་རྣམ་པ་སྣ་ཚོགས་ཀྱིས་བཀང་བའི་གོས་ཀྱི་སྣོད་རྣམས་ནི་ཁ་ཕྱེ། བཞོན་པ་དུལ་བ་རྣམ་པ་སྣ་ཚོགས་ཀྱིས་དྲངས་པའི་ཤིང་རྟའི་ཁྱད་པར་བཟང་པོ་རྣམས་ནི་བསོགས། སྐྱེ་བོ་ཕོངས་པ་རྣམས་ནི་སོ་སོ་ནས་ལྷགས་པ་དང་། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བྲམ་ཟེ་རྒན་པོ་ལོང་བ་ཞིག་གི་གཟུགས་སུ་བསྒྱུར་ནས། །རྒྱལ་པོའི་སྤྱན་སྔར་འོངས་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེ་སྙིང་རྗེ་དང་བྱམས་པས་བསྒོས་པའི་ལྟ་བ་བརྟན་ཞིང་། གསལ་ལ་ཞི་བས་བསུ་བ་བཞིན་འཁྱུད་པ་བཞིན་དུ་བལྟས་པ་དང་། རྒྱལ་པོའི་འཁོར་རྣམས་ཀྱིས་ཅི་འདོད་ཅེས་དྲིས་པ་ན། །མིའི་བདག་པོ་དང་ཉེ་བར་འོངས་ནས། རྒྱལ་བར་གྱུར་ཅིག་ཅེས་བྱ་བའི་ཚིག་གིས་ཤིས་པ་བརྗོད་དེ། །རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །ས་བདག་དམ་པ་ཁྱོད་ཀྱི་སྤྱན་འཚལ་ཕྱིར། །རྒན་པོ་རིང་ནས་མི་མཐོང་བཞིན་དུ་མཆིས། །པདྨའི་སྤྱན་མངའ་སྤྱན་ནི་གཅིག་པུས་ཀྱང་། །འཇིག་རྟེན་བདག་པོ་འཇིག་རྟེན་བགྱི་བ་འགྲུབ། །དེ་ནས་བྱང་ཆུབ་སེམས་དཔའ་ཡིད་ལ་བསམས་ཤིང་སྨོན་པ་རབ་ཏུ་གྲུབ་པས། །རབ་ཏུ་དགའ་ཞིང་སྤྲོ་བར་གྱུར་ཏེ། །ཅི་བྲམ་ཟེ་འདིས་འདི་བདེན་པར་སྨྲས་སམ། འོན་ཏེ་འདི་ལྟ་བུའི་རྟོག་པ་ལ་གོམས་པས། བདག་ཉིད་ཀྱིས་འདི་ལྟར་ཟིན་སྙམ་དུ་རྟོག་པ་སྐྱེས་ནས། ཡིད་ལ་མིག་སློང་བའི་ཚིག་སྙན་པ་ཉན་པར་འདོད་དེ། མིག་ལོང་བ་དེ་ལ་སྨྲས་པ། །བྲམ་ཟེའི་གཙོ་བོ་ང་ལ་མིག་སློང་བར། །སུ་ཡིས་བསྟན་ནས་ཁྱོད་ནི་འདི་རུ་འོངས། །མིག་ནི་རབ་ཏུ་བཏང་དཀའ་ཞེས་གྲགས་པའི། །སྲིད་པ་སུ་ཞིག་ང་ལ་མེད་པར་འགྱུར། །དེ་ནས་བྲམ་ཟེའི་ཆ་ལུགས་སུ་བསྒྱུར་བའི་བརྒྱ་བྱིན་དེས། །རྒྱལ་པོ་དེའི་བསམ་པ་རིག་ནས་སྨྲས་པ། བརྒྱ་བྱིན་འདྲ་བ་བརྒྱ་བྱིན་གྱིས་བསྟན་ནས། །ཁྱོད་ལ་སྤྱན་སློང་སླད་དུ་འདིར་མཆིས་སོ། །དེ་ཡི་སྲིད་དང་བདག་གི་ར་བ་དག །སྤྱན་སྩལ་བས་ནི་འབྲས་བུ་མཆིས་པར་མཛོད། །དེ་ནས་རྒྱལ་པོ་དེ་བརྒྱ་བྱིན་སྨོས་པས། ལྷའི་མཐུས་བྲམ་ཟེ་འདི་གདོན་མི་ཟ་བར་ཆོག་འདིས་མིག་དང་ལྡན་པར་འགྱུར་རོ་སྙམ་དུ་བསམས་ནས། །རབ་ཏུ་དགའ་བའི་ཚིག་གསལ་བས་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཡིད་ལ་རེ་བ་གང་གིས་འདིར་འོངས་པའི། །བྲམ་ཟེ་ཁྱོད་ཀྱི་རེ་བ་དེ་ངས་བསྐང་། །ང་ཡི་མིག་ནི་ཡ་གཅིག་འདོད་པ་ལ། །ཁྱོད་ལ་མིག་ནི་གཉིས་ཀ་ངས་སྦྱིན་གྱིས། །དེས་ཁྱོད་ཨུཏྤལ་རྒྱས་པའི་མིག་གིས་གདོང་བརྒྱན་ནས། །ཅི་གེ་དེ་འདི་ཡིན་ནམ་འོན་ཏེ་མ་ཡིན་ཞེས། །རྣམ་རྟོག་གཡེལ་བས་དེ་འདི་ཡིན་ཞེས་ངོ་མཚར་གྱུར། །ཇི་ལྟར་འདོད་པའི་གནས་སུ་འགྲོ་བ་མཐོང་བར་སོང་། །དེ་ནས་རྒྱལ་པོ་དེའི་བློན་པོ་རྣམས་མིག་སྦྱིན་པར་རྩོལ་བར་རིག་ནས། །བརྟབས་པ་དང་བཅས་པའི་ཤུགས་ཀྱིས་སྐྲག་པས་གདུངས་པའི་ཡིད་དུ་གྱུར་ནས། །རྒྱལ་པོ་ལ་སྨྲས་པ། སྦྱིན་པ་ལ་དགྱེས་ཆེས་ནས་མི་རིགས་པ་དང་གནོད་པར་འགྱུར་བ་མི་བརྟག་པར། ལྷ་དེ་ལྟར་མི་མཛད་དུ་གསོལ། །སྤྱན་སྩལ་བ་མི་རིགས་སོ། །བྲམ་ཟེ་འདི་ནི་གཅིག་པུའི་ཕྱིར། །བདག་ཅག་ཐམས་ཅད་མི་འདོར་གསོལ། །སྐྱེ་དགུ་བདེ་བར་བསྐྱེད་པ་རྣམས། །མྱ་ངན་ཤུགས་ཀྱིས་མི་སྲེག་གསོལ། །དཔལ་ཆེན་བསྐྱེད་པར་འགྱུར་བའི་ནོར་རྣམས་དང་། །དཔལ་དང་ལྡན་པའི་རིན་ཆེན་བ་བཞོན་དང་། །དུལ་བའི་རྟ་དང་སྦྱར་བའི་ཤིང་རྟ་སྩོལ། །གླང་པོ་དྲེགས་པ་གཟི་ལྡན་འགྱིང་བ་སྩོལ། །རྐང་གདུབ་འཕྲོལ་བའི་སྒྲ་རྣམས་གྲག་པ་ཡིས། །ཁང་པ་དུས་རྣམས་ཀུན་དུ་བདེ་ལྡན་པ། །སྟོན་ཀའི་སྤྲིན་བས་རབ་ཏུ་དཀར་བ་སྩོལ། །འགྲོ་བའི་མིག་གཅིག་ཉིད་ཀྱི་སྤྱན་མ་སྩལ། །གཞན་ཡང་རྒྱལ་པོ་ཆེན་པོ་རེ་ཤིགས་དགོངས་སུས་གསོལ། །གཞན་གྱི་མིག་གཞན་ལ་ཇི་ལྟར་སྦྱར་དུ་རུང་། །དེ་སྟེ་འདི་ལྷའི་མཐུ་ཞིག་ལགས་ན། །ཁྱོད་ཀྱི་སྤྱན་ལ་ལྟོས་ཅི་འཚལ། ལྷ་གཞན་ཡང་། གཞན་གྱི་འབྱོར་པ་དབང་བྱེད་པ། །མིག་གིས་དབུལ་ལ་ཅི་ཞིག་བགྱི། །དེ་བས་དཀོར་ལས་སྩལ་དུ་གསོལ། །ལྷ་གཅིག་ཐུབ་ཆོད་མི་མཛད་གསོལ། །དེ་ནས་རྒྱལ་པོ་དེས་བློན་པོ་དེ་རྣམས་ལ་བྱམས་པའི་ཚིག་འཇམ་པོས་སྨྲས་པ། །གང་ཞིག་སྦྱིན་ཞེས་སྨྲས་ནས་ནི། །མི་སྦྱིན་བ་ཡི་བློ་སྐྱེས་པ། །དེ་ན་འདོད་པའི་ཞགས་པ་ཡིས། །བདག་ཉིད་སླར་ནི་འཆིང་བར་བྱེད། །སྦྱིན་ནོ་ཞེས་ནི་ཁས་བླངས་ནས། །གང་ཞིག་ཡིད་ལ་གཞན་སེམས་པ། །སེར་སྣ་མ་ངེས་བློ་ཅན་དེས། །དེ་ལས་སྡིག་ཆེ་གང་ཞིག་ཡོད། །སྦྱིན་ནོ་ཞེས་ནི་ཁས་བླངས་པས། །ཕོངས་པའི་རེ་བ་བརྟན་བྱས་ནས། །བསླུ་བའི་ཚིག་ནི་རྩུབ་པོ་དེའི། །སྦྱིན་པ་བསབ་པ་ཅི་ཡང་མེད། །གང་ཡང་ཁྱོད་ན་རེ། དེ་ལྷའི་མཐུ་ཉིད་ཀྱིས། །འདི་ཡི་མིག་ཡོད་པར་ཅིའི་ཕྱིར་མི་འགྱུར་ཞེས་ཟེར་བ་དེ་ཡང་ཉོན་ཅིག །རྒྱུ་གཅིག་གིས་ནི་འགྲུབ་བ་ཡི། །འབྲས་བུ་གང་ཡང་ཡོད་མ་ཡིན། །ལྷ་རྣམས་ཀྱིས་ནི་བྱས་པ་ཡང་། །རྒྱུ་རྐྱེན་གཞན་ལ་ལྟོས་པ་ཡོད། །དེ་བས་ན་ང་སྦྱིན་པ་ཆེན་པོ་བྱེད་པ་ལ། ཁྱེད་ཀྱིས་གེགས་བྱ་བ་མི་རིགས་སོ། །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ནོར་དང་། འབྲུ་དང་། རིན་པོ་ཆེ་ལ་སོགས་པ་སྩལ་བར་རིགས་ཀྱི། ཉིད་ཀྱི་སྤྱན་ནི་སྩལ་བར་མི་རིགས་སོ་ཞེས་བདག་ཅག་གིས་སྔར་གསོལ་བ་ལགས་ཏེ། དེ་བས་ན་བདག་ཅག་ལྷ་བཤུལ་མ་ལགས་པར་གཤེགས་སུ་མི་གསོལ་ལོ། །རྒྱལ་པོས་སྨྲས་པ། གང་ཞིག་སློང་བ་དེ་ཉིད་སྦྱིན་པར་བྱ། མི་འདོད་པ་ནི་བྱིན་ཡང་དགའ་མི་འགྱུར། །ཆུས་ཁྱེར་བ་ལ་ཆུ་ཡིས་ཅི་ཞིག་བྱ། །དེ་བས་བླངས་པའི་དོན་ནི་འདི་ལ་སྦྱིན། །དེ་ནས་རྒྱལ་པོ་དེའི་བློན་པོ་ཆེན་པོ་རབ་ཏུ་ཡིད་བཅུགས་ཤིང་། འདྲིས་པ་ཞིག་བྱམས་པའི་ཤུགས་ཀྱིས་ཞེ་ས་བཏང་སྟེ་རྒྱལ་པོ་དེ་ལ་སྨྲས་པ། ཀྱེ་ཅུང་ཞིག་བཞེས་ཤིག །ལ་ལས་དཀའ་ཐུབ་ཏིང་འཛིན་ཆོ་ག་ཆེན་པོས་གང་ཞིག་ཐོབ་འགྱུར་ཞིང་། །གང་ལ་བརྟེན་ནས་མཆོད་སྦྱིན་ཆེན་པོ་མང་པོས་གྲགས་དང་མཐོ་རིས་ཐོབ། །བརྒྱ་བྱིན་ལོངས་སྤྱོད་ལ་ཡང་འགྲན་པའི་རྒྱལ་སྲིད་ཐོབ་པ་དེ་སྤངས་ནས། །ཅི་ཞིག་མཐོང་ནས་ཁྱོད་ཀྱིས་མིག་སྦྱིན་ཆོ་ག་འདི་ནི་སུ་ལས་ཐོས། །མཆོད་སྦྱིན་བྱས་པས་སུམ་ཅུ་རྩ་གསུམ་ཉིད། །གྲགས་པས་ཀུན་དུ་རབ་ཏུ་གསལ་གྱུར་ཅིང་། །མི་དབང་གཙུག་གི་འོད་ཀྱིས་རྐང་བརྒྱན་པ། །ཅི་ཞིག་འདོད་ཕྱིར་མིག་ནི་སྦྱིན་པར་བྱེད། །དེ་ནས་རྒྱལ་པོ་དེས་བློན་པོ་དེ་ལ་བྱམས་པ་དང་བཅས་པའི་ཚིག་གིས་སྨྲས་པ། དེ་འབད་འདི་ནི་ས་ཀུན་འཐོབ་ཕྱིར་མིན། །མཐོ་རིས་ཐར་པ་གྲགས་པ་འཐོབ་ཕྱིར་མིན། །སློང་བ་འདི་ནི་དོན་མེད་མི་འགྱུར་ཞིང་། །འཇིག་རྟེན་སྐྱབས་ཕྱིར་ང་ནི་འདི་ལྟར་འབད། །དེ་ནས་རྒྱལ་པོ་དེས་མེ་ཏོག་ཨུཏྤ་ལ་མཐིང་གའི་འདབ་མ་ལྟར་མཛེས་ཤིང་ཡིད་དུ་འོང་བའི་མིག་ཡ་གཅིག་སྨན་དཔྱད་པས་བྱུང་བ་བཞིན་དུ། དལ་བུས་མ་སྣང་བར་ཕྱུང་སྟེ། །རབ་ཏུ་དགའ་བཞིན་དུ་མིག་སློང་བ་ལ་བྱིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། །ཅི་ནས་ཀྱང་མིག་དེའི་མིག་ཏུ་གནས་པར་གྱུར་པ། རྒྱལ་པོ་འཁོར་དང་བཅས་པ་དེས་མཐོང་བར་འགྱུར་བ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་བྱས་སོ། །དེ་ནས་མིག་ཡ་གཅིག་ཕྱེ་སྟེ་སློང་བ་ལ་བལྟས་པ་དང་། རྒྱལ་པོ་དེ་སྙིང་རབ་ཏུ་དགའ་བར་གྱུར་ནས། མིག་ཡ་གཅིག་ཀྱང་དེ་ལ་བྱིན་ནོ། །དེ་ནས་རྒྱལ་པོ་དེ་ཡིས་མིག་བྱིན་ནས། །པདྨ་མེད་པ་པདྨའི་མཚོ་འདྲ་གདོང་། གཞན་ལ་མེད་པའི་རབ་ཏུ་དགའ་བར་གྱུར། །བྲམ་ཟེའང་མིག་དང་ལྡན་པར་འཁོར་གྱིས་མཐོང་། །རྒྱལ་པོའི་བཙུན་མོའི་འཁོར་དང་ཕོ་བྲང་འཁོར་རྣམས་ཀྱང་། །མྱ་ངན་མཆི་མས་ས་གཞི་ཐམས་ཅད་ཆག་ཆག་བཏབ། །རྒྱལ་པོ་རྫོགས་པའི་བྱང་ཆུབ་བློ་བརྟན་མཐོང་ནས་ནི། །བརྒྱ་བྱིན་དེ་ཡང་ངོ་མཚར་ཆེ་ཞིང་རབ་ཏུ་དགའ། །དེ་ནས་བརྒྱ་བྱིན་ངོ་མཚར་ཆེན་པོས་སེམས་རབ་ཏུ་དད་པར་གྱུར་ནས། །འདི་སྙམ་དུ་སེམས་སོ། །ཨེ་མའོ་བརྟན་ཞིང་སྙིང་སྟོབས་ཆེ། །ཨེ་མའོ་སེམས་ཅན་ཕན་འདོགས་པ། །ལས་འདི་མངོན་སུམ་གསལ་གྱུར་ཀྱང་། །ཐེ་ཚོམ་ཟ་བར་གྱུར་པ་འདྲ། །དེ་བས་ན་ངོ་མཚར་ཆེ་བའི་སེམས་ཅན་འདི་ཡུན་རིང་དུ་འདི་ལྟར་ཉོན་མོངས་སུ་གཞུག་པར་མི་རིགས་ཀྱིས། ཐབས་ཀྱིས་འདིའི་མིག་སླར་སྐྱེ་བར་འགྱུར་བར་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་དེ་རིམ་གྱིས་མིག་གི་རྨ་ནི་སོས། བཙུན་མོའི་འཁོར་དང་ཕོ་བྲང་འཁོར་གྱི་མི་རྣམས་ཀྱི་མྱ་ངན་ནི་བསྲབས་ཤིང་སངས་ནས། །རབ་ཏུ་དབེན་པ་འདོད་པའི་ཕྱིར་རྫིང་བུའི་འགྲམ་ན་མེ་ཏོག་གི་ལྗིད་ཀྱིས་ནོན་པའི་ཤིང་བཟང་པོ་སྟུག་པོ་ཡོད་པ། བསེར་བུ་བསིལ་ཞིང་བདེ་ལ་བསུང་ཞིམ་པོའི་ངད་ལྡང་བ། བུང་བ་མང་པོ་སྒྲ་འབྱིན་པ་ཞིག་ཏུ་སྐྱིལ་མོ་དཀྲུང་བཅས་ཏེ་འདུག་འདུག་པ་དང་། །ལྷའི་དབང་པོ་བརྒྱ་བྱིན་མདུན་དུ་འོངས་སོ། །དེ་ནས་རྒྱལ་པོས་འདི་སུ་ཞེས་དྲིས་པ་དང་། སྨྲས་པ། ང་ནི་ལྷའི་དབང་པོ་བརྒྱ་བྱིན་ཡིན་ཏེ། ཁྱོད་ཀྱི་དྲུང་དུ་འོངས་སོ། །གཤེགས་པ་ལེགས་སོ་ཅི་བཞེད་པ་བཀའ་སྩལ་དུ་གསོལ་ཞེས་ཞེ་ས་དང་བཅས་པར་སྨྲས་པ་དང་། རྒྱལ་པོ་ལའང་སྨྲས་པ། རྒྱལ་པོ་དྲང་སྲོང་ཅི་འདོད་པའི་མཆོག་དེ་སློངས་ཤིག དེ་ནས་རྒྱལ་པོ་དེ་སྦྱིན་པ་ལ་གོམས་ཀྱིས། འཇུངས་ཤིང་སློང་བ་ལ་མ་གོམས་པའི་ཕྱིར། བརྟན་པས་ངོ་མཚར་མི་ཆེ་ཞིང་། རླབས་ཅན་དུ་སྨྲས་པ། བརྒྱ་བྱིན་བདག་ནི་ནོར་མང་ཞིང་། །དམག་ཚོགས་ཆེ་ལ་མཐུ་དང་ལྡན། །ད་ནི་ལོང་བར་གྱུར་པས་བདག །འཆི་བ་འབའ་ཞིག་མངོན་པར་འདོད། །གཞན་ཡང་། སློང་བ་རྣམས་ནི་ཡིད་ལ་རེ་བ་ཀུན། །ཡོངས་སུ་བསྐངས་བས་རབ་ཏུ་དགའ་འགྱུར་ཞིང་། །ལེགས་པར་བལྟ་བའི་བཞིན་རྣམས་མི་མཐོང་བས། དེ་ཕྱིར་དབང་པོ་བདག་ནི་འཆི་བར་དགའ། །བརྒྱ་བྱིན་གྱིས་སྨྲས་པ། སྐྱེས་བུ་དམ་པ་རྣམས་འདི་ལྟ་བུ་མྱོང་བར་གྱུར་གྱིས་དེ་སྙམ་དུ་མ་སེམས་ཤིག །འོན་ཀྱང་རེ་ཤིག་ཁྱོད་ལ་ངས་འདྲིའོ། །སློང་བ་རྣམས་ཀྱིས་འདི་ལྟའི་གནས་སྐབས་རྒྱུར་བྱས་ན། །ད་ནི་དེ་ལ་ཁྱོད་ཀྱི་ཡིད་ནི་ཅི་སྙམ་སེམས། །ཅི་ནས་ཡིད་ནི་རབ་ཏུ་ཆེས་པར་འགྱུར་བ་རུ། །དེ་ནི་གསང་བ་མེད་པར་རབ་ཏུ་སྨྲ་བར་གྱིས། རྒྱལ་པོས་སྨྲས་པ། བདག་ངོམ་དུ་གཞུག་པར་དེ་ཙམ་དུ་ཁྱེད་ལ་ཅི་ཡིད་ཆེས། འོན་ཀྱང་ལྷའི་དབང་པོ་གསན་དུ་གསོལ། །དེ་ཚེ་དང་ནི་ད་ལྟའི་སློང་རྣམས་ཀྱིས། སླང་ཞེས་ངེས་པར་སྨྲ་བའི་ཚིག་རྣམས་ལ། །ཤིས་པ་བརྗོད་པ་བཞིན་དུ་བདག་དགའ་ན། །བདག་གི་མིག་ནི་ཡ་གཅིག་མཐོང་བར་ཤོག །དེ་ནས་རྒྱལ་པོས་དེའི་བདེན་པའི་བྱིན་གྱིས་བརླབས་ཀྱི་མཐུ་དང་། །བསོད་ནམས་སྤེལ་བའི་ཁྱད་པར་གྱིས། །ཚིག་དེ་སྐད་སྨྲས་མ་ཐག་ཏུ། །མེ་ཏོག་ཨུཏྤལ་མཐིང་གའི་དབུས་རིན་པོ་ཆེ་ཨན་ད་རྙིལ་གྱིས་སྤྲས་པ་འདྲ་བའི་མིག་ཡ་གཅིག་མཐོང་བར་གྱུར་ཏོ། །ཡ་མཚན་ཆེ་བའི་མིག་དེ་མཐོང་བར་གྱུར་ནས། རྒྱལ་པོ་དེ་སེམས་རབ་ཏུ་དགའ་བས་ཡང་བརྒྱ་བྱིན་ལ་སྨྲས་པ། གང་ཡང་བདག་ལ་ཡ་གཅིག་མིག་བསླངས་ན། དེ་ལ་བདག་གིས་མིག་གཉིས་དགའ་བཞིན་བྱིན། །དགའ་བཞིན་སྤྲོ་ལ་རྩེ་གཅིག་སེམས་གྱུར་ན། །ཡ་གཅིག་མིག་ཀྱང་བདག་ལ་ཡོད་པར་ཤོག །དེ་ནས་དེ་སྐད་སྨྲས་མ་ཐག་ཏུ་རྒྱལ་པོ་དེའི་མིག་ཡ་གཅིག་ཀྱང་མིག་སྔ་མ་དང་འགྲན་པ་བཞིན་དུ་ཡོད་པར་གྱུར་ཏོ། །དེ་ནས་རི་དང་བཅས་པའི་ས་ཆེན་གཡོས། །རྒྱ་མཚོའི་རླབས་ཀྱང་དུས་ལས་འདས་ཏེ་བྱུང་། ལྷ་རྣམས་ཀྱི་ནི་རྔ་བོ་ཆེ་དག་ཀྱང་། །ཟབ་ཅིང་སྙན་པའི་སྒྲ་ཆེན་སྒྲོགས་པར་གྱུར། །ཕྱོགས་རྣམས་ཀུན་ཀྱང་དང་ཞིང་གསལ་བར་སྣང་། སྟོན་ཀའི་དུས་བཞིན་ཟླ་བ་གསལ་གྱུར་ཅིང་། །ཙན་དན་ཕྱེ་མས་བསྒོས་པའི་མེ་ཏོག་རྣམས། །ནམ་མཁའི་ནང་ནས་ལྡིང་ཞིང་འབབ་པར་གྱུར། །ལྷ་ཡི་བུ་མོའི་འཁོར་བཅས་ལྷ་རྣམས་ཀྱང་། །ཡ་མཚན་ཆེ་བའི་མིག་བགྲད་དེར་ལྷགས་གྱུར། །བསེར་བུ་ཡིད་དུ་འོང་བ་བདེ་བ་ལྡང་། །འགྲོ་བ་རྣམས་ཀྱི་ཡིད་ནི་དགའ་བར་གྱུར། །འབྱུང་པོ་མཐུ་ཆེན་ངོ་མཚར་གྱུར་པ་རྣམས། །ཡིད་ནི་རབ་ཏུ་དགའ་བས་ཁྱབ་གྱུར་ནས། །རྒྱལ་པོ་སྤྱོད་མཆོག་བསྟོད་པའི་གཞི་བརྗོད་པ། །སྙན་པའི་ཚིག་རྣམས་ཀུན་དུ་གྲགས་པར་གྱུར། །ཨེ་མའོ་རླབས་ཆེ་ཨེ་མའོ་སྙིང་རྗེ་ཆེ། །འདི་ཡི་སེམས་ནི་ཇི་ལྟར་རྣམ་དག་ལྟོས། །ཨེ་མའོ་བདག་གི་བདེ་ལ་སེམས་མ་ཆགས། །བརྟན་ཞིང་དཔའ་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །པདྨའི་སྤྱན་ནི་དཔལ་ལྡན་སླར་རྒྱས་པས། །ཁྱོད་ཀྱི་འགྲོ་བ་མགོན་བཅས་བགྱིས་པ་ལེགས། །ཨེ་མའོ་བསོད་ནམས་ཚོགས་ནི་དོན་ཡོད་པ། །རིང་ཞིག་ལོན་ནས་ཁྱོད་ཀྱི་བྱིན་གྱིས་རྒྱལ། །དེ་ནས་བརྒྱ་བྱིན་གྱིས་ལེགས་སོ་ལེགས་སོ་ཞེས་བྱ་བས་དེ་མགུ་བར་བྱས་ནས་ཡང་སྨྲས་པ། རྒྱལ་པོ་ཁྱོད་ཀྱི་བསམ་པ་དག་པ་ནི། །ང་ཡིས་སྔ་ནས་མི་ཤེས་མ་ཡིན་ཏེ། །རྒྱལ་པོ་ཁྱོད་ཀྱི་མིག་འདི་གཉིས། །དེ་ལྟར་ཁྱོད་ལ་བྱིན་པས་ན། །དཔག་ཚད་བརྒྱ་ནི་ཁོར་ཡུག་ཏུ། བྲག་རི་རྣམས་ཀྱིས་བར་བཅད་ཀྱང་། །ཁྱོད་ཀྱི་མིག་ནི་འདི་གཉིས་ཀྱིས། །ཐོགས་པ་མེད་པར་མཐོང་བར་འགྱུར། །ཞེས་སྨྲས་ནས་བརྒྱ་བྱིན་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་བློན་པོ་ཆེན་པོ་རྣམས་དང་། རྗེས་སུ་འབྲང་བ་རྣམས་དང་། ཕོ་བྲང་འཁོར་གྱི་མི་རྣམས་ཡ་མཚན་ཆེ་ཞིང་སེམས་རབ་ཏུ་དགའ་བར་གྱུར་པའི་མིག་གིས་བལྟ་ཞིང་། བྲམ་ཟེ་རྣམས་ཀྱིས་ཀྱང་རྒྱལ་བར་གྱུར་ཅིག་ཅེས་བྱ་བ་ཤིས་པ་བརྗོད་པའི་ཚིག་སྨྲ་བས་མངོན་པར་དགའ་བར་བྱས་ཏེ། ཕོ་བྲང་དམ་པ་རྒྱལ་མཚན་དང་བ་དན་སྣ་ཚོགས་བཙུགས་པ། མངོན་པར་མཐོ་བའི་རྒྱན་རྣམས་ཀྱིས་བརྒྱན་པར་ཕྱིན་ནས། འཁོར་གྱི་ནང་དུ་འདུག་སྟེ། དགའ་བར་བལྟ་བའི་ཕྱིར་ལྷགས་པའི་བློན་པོ་ཆེན་པོ་ལ་སོགས་པ་བྲམ་ཟེ་དང་། ཕོ་བྲང་འཁོར་གྱི་མི་ཡ་རབས་རྣམས་ལ། དེ་ལྟར་བདག་གིས་ཉམས་སུ་མྱོང་བའི་ཆོས་བཤད་དོ། །རབ་ཏུ་སྦྱིན་པའི་བསོད་ནམས་ལས་གྱུར་པའོ། །ལྷ་ཡི་མཐུ་ལྡན་ང་ཡི་མིག་མཐོང་ནས། །ཕོངས་པ་རྣམས་ནི་ནོར་གྱིས་མགུ་བྱ་ལ། །འཇིག་རྟེན་ན་ནི་སུ་ཞིག་སྒྲིམ་པ་ལྷོད། །དཔག་ཚད་བརྒྱ་ནི་ཚུན་ཆད་དུ། །བྲག་རི་མང་པོས་བར་བཅད་ཀྱང་། །ཤིན་དུ་རིང་ན་གནས་པ་ཡི། །བལྟ་བར་བྱ་བ་གསལ་བར་མཐོང་། །གང་ཕྱིར་མི་ཡི་མིག་ནི་འདི་བྱིན་ནས། མི་ལས་འདས་པའི་ལྷ་མིག་བདག་གིས་ཐོབ། །གཞན་ལ་བརྩེ་ཞིང་དུལ་བ་ལས་བྱུང་བའི། །སྦྱིན་ལས་གཞན་པའི་མངོན་མཐོའི་ཐབས་གང་ཡོད། ཤི་བི་པ་རྣམས་དེ་ལྟར་རིག་བྱས་ནས། །སྦྱིན་དང་སྤྱད་པས་ནོར་རྣམས་དོན་ཡོད་བྱོས། །འཇིག་རྟེན་འདི་དག་གཞན་ལའང་འདི་ཉིད་ནི། གྲགས་པ་ཆེ་བའི་བདེ་བ་འབྱུང་བའི་ལམ། །འཇིག་རྟེན་ཕན་ཕྱིར་བྱིན་པ་གང་ཡིན་པ། །སྙིང་པོ་མེད་པའི་ནོར་ཡང་སྙིང་པོ་ཡོད། །སྦྱིན་པ་བྱས་ན་གཏེར་དང་འདྲ་བར་འགྱུར། །མ་བྱིན་ན་ནི་ཤིན་དུ་ཆུད་ཟོས་འགྱུར། །དེ་ལྟར་བཅོས་ལྡན་འདས་དེས་བདག་ཅག་གི་ཕྱིར། །བྱ་དཀའ་བ་མང་པོས་དམ་པའི་ཆོས་འདི་བསྒྲུབས་པ་ཡིན་པས། རིམ་གྲོ་བསྐྱེད་དེ་ཆོས་མཉན་པར་བྱའོ། །དེ་བཞིན་གཤེགས་པའི་ཆེ་བ་ཉིད་དང་། །སྔ་མ་བཞིན་དུ་སྙིང་རྗེའི་ཡོན་ཏན་བསྔགས་པ་དང་། ཚེ་འདི་ཉིད་ལ་བསོད་ནམས་ཀྱི་འབྲས་བུ་མཐོང་བར་འགྱུར་བ་ལ་ཡང་བརྗོད་པར་བྱའོ། །དེ་ལྟར་རིམ་གྲོ་བསྐྱེད་དེ་བསོད་ནམས་བསགས་པ་ནི། །བདག་གི་མཐུ་ཆེན་པོ་ཐོབ་པར་འགྱུར་བའི་མེ་ཏོག་དང་གྲགས་པའི་རྒྱུན་ཆགས་པ་ཡིད་དུ་འོང་བ་ཚེ་འདི་ཉིད་ལ་བསྟན་པ་ཡིན་ནོ། །ཡུལ་ཤི་བི་པའི་རྒྱལ་པོར་སྐྱེས་པའི་རབས་ཏེ་གཉིས་པའོ།། །།


previousཡུལ་ཤི་བི་པའི་རྒྱལ་པོར་སྐྱེས་པའི་རབས་ཏེ་གཉིས་པ།next