Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
ཚོང་དཔོན་ཟིལ་གྱིས་མི་ནོན་པར་སྐྱེས་པའི་རབས་ཏེ་ལྔ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཚོང་དཔོན་ཟིལ་གྱིས་མི་ནོན་པར་སྐྱེས་པའི་རབས་ཏེ་ལྔ་པ།next

ཚོང་དཔོན་ཟིལ་གྱིས་མི་ནོན་པར་སྐྱེས་པའི་རབས་ཏེ་ལྔ་པ།

སྐྱེས་བུ་དམ་པ་རྣམས་ནི་འབྱོར་པ་ཟད་དུ་དོགས་ནས། །སྦྱིན་པ་བྱེད་པ་ལ་ཞུམ་པར་མི་འགྱུར་རོ། །དེ་ཡང་འདི་སྐད་ཐོས་ཏེ། །བྱང་ཆུབ་སེམས་དཔའ་གཏོང་བ་དང་། །ཚུལ་ཁྲིམས་དང་། ཆོ་རིགས་དང་། དུལ་བ་དང་། མང་དུ་ཐོས་པ་དང་། ཤེས་པ་དང་། དྲེགས་པ་མེད་པ་ལ་སོགས་པའི་ཡོན་ཏན་དང་ནི་ལྡན། འབྱོར་པ་ཕུན་སུམ་ཚོགས་པ་ནི་ནོར་སྦྱིན་པོ་དང་འདྲ། གློ་བུར་བ་ཐམས་ཅད་ལ་སྦྱིན་པ་བྱེད་པས་སྦྱིན་པའི་འབྱོར་པ་ནི་རྒྱུན་མི་འཆད། །འཇིག་རྟེན་ལ་ཕན་པའི་དོན་བྱེད་པའི་ཕྱིར། སྦྱིན་པ་པོའི་གཙོ་བོ་ཚོང་དཔོན་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །སེར་སྣ་ལ་སོགས་པའི་ཉེས་པས་ཟིལ་གྱིས་མ་ནོན་པའི་ཕྱིར། །མིང་ཡང་ཟིལ་གྱིས་མི་ནོན་པ་ཞེས་བཏགས་སོ། །འདོད་བའི་དོན་འབྱོར་ཐེ་ཚོམ་མེད་གྱུར་པས། དགའ་བ་བསྐྱེད་པའི་ཁྱད་པར་རྒྱུར་གྱུར་པ། །ཕོངས་པ་རྣམས་ཀྱི་དེ་ནི་མཐོང་བ་བཞིན། །དེས་ཀྱང་ཕོངས་པ་རྣམས་ནི་མཐོང་ན་དགའ། །སློང་བས་བླང་ཞེས་ངེས་པར་སྨྲས་པ་ལ། །དེ་ནི་མེད་ཅེས་སྨྲ་བར་མི་ནུས་ཏེ། །དེ་ཡི་སེམས་ནི་ནོར་ལ་ཆགས་པའི་སྐབས། །སྙིང་རྗེ་ཆེན་པོས་རབ་ཏུ་མེད་པར་བྱས། །ཕོངས་པ་རྣམས་ཀྱིས་དེ་ཡི་ཁྱིམ་ནས་ནི། །ནོར་གྱི་སྙིང་པོ་ཕྱུང་ཡང་རབ་ཏུ་དགའ། །རྒྱུ་རྐྱེན་མེད་པར་མྱུར་དུ་ཆུད་ཟ་བའི། །ནོར་ནི་ཤིན་དུ་མི་བཟད་ནོར་མིན་རིག །འཇིག་རྟེན་དག་ན་ནོར་ནི་ཕལ་ཆེར་ཡང་། །ཆགས་པའི་གཞི་དང་ངན་འགྲོའི་གྲོགས་སུ་འགྱུར། །དེ་ཡི་ནོར་ནི་བདག་དང་གཞན་དག་གི །འབྱོར་པ་ཐོབ་པས་དོན་དང་མཐུན་པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དེས་ཀུན་དུ་སློང་བ་རྣམས་ཇི་ལྟར་འདོད་པ་བཞིན་དུ་ཉོན་མ་མོངས་པར་གུས་པ་ཁྱད་པར་ཅན་གྱི་བརྒྱན་ཅིང་། ནོར་སྦྱིན་པ་རླབས་ཆེན་པོས་རབ་ཏུ་ཚིམ་པར་བྱས་པ་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་སྦྱིན་པ་རླབས་ཆེན་པོ་ཐོས་ནས། ཡིད་ལ་ཡ་མཚན་ཆེ་བར་གྱུར་ཏེ། འདི་སྦྱིན་པ་ལ་བརྟན་ནམ་མི་བརྟན་ཉམས་སྐྱེད་པ་དང་། འདི་ནོར་ཟད་དུ་དོགས་པས་སེར་སྣ་བྱེད་དུ་གཞུག་པའི་ཕྱིར། ཉིན་རེ་བཞིན་རིམ་གྱིས་ནོར་དང་འབྲུ་དང་རིན་པོ་ཆེ་དང་ཡོ་བྱད་ཀྱི་རྣམ་པ་དེ་དང་དེ་དག་མི་སྣང་བར་བྱས་སོ། །སེམས་དཔའ་ཆེན་པོ་དེ་ནི་སྦྱིན་པ་ལ་མོས་པས། ཆུ་ཡི་ཐིགས་པ་ཉི་མས་ཕོག་པ་བཞིན། །དེ་ཡི་ནོར་ནི་ཇི་ཙམ་ཟད་འགྱུར་བ། །དེ་ཙམ་དུ་ནི་སྦྱིན་པ་ཆེན་པོ་ཡིས། །མེ་ཡིས་ཚིག་པ་བཞིན་དུ་ཁྱིམ་ནས་འབྱིན། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། སེམས་དཔའ་ཆེན་པོ་དེ་ནོར་གྱི་མཆོག་ཟད་པར་གྱུར་ཀྱང་། སྦྱིན་པ་ལ་རབ་ཏུ་གཞོལ་བར་གྱུར་པར་རིག་ནས། བློ་ལ་ཤིན་དུ་ངོ་མཚར་དུ་གྱུར་ཏེ། དེའི་ནོར་གཅེས་པ་ཐམས་ཅད་ནུབ་གཅིག་ཏུ་མི་སྣང་བར་བྱས་ནས། །ཐག་པ་གཅིག་དང་། ཟོར་བ་གཅིག་བཞག་གོ །དེ་ནས་བྱང་ཆུབ་སེམས་དཔས་ནང་པར་ནམ་ལངས་ནས། །དུས་བཞིན་དུ་ལངས་ནས་བལྟས་ན་བདག་གི་ཁྱིམ་གྱི་ནོར་དང་འབྲུ་དང་ཡོ་བྱད་དང་མི་རྣམས་ནི་མེད། སྒྲ་ཅ་ཅོ་ཅིའང་མེད་ལ། སྡུག་སྡུག་ལྟར་འདུག་ཅིང་། སྲིན་པོས་ཕུང་བར་བྱས་པ་བཞིན་དུ། བལྟ་ན་ཉམས་མི་དགའ་བར་གྱུར་པ་མཐོང་ནས། འདི་ཅི་ཉེས་སྙམ་དུ་རྟོག་པ་སྐྱེས་ཏེ། ཀུན་ཏུ་ཉུལ་བ་དང་། ཐག་པ་སྡོག་པ་ཞིག་དང་། ཟོར་བ་ཞིག་དེ་ན་འདུག་པ་མཐོང་ནས་དེས་བསམས་པ། གལ་ཏེ་འགའ་ཞིག་གིས་སློང་བའི་ཚིག་སྨྲ་མི་ཕོད་དེ། བདག་གི་ཞོ་ཤས་འཚོ་བས་བདག་གི་ཁྱིམ་དུ་སྤོབས་པ་དེ་ལྟ་བུ་བསྟན་ན་ནི་བདག་གི་ནོར་ལེགས་པར་སྤྱད་པ་ཉིད་དུ་འགྱུར་རོ། །དེ་སྟེ་བདག་སྐལ་བ་ཆུང་བའི་སྐྱོན་གྱིས་མཐོང་བར་འགྱུར་བ་མ་བཟོད་ནས། །སུས་ཀྱང་མ་སྤྱད་པར་མེད་པར་གྱུར་ན་ནི་མ་རུངས་པར་གྱུར་ཏོ་སྙམ་མོ། །ནོར་རྣམས་ངོ་ནི་མི་རྟག་པར། །བདག་གིས་སྔ་ནས་ཤེས་ཟིན་ན། །ཕོངས་པ་རྣམས་ཀྱི་སྡུག་བསྔལ་གྱིས། །བདག་གི་ཡིད་ནི་འདིར་བསྲེགས་སོ། །སྦྱིན་དང་བཀུར་སྟིས་ཡུན་རིང་བདེ་བྱས་པ། །བདག་གི་ཁྱིམ་ནི་ནོར་དང་བྲལ་མཐོང་བ། །མཚོ་སྐམས་དྲུང་དུ་སྐོམ་པ་ལྷགས་པ་བཞིན། །བདག་གི་ཕོངས་པ་དེ་དག་ཅི་ལྟར་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའ་བདག་གི་བརྟན་པ་ལ་བརྟེན་པས་ཞུམ་པ་དང་སྤྲོ་ཞི་བར་མ་གྱུར་ཏོ། །དེའི་གནས་སྐབས་ན་ཡང་སློང་བ་ལ་མ་གོམས་པས། །ངོ་ཤེས་ཀྱང་གཞན་ལ་སློང་མ་ཕོད་པ་དང་སློང་བ་ནི་དེ་ལྟར་དཀའ་བ་ལྟ་ཞིག་སྙམ་ནས་དེ་སློང་བ་རྣམས་ལ་དེ་བས་ཀྱང་རྗེས་སུ་བརྩེ་བར་གྱུར་ཏོ། །དེ་ནས་བདག་ཉིད་ཆེན་པོ་དེ་སློང་བ་རྣམས་ལ་འོངས་པ་ལེགས་སོ་ཞེས་བྱ་བ་ཙམ་ལ་ལྟོས་ནས། །བདག་ཉིད་ཀྱིས་ཐག་པ་སྡོགས་པ་དེ་དང་ཟོར་བ་བླངས་ཏེ་ཉིན་རེ་བཞིན་རྩྭ་རྩོངས་པ་དེའི་རིན་རྙེད་པ་ཙམ་གྱིས། སྐྱེ་བོ་ཕོངས་པ་རྣམས་སློང་བ་ལ་མགུ་བར་བྱེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། །དེ་རབ་ཏུ་དབུལ་བར་གྱུར་ཀྱང་འདི་ལྟར་རབ་ཏུ་ཞུམ་པ་མེད་ཅིང་། སྦྱིན་པ་ལ་རབ་ཏུ་གཞོལ་བར་མཐོང་ནས། །ཡ་མཚན་ཆེ་ཞིང་གུས་པར་གྱུར་ཏེ། ལྷའི་ལུས་མངོན་སུམ་དུ་བསྟན་ནས་བར་སྣང་ལ་གནས་ཏེ། སྦྱིན་པ་ལས་བཟློག་པའི་ཕྱིར་སེམས་དཔའ་ཆེན་པོ་དེ་ལ་སྨྲས་པ། །ཁྱིམ་བདག་བྱམས་ཀྱིས་འགྱོད་པའི་གནས་སྐབས་འདི་ལྟ་བུར། །སྦྱིན་པ་དྲགས་པས་ཁྱོད་ཀྱི་མྱོང་བ་ནི། །རྐུན་པོས་མ་ཁྱེར་ཆུ་དང་མེས་མ་ཚིག །རྒྱལ་པོ་རྣམས་ཀྱིས་ནོར་ཡང་མ་ཕྲོགས་སོ། །དེ་བས་ཁྱོད་ལ་ཕན་ཕྱིར་ངས་སྨྲ་ཡིས། །སྦྱིན་ལ་ཞུགས་པའི་ཆགས་པ་བཏང་བར་གྱིས། །འདི་ལྟར་གྱུར་ཀྱང་གལ་ཏེ་མ་བྱིན་ན། །སྔོན་གྱི་འབྱོར་བ་བཟང་པོ་འཐོབ་པར་འགྱུར། །ཆུང་ངུ་གོད་ཀྱང་རྟག་ཏུ་སྤྱད་ན་ནི། །ཡུན་རིངས་སྤྱད་ན་མིག་སྨན་ཟད་ལ་ལྟོས། །བསགས་ན་གྲོག་མཁར་འཐོན་པོར་གྱུར་ལ་ལྟོས། །དར་བར་འདོད་པས་བསྡམ་པར་བྱས་ན་ལེགས། །དེ་ནས་བྱང་ཆུབ་སེམས་དཔས་སྦྱིན་པའི་ཡོན་ཏན་བསྟན་པའི་ཕྱིར། བརྒྱ་བྱིན་ལ་སྨྲས་བ། སྤྱན་སྟོང་མངའ་བ་རབ་ཏུ་ཕོངས་གྱུར་ཀྱང་། །འཕགས་པས་མ་རབས་ཆོས་བྱ་རབ་ཏུ་དཀའ། །གང་ཞིག་ཐོབ་ཕྱིར་སེར་སྣའི་སེམས་འབྱུང་བ། །བརྒྱ་བྱིན་ནོར་དེ་བདག་ལ་མེད་ཀྱང་རུང་། །སློང་བའི་སྡུག་བསྔལ་ཤི་དང་འདྲ་བ་ཡི། །གཉེན་པོའི་ལམ་དུ་འགྲོ་བར་འདོད་པ་ལ། །དེ་ཡིས་ཕོངས་པ་ཡ་རབས་གཟི་བྱིན་ཅན། །སུ་ཞིག་མེད་ཅེས་ཟེར་བའི་སེར་བས་རྡེག །སློང་བས་གདུངས་ནས་ངོ་ཟུམ་གནག་གྱུར་པ། །ཕོངས་པ་རྣམས་ནི་མགུ་བར་མི་འགྱུར་བའི། །ནོར་རམ་རིན་ཆེན་ལྷ་ཡི་རྒྱལ་སྲིད་ཀྱང་། །དེ་ལྟ་བུ་དག་བདག་ནི་སོགས་སམ་ཅི། །གང་ཞིག་སེར་སྣའི་སྐྱོན་ནི་འཕེལ་འགྱུར་ཞིང་། །གཏོང་བའི་སེམས་ཀྱང་སྐྱེ་བར་མི་འགྱུར་བ། །བདག་ལྟ་བུ་ཡིས་དེ་ནི་བཏང་བར་རིགས། །ཡོངས་སུ་བཟུང་བར་སྙད་གདགས་ཕོངས་པ་ཡིན། །གློག་ནི་འགྱུ་བ་བཞིན་དུ་མི་བརྟན་ནོར། །ཀུན་དང་ཐུན་མོང་ཕོངས་པ་དུ་མའི་རྒྱུ། །བདེ་བ་འབྱུང་བའི་རྒྱུ་ནི་སྦྱིན་ཡིན་ན། །ཡ་རབས་སུ་ཞིག་སེར་སྣའི་ལམ་ལ་བརྟེན། །བརྒྱ་བྱིན་ཁྱོད་ཀྱིས་བདག་ལ་གཉེན་པར་བསྟན། །ཕན་པ་སྨྲས་པས་བདག་ལ་བརྩེ་བར་གྱིས། །སྦྱིན་པས་ཡིད་ནི་དགའ་བ་གོམས་པར་འགྱུར། །དེ་བས་ལམ་མིན་སུ་ཞིག་དགའ་བར་འགྱུར། །ཁྱོད་ཀྱི་ཐུགས་ནི་ཁྲོས་པར་གྱུར་པ་ཡི། །ལམ་དུ་འཇུག་པར་བགྱི་བ་མི་རིགས་སོ། །ངོ་བོ་ཉིད་ནི་མི་མཐུན་ཕྱོགས་ཀྱི་ལམ། །བགྲོད་དཀར་བཞུགས་པ་སླ་བ་མ་ཡིན་ནོ། །བརྒྱ་བྱིན་གྱིས་སྨྲས་པ། ཁྱིམ་བདག་འབྱོར་བ་ཕུན་སུམ་ཚོགས་ཤིང་། བང་མཛོད་ཡོངས་སུ་གང་བ་དང་ཞིང་གི་རྣམས་ལེགས་པར་བྱེད་ཅིང་། རླངས་ཆེ་ལ་རྣམ་པ་སྣ་ཚོགས་བྱེད་པ་དང་། དབང་ཕྱུག་དབང་དུ་གྱུར་པ་ལ་རིམ་པ་འདི་འཇིག་རྟེན་ན་དར་བར་འགྱུར་གྱི། །གནས་སྐབས་འདི་ལྟ་བུར་གྱུར་པ་ལ་ནི་མི་རུང་ངོ་། །ལྟོས་ཤིག །བདག་གིས་བློ་ཡིས་ལྕོགས་ཤིང་མ་གཡེངས་པའམ། གྲགས་པའི་རྗེས་མཐུན་རིགས་དང་མཐུན་པའམ། །ལས་ཀྱི་ཡོན་ཏན་གྱིས་ནི་འབྱོར་ཐོབ་ནས། ཉི་མ་བཞིན་དུ་འགྲན་ཟླ་ཟིལ་མནན་ཏེ། །སྐྱེ་བོ་རྣམས་ནི་ཞར་ལ་གྲོགས་བཙལ་ནས། །མཛའ་བོར་བཅས་པའི་གཉེན་རྣམས་མགུ་བྱས་ཏེ། །རྒྱལ་པོ་ལས་ཀྱང་བཀུར་སྟི་ཐོབ་གྱུར་ནས། །མངོན་པར་ཆགས་ཤིང་དཔལ་གྱིས་འཁྱུད་གྱུར་ན། །དེ་ནས་སྦྱིན་པའམ་བདེ་བའི་རིམ་པ་ལ། །རབ་ཏུ་ཞུགས་ནས་སྐྱེ་བོས་འཕྱས་གདགས་མེད། །འདབ་བཤོག་མ་རྫོགས་མཁའ་ལ་འཕུར་འདོད་བཞིན། །སྦྱིན་པ་འབའ་ཞིག་འདོད་པས་བརླག་པར་འགྱུར། །དེ་བས་སྡོམ་ཞིང་མི་གཡེང་གནས་བྱས་ལ། །སྦྱིན་པ་ཐོང་ལ་རེ་ཤིག་ནོར་སོགས་ཤིག །འབྱོར་པ་མེད་པར་གང་ཞིག་མི་སྦྱིན་པ། དེ་ལ་མ་རབས་འགྱུར་བ་ཅི་ཞིག་ཡོད། །བྱང་ཆུབ་སེམས་དཔས་སྨྲས་པ། །ཁྱོད་དེ་ལྟར་ཧ་ཅང་དུ་ནན་ཏན་མ་ཆེ་བར་ཐོང་ཞིག །གཞན་གྱི་དོན་བས་གང་ཞིག་བདག་དོན་ཆེར་འཛིན་པ། །དེས་ཀྱང་འབྱོར་པ་ཁྱད་དུ་བསད་ནས་སྦྱིན་དགོས་སོ། །གང་དག་ཆགས་པ་སྤངས་ནས་སྦྱིན་པས་དགའ་འགྱུར་པ། །འབྱོར་པ་ཆེན་པོ་ཡིས་ཀྱང་དགའ་བ་དེ་མི་མྱོང་། འབྱོར་པ་འབའ་ཞིག་གིས་ཀྱང་མཐོ་རིས་ཐོབ་མི་འགྱུར། །སྦྱིན་པ་ཡིས་ནི་གྲགས་པ་སྙན་པ་ཐོས་པར་འགྱུར། །སེར་སྣ་ལ་སོགས་སྐྱོན་གྱིས་ཟིལ་གྱིས་མནོན་མི་འགྱུར། །དེ་བས་འབྱོར་པ་དེའི་ཕྱིར་སྦྱིན་པ་སུ་མི་བྱེད། །གང་ཞིག་སྐྱེ་ཤིས་ཉེན་པའི་འཇིག་རྟེན་སྐྱོང་འདོད་པ། །སྙིང་རྗེའི་དབང་གིས་བདག་ཀྱང་རབ་ཏུ་གཏོང་བྱེད་ཅིང་། །གཞན་སྡུག་བསྔལ་བས་བདག་གིས་བདེ་བ་མི་མྱོང་བ། །དེ་ལ་ཁྱོད་ཀྱི་དཔལ་ལྡན་ནོར་ཡང་ཅི་ཞིག་བྱ། །ལྷའི་དབང་པོ་གཞན་ཡང་། །ནོར་རྣམས་ཕུན་སུམ་ཚོགས་པ་བཞིན། །ཚེ་ཡི་གནས་པ་མི་བརྟན་ཏེ། །དེ་བས་སློང་བ་མཐོང་ནས་ནི། །ཕུན་སུམ་ཚོགས་ལ་མི་བལྟའོ། །ཤིང་རྟ་གཅིག་གིས་ས་ལ་གང་དུ་ལམ་དྲངས་པ། །དེ་བཞིན་གཞན་དང་གཞན་ཡང་ལམ་དེར་བརཏན་ཏེ་འདོང་། དེ་ལྟར་ཐོག་མའི་ལམ་ནི་བདེ་བ་འདི་བོར་ནས། །ཡང་དག་མ་ཡིན་ལམ་དུ་འཇུག་པར་བདག་མི་དགའ། །གལ་ཏེ་བདག་ནི་ཕྱིས་ཀྱང་ནོར་དང་ལྡན་གྱུར་ན། །སློང་བ་རྣམས་ཀྱི་སེམས་ནི་ངེས་པར་མགུ་བར་བྱ། །འདི་ལྟར་གྱུར་ཀྱང་ཅི་འབྱོར་པ་ནི་སྦྱིན་པར་བྱ། །བརྒྱ་བྱིན་བདག་ནི་སྦྱིན་ལས་ལྡོག་པར་མ་གྱུར་ཅིག །དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་ཡིད་རབ་ཏུ་དགའ་བར་གྱུར་ནས་ལེགས་སོ་ལེགས་སོ་ཞེས་བྱ་བས་དེ་མགུ་བར་བྱས་ཏེ། རབ་ཏུ་གུས་ཤིང་བྱམས་པའི་ལྟ་བས་བལྟས་ནས་སྨྲས་པ། །སྐྱེ་བོ་རྣམས་ནི་གྲགས་དང་འགལ་བར་འགྱུར་བའི་ལས། །མི་བཟད་ངན་པ་རྣམས་ཀྱིས་འབྱོར་པ་ཐོབ་པར་འདོད། །བདག་གི་བདེ་ལ་ཆགས་པས་ཉེས་དམིགས་མ་མཐོང་ནས། །ཤིན་ཏུ་གཡེངས་བའི་སེམས་ཀྱིས་རབ་ཏུ་འཇུག །ཁྱོད་ཀྱིས་ནོར་ནི་ཟད་པར་གྱུར་པའང་མ་བསམས་ཤིང་། །བདག་གི་བདེ་ཉམས་ང་ཡིས་བསླུས་པའང་མ་བསམས་བར། །གཞན་ཕྱིར་དོན་བསྒྲུབ་པ་ལ་སེམས་ནི་བརྟེན་གྱུར་པས། །བདག་ཉིད་ཕུན་སུམ་ཚོགས་པ་རབ་ཏུ་ཆེ་བ་བསྟན། །ཨེ་མའོ་རླབས་ཆེན་ཁྱད་པར་འཕགས་པ་གསལ་བ་ཡིས། །སྙིང་གི་སེར་སྣའི་མུན་པ་རབ་ཏུ་བསལ་བར་གྱུར། །ནོར་ནི་མེད་པར་གྱུར་ཀྱང་དེ་ལ་ཆགས་པ་ཡིས། །རབ་ཏུ་སྦྱིན་ལས་ཞུམ་པའི་སྐྱོན་དུ་ཡོང་མ་གྱུར། །གཞན་སྡུག་བ་ཡིས་སྡུག་ལས་ངོ་མཚར་མི་ཆེ་སྟེ། །སྙིང་རྗེའི་དབང་གིས་ཁྱོད་ནི་འཇིག་རྟེན་ཕན་པར་འདོད། །གངས་ཀྱི་རི་བོ་རླུང་གིས་བསྐྱོད་པར་མི་ནུས་བཞིན། །རབ་ཏུ་སྦྱིན་ལ་བདག་གིས་བསྐྱོང་བར་མ་ནུས་སོ། །གྲགས་པ་ཀུན་དུ་བསྒྲགས་ཕྱིར་ཡོངས་སུ་བརྟགས་པ་འདིས། །ཁྱོད་ཀྱི་ནོར་འདི་རྣམས་ནི་བདག་གིས་སྦས་པར་གྱུར། །དེ་ལྟར་མ་བྱས་ན་ནི་ནོར་བུ་བཟང་པོ་ཡང་། །ནོར་བུ་དེ་ནི་གྲགས་དང་རིན་ཆེན་མི་ལྡོམ་མོ། །དེ་བས་སློང་བ་རྣམས་ལ་སྦྱིན་པ་ཆར་བཞིན་ཕོབ། སྤྲིན་ཆེན་གྱིས་ནི་མཚོ་རྣམས་བཀང་བ་བཞིན་དུ་བྱོས། ངས་ནི་རྗེས་སུ་བཟུང་བའི་ནོར་ཡང་ཟད་མི་འགྱུར། །བདག་གིས་གཅེས་པ་འདི་ཡང་ཁྱོད་ཀྱིས་བཟོད་པ་བྱོས། ཞེས་བྱ་བས་དེ་མགུ་བར་བྱས་ནས་བརྒྱ་བྱིན་གྱིས་དེའི་ནོར་གྱི་རྣམ་པ་དེ་དག་ཀྱང་སླར་བྱིན་ཏེ་བཟོད་པར་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ལྟ་བས་ན་སྐྱེས་བུ་དམ་པ་ནི་བདོག་བཟང་དུ་དོགས་པའམ། །འབྱོར་བ་ལ་ཆགས་པའི་ཕྱིར་སྦྱིན་པ་དང་འགལ་བར་མི་བྱེད་དོ། །ཚོང་དཔོན་ཟིལ་གྱིས་མི་ནོན་པར་སྐྱེས་པའི་རབས་ཏེ་ལྔ་པའོ།། །།


previousཚོང་དཔོན་ཟིལ་གྱིས་མི་ནོན་པར་སྐྱེས་པའི་རབས་ཏེ་ལྔ་པ།next