Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
རི་བོང་དུ་སྐྱེས་པའི་རབས་ཏེ་དྲུག་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརི་བོང་དུ་སྐྱེས་པའི་རབས་ཏེ་དྲུག་པ།next

རི་བོང་དུ་སྐྱེས་པའི་རབས་ཏེ་དྲུག་པ།

སེམས་དཔའ་ཆེན་པོ་རྣམས་ནི་དུད་འགྲོར་གྱུར་ཀྱང་སྦྱིན་པ་ཅི་ནུས་སུ་བྱེད་པ་ཡོད་ན། མིར་གྱུར་པ་ལྟ་སུ་ཞིག་སྦྱིན་པར་མི་བྱེད། དེ་ཡང་འདི་སྐད་ཐོས་ཏེ། དགོན་པའི་གནས་ལྡུམ་བུ་དང་རྩྭ་དང་ཤིང་ལྗོན་པ་ཡིད་དུ་འོང་བ་ཡོད་པ། མེ་ཏོག་དང་འབྲས་བུར་ལྡན་པ། ཆུ་གཙང་མ་བཻ་ཌཱུརྱ་མཐིང་ག་འདྲ་བ་འབབ་པའི་མཚོས་མཐའ་བསྐོར་བ་དང་། ས་གཞི་ནི་ནེའུ་སིང་སྔོན་པོ་འཇམ་པོ་དང་ལྡན་པ། སྐྱེ་བོ་དཀའ་ཐུབ་ཅན་དག་གནས་པ་ཞིག་ན། བྱང་ཆུབ་སེམས་དཔའ་རི་བོང་ཞིག་ཏུ་གྱུར་ཏེ་གནས་སོ་ཞེས་གྲག་གོ །དེ་ནི་ལུས་བཟང་སྙིང་སྟོབས་ཆེ་བ་དང་། སྟོབས་ཀྱང་ཆེ་ཞིང་གཟི་མདངས་ཆེ་བས་ན། གཅན་ཟན་ངན་པས་གླགས་ལྟར་བག་མི་ཚ། །རི་དྭགས་རྒྱལ་པོའི་ཚུལ་གྱིས་དེ་ན་གནས། བདག་གི་པགས་པ་ཨ་ཛིན་གྱོན། །བདག་གི་སྤུ་ཡིས་ཤུན་ལྤགས་བྱས། རྩྭ་ཡི་མྱུ་གུས་སེམས་མགུ་ཞིང་། ཐུབ་པ་བཞིན་དུ་དེ་ན་མཛེས། །དེ་ཡི་ལུས་དང་ངག་ཡིད་ལས། བྱམས་པས་ཡོངས་སུ་དཀར་བ་ཡིས། །རི་དྭགས་སློབ་མ་བདེར་གནས་ཤིང་། །བདག་ཉིད་ངན་པ་སྤངས་པར་གྱུར། །དེའི་ཡོན་ཏན་ཁྱད་པར་ཅན་གྱིས་བྱམས་བ་དང་གུས་པ་སྐྱེས་པས་སེམས་རབ་ཏུ་ཆགས་བའི་གྲོགས་གསུམ་ཞིག་ཡོད་བར་གྱུར་ཏེ། སྲམ་དང་། ལྕེ་སྤྱང་དང་། སྤྲེའུ་རྣམས་སོ། །དེ་དག་ཀྱང་ཕན་ཚུན་གཉེན་དུ་འབྲེལ་བ་བཞིན་དུ་ཅིག་ལ་ཅིག་བྱམས་ཤིང་ཆགས་པར་ནི་གྱུར། ཅིག་ལ་ཅིག་སྤོབས་ཤིང་བཀུར་སྟི་བྱེད་པས་རབ་ཏུ་མཛའ་བར་གྱུར་པའི་གྲོགས་པོ་བཞིན་དུ་དགའ་བཞིན་དེ་ན་གནས་ཏེ། དུད་འགྲོའི་རང་བཞིན་ལ་ནི་མི་ཕྱོགས་པ། །སྲོག་ཆགས་རྣམས་ལ་སྙིང་རྗེ་ཆེ་བ་དང་། བརྐམ་པ་མེད་པ་དང་། རྐུ་བ་མི་དྲན་པ་དང་། ཆོས་དང་མཐུན་པའི་འཚོ་བ་ལ་གནས་པ་དང་། རྣམ་པར་ཤེས་པ་གསལ་བས་དུལ་བ་དང་། སྡོམ་པ་དང་སྤྱོད་པ་བརྟན་པའི་ཕྱིར་ལྷ་རྣམས་ཀྱང་ཡ་མཚན་དུ་གྱུར་ཏོ། །བདེ་དང་མཐུན་ཞིང་ཡོན་ཏན་མི་མཐུན་ཚུལ། །ཡོན་ཏན་མཐུན་ཞིང་བདེ་དང་མི་མཐུན་ཚུལ། །མི་ཡང་ཡོན་ཏན་ཕྱོགས་ལ་བརྟེན་ན་ནི། །རྣམ་པར་མཛེས་ན་དུད་འགྲོ་སྨོས་ཅི་དགོས། །རི་བོང་གཟུགས་ཅན་མཁས་པ་དེ་ནི་དེ་རྣམས་ཀྱི། གཞན་ལ་སྙིང་རྗེ་ཆེ་བའི་བླ་མར་གྱུར། །ཡོན་ཏན་རྗེས་འགྲོ་རང་བཞིན་ཕུན་སུམ་ཚོགས། དེ་རྣམས་གྲགས་པ་ལྷ་ཡུལ་དུ་ཡང་གྲགས། །དེ་ནས་རེ་ཤིག་བདག་ཉིད་ཆེན་པོ་དེ་ཕྱི་དྲོའི་དུས་སུ་གྲོགས་དེ་རྣམས་ཆོས་ཉན་པའི་ཕྱིར་ལྷགས་ཏེ། རབ་ཏུ་གུས་པར་བཀུར་སྟི་བྱས་པ་དང་། ཟླ་བ་ཡར་གྱི་ངོའི་ཚེས་བཅུ་བཞི་ལ། དཀྱིལ་འཁོར་ཡོངས་སུ་རྫོགས་སུ་ཉེ་བའི་ཉི་མ་དང་ཐག་རིང་བས་རྣམ་པར་དཀར་ཞིང་མཛེས་པ། དངུལ་གྱི་མེ་ལོང་ལུང་མེད་པ་འདྲ་བ། ངོས་གཅིག་ཅུང་ཟད་སྔོ་བ། ཤར་བ་ལ་བལྟས་ནས། གྲོགས་རྣམས་ལ་སྨྲས་པ། དཀྱིལ་འཁོར་ཅུང་ཟད་མ་རྫོགས་པ། །བཟང་པོ་འདི་ནི་རྒོད་པ་བཞིན། །དགེ་བ་རྣམས་ལ་གསོ་སྦྱོང་གི། སྤྲོ་བ་ཟླ་བ་འདི་སྟོན་ནོ། །དེ་བས་ན་ངེས་པར་སང་ནི་ཚེས་བཅོ་ལྔ་སྟེ། ཁྱོད་ཀྱིས་ཀྱང་གསོ་སྦྱོང་དང་སྡོམ་པ་རྣམས་བྱ་བར་བརྩམ་ཞིང་རིགས་པར་རྙེད་པའི་ཁ་ཟས་ཀྱིས་དུས་སུ་ལྷགས་པའི་གློ་བུར་བ་རྣམས་ལ་མགྲོན་གྱིས་ལ་སྲོག་གཟུང་བར་བྱ་བར་རིགས་སོ། །ཁྱེད་རྣམས་ལྟོས་ཤིག །འདུ་བ་གང་ཡོད་མཐའ་ནི་འབྲལ་བར་འགྱུར། །དར་བ་ཡོད་ན་ངན་དང་རྒུད་པའི་མཐའ། །ཚེ་ཡང་གློག་བཞིན་འགྱུར་བཞིན་མི་བརྟན་ནོ། །དེ་ཕྱིར་བག་ཡོད་པ་ལ་བརྟེན་པར་གྱིས། །དེ་བས་སྦྱིན་པ་ཚུལ་ཁྲིམས་བརྒྱན་པ་ཡིས། །བསོད་ནམས་དག་ནི་ཁྱེད་ཀྱིས་སྤེལ་བར་གྱིས། །སྐྱེ་བོ་ངན་འགྲོའི་ནང་ན་འཁོར་བའི་ཚེ། །འཇིག་རྟེན་རྣམས་ལ་བསོད་ནམས་རྟེན་གྱི་མཆོག །སྐར་མ་རྣམས་ཀྱི་དཔལ་ནི་ཟིལ་མནན་ནས། །གཟི་མདངས་ཡོན་ཏན་གྱིས་ནི་ཟླ་བ་མཛེས། །འོད་ཟེར་ཅན་རྣམས་ཉི་མས་ཟིལ་མནན་ནས། །མཛེས་པར་གང་གྱུར་དེ་ནི་བསོད་ནམས་མཐུ། །ས་ཡི་དབང་ཕྱུག་རྣམས་ཀྱི་བསོད་ནམས་མཐུས། །རྒྱལ་པོ་རྣམས་དང་བློན་པོ་དྲེགས་པ་རྣམས། །དྲགས་པ་ཀུན་སྤངས་རྟ་མཆོག་ཚུལ་དག་གིས། །དགའ་བ་བཞིན་དུ་བཀའ་ལུང་ཉན་པར་བྱེད། །སོ་ཚིལ་བྱ་བའི་ཚུལ་ལ་འབད་གྱུར་ཀྱང་། །བསོད་ནམས་མི་ལྡན་དཔལ་མིན་རྗེས་སུ་འབྲང་། བསོད་ནམས་ཆེ་བས་དེ་ནི་བསྐྲད་པ་བཞིན། །དེ་དང་མི་མཐུན་དྲུང་ནས་ཁྲོས་བཞིན་འགྲོ། །སྡུག་བསྔལ་གཞིར་འགྱུར་གཏམ་ངན་རྗེས་འབྲང་བའི། །སྡིག་པའི་ལམ་ལས་དེ་བས་སླར་ལོག་ལ། །དེ་བས་བསོད་ནམས་སྤྱོད་པ་དཔལ་ལྡན་བ། །བདེ་བ་རབ་འབྱུང་བསྒྲུབ་ལ་བློ་བྱོས་ཤིག །དེ་དག་གིས་དེ་བཞིན་བགྱིའོ་ཟེར་ནས་དེས་རྗེས་སུ་བསྟན་པ་ལ་ཉན་ཏེ་ཕྱག་འཚལ་བསྐོར་བ་བྱས་ཏེ་བདག་བདག་གི་གནས་སུ་དོང་ངོ་། །གྲོགས་པོ་དེ་དག་སོང་ནས་རིང་པོ་མ་ལོན་བར། བདག་ཉིད་ཆེན་པོ་དེས་བསམས་པ། མགྲོན་ཞིག་འོངས་ན་དེ་དག་གིས། །ཅི་ཡང་རུང་བས་མགྲོན་བྱར་ཡོད། བདག་གིས་ཅི་ཡང་སྦྱིན་དུ་མེད། །བདག་གིས་སོ་རྩེས་བཅད་པ་ཡི། །རྩྭ་ཡི་མྱུ་གུ་ཁ་བོ་ནི། །འགྲོན་ལ་སྦྱིན་དུ་ཡོང་མི་རུང་། །མི་ནུས་བས་ནི་ཡོང་ཡེ་སྨད། །དེ་བས་ཅི་ཡང་མི་ནུས་བ། །བདག་ནི་གསོན་ཡང་ཅི་ལ་ཕན། བདག་གི་འགྲོན་ཞིག་འོངས་གྱུར་ན། །དགའ་ཞིང་མྱ་ངན་སྐྱེ་བར་འགྱུར་སྙམ་མོ། །ད་ནི་མགྲོན་བྱར་མི་རུང་བ་སྙིང་པོ་མེད་པའི་ལུས་འདི་གར་བོར་ན་འགའ་ཞིག་ལ་ཕན་ཐོགས་པར་འགྱུར་དུ་བསམས་པ་དང་། བདག་ཉིད་ཆེན་པོ་དེས་དྲན་པ་རྙེད་པ་དང་། ཨེ་མའོ་དབང་བདག་ལ་ཡོང་ཅིང་རྙེད་སླ་བ་བདག་གི་ལུས་ཉིད་མགྲོན་རྣམས་ལ་སྦྱིན་དུ་རུང་བའི་ནོར་ཁ་ན་མ་ཐོ་བ་མེད་པ་བདག་ལ་ཡོད་བཞིན་དུ་ཅིའི་ཕྱིར་མྱ་ངན་བྱ། བདག་གི་མགྲོན་བྱར་རུང་བ་འདི་རྙེད་ཀྱིས། སྙིང་ཁྱོད་ད་ནི་མི་དགའ་བ་མ་བྱེད་ཅིག །བདག་གིས་ད་ནི་མགྲོན་རྣམས་སྤོབས་པ་ལ་རྫོགས་པར་ཡོད་པའི་ལུས་འདིས་བཀུར་སྟི་བྱའོ་སྙམ་དུ་ངེས་པར་བསམས་ནས། སེམས་དཔའ་ཆེན་པོ་དེ་རྙེད་པ་མཆོག་རྙེད་པ་བཞིན་དུ། ཡིད་རབ་ཏུ་དགའ་བར་གྱུར་ཅིང་དེ་ན་འདུག་གོ །དེ་ཡི་སྙིང་ལ་རྣམ་རྟོག་པ། ཁྱད་པར་ཅན་ནི་སྐྱེས་གྱུར་པས། མཐུ་དང་རབ་ཏུ་དང་བ་དག །ལྷ་རྣམས་ལ་ནི་བསྟན་པར་གྱུར། །དེ་ནས་ས་གཞི་རི་དང་བཅས་པ་གཡོས་བ་ནི། །རྒྱ་མཚོ་འཁྲུག་པའི་གོས་གྱོན་དགའ་བ་བཞིན། །མཁའ་ལས་ལྷ་ཡི་རྔ་སྒྲ་རྒྱས་པར་གྲག །ཕྱོགས་ཀྱང་རབ་ཏུ་དང་བའི་གོས་གྱོན་གསལ། སྤྲིན་ཀྱང་གློག་དང་ལྡན་པ་འབྲུག་གི་སྒྲ། །རྒྱུན་ཆགས་དལ་བུས་སྒྲོག་ཅིང་རྒོད་པ་བཞིན། །ཕན་ཚུན་བདས་པས་རྡུལ་རྣམས་ལྷགས་པ་ཡི། །མེ་ཏོག་རྒྱུན་ཆགས་རྣམས་ཀྱིས་དེ་ལ་འཐོར། །བསེར་བུ་དལ་བུས་ལྡང་བའི་རླུང་གིས་ཀྱང་། །ལྗོན་ཤིང་སྣ་ཚོགས་མེ་ཏོག་དྲི་ཞིམ་རྡུལ། །རབ་ཏུ་འཁྲིགས་པ་སྲབ་མོའི་གོས་བཀྲམ་བཞིན། །རབ་ཏུ་དགའ་བས་དེ་ལ་མཆོད་བྱེད་འདྲ། །དེའི་རྣམ་པར་རྟོག་པ་རྨད་དུ་བྱུང་བ་དེ་ལ་རབ་ཏུ་དགའ་ཞིང་ཡིད་ལ་ངོ་མཚར་སྐྱེས་པའི་ལྷ་རྣམས་ཀྱིས་ཀུན་དུ་བསྒྲགས་པ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཐོས་ནས་ཡིད་ལ་ཡ་མཚན་དང་ངོ་མཚར་ཆེ་བར་གྱུར་ཏེ། དེའི་བསམ་པ་ཉམས་བསྐྱེད་པའི་ཕྱིར། ཕྱི་དེ་ཉིན་ཉི་མ་ཕྱེད་ཀྱི་དུས་ན། ཉི་ཟེར་གྱི་འོད་ནི་རབ་ཏུ་བསལ་བར་གྱུར། ཕྱོགས་རྣམས་ཀྱང་སྨིག་རྒྱུ་འཁྲིགས་པའི་གོས་ནི་གྱོན། །ཉི་མ་ཚ་བའི་འོད་ཀྱིས་ནི་མགོ་གཡོགས། མིག་གིས་བལྟར་ཡང་མི་བཟོད་པར་གྱུར་པའི་ཚེ་ན། ནགས་ཚལ་རྣམས་ཀྱི་གྲིབ་མ་ནི་འདུས་པར་གྱུར། །ཚ་བའི་སྦྲང་བུ་རྣམས་ཀྱི་སྒྲ་ནི་ཆེར་གྲག །བྱ་རྣམས་ལྡིང་ཞིང་རྒྱུ་བའི་རྒྱུན་ནི་ཆད། འགྲོན་པོ་རྣམས་ནི་ཚ་བས་གདུངས་ཤིང་ངལ་བར་གྱུར་པ་ན། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བྲམ་ཟེའི་གཟུགས་སུ་བསྒྱུར་ནས་ལམ་ནོར་བ་འདྲ་བར་བྱས་ཏེ། བཀྲེས་པ་དང་སྐོམ་པའི་ངལ་བས་གདུངས་ཤིང་མགྲིན་པ་འགགས་པ་བཞིན་དུ་དེ་དག་དང་ཉེ་བ་ཞིག་ཏུ་སྒྲ་ཕྱུང་སྟེ་ངུ་ཞིང་བོས་པ། གྲོགས་དང་བྲལ་བ་གཅིག་པུར་གྱུར། །ནགས་ཚལ་སྟུག་པོའི་ནང་དུ་འཁྱམས། །བཀྲེས་ཤིང་ངལ་བས་བདག་ལུས་དུབ། །དགེ་བ་རྣམས་ཀྱིས་བསྐྱབ་པའི་རིགས། །བདག་ནི་ལམ་དང་ལམ་མིན་སེམས་མི་ཤེས། །གཅིག་པུ་ཕྱོགས་བསླད་གར་འགྲོ་ཏོལ་ཀྱང་མེད། །དགོན་པ་འདི་ན་ཚ་ཞིང་སྐོམ་པས་གདུངས། །མ་འཇིགས་སྒྲ་ཡིས་སུ་ཡིས་བདག་ཚིམ་བྱེད། །དེ་ནས་སེམས་ཅན་ཆེན་པོ་དེ་དག་དེའི་སྒྲ་སྙིང་རྗེ་རྗེ་སྐད་ཟེར་བས། སྙིང་འདར་བར་གྱུར་ནས། །རིངས་རིངས་ལྟར་མགྱོགས་སུ་དོང་སྟེ། །ཕྱོགས་དེར་ཕྱིན་པ་དང་། འགྲོན་པོ་ལམ་ནོར་ཏེ་ཉམས་ཐག་པ་དེ་མཐོང་ནས། ཉེ་བར་ལྷགས་ཏེ་གུས་པ་དང་བཅས་པས་དབུགས་འབྱིན་ཅིང་སྨྲས་པ། བདག་ནི་དགོན་པར་འཁྱམས་སྙམ་དུ། ཁྱོད་ཀྱི་བརྟབས་པ་དེ་ཐོང་ཞིག །བདག་གི་སློབ་མའི་འཁོར་བཞིན་དུ། །བདག་ཅག་གང་ཞིག་ཉེ་བར་འཁོད། །དེ་བས་དེ་རིང་བདག་ཅག་གིས། །བཀུར་སྟི་བྱ་བ་ཡོངས་བཟུང་ཞིང་། །ཞི་བ་རྗེས་སུ་བཟུང་ནས་སུ། །སང་ནི་ཅི་ལྟར་འདོད་པར་སོང་། །དེ་ནས་དེ་ཅི་ཡང་མི་ཟེར་བས། མགྲོན་དུ་བོས་པ་ཁས་བླངས་པ་སྲམ་གྱིས་རིག་ནས། དགའ་བས་རྟབ་རྟབ་པོར་གྱུར་ཅིང་མགྱོགས་པར་སོང་སྟེ། ཉ་མོ་བདུན་ཁྱེར་ཏེ་འོངས་ནས་དེ་ལ་སྨྲས་པ། །ཉ་པ་རྣམས་ཀྱིས་བརྗེད་ནས་བོར་བའམ། །དངངས་ཏེ་རྒ་བས་ཐང་ལ་འགྲེས་པ་དག །མི་དགའ་གཉིད་ཀྱི་ལོག་བཞིན་ཉ་བདུན་པོ། །བདག་གིས་རྙེད་པ་འདི་དག་ཟོ་ལ་འདུག །དེ་ནས་ལྕེ་སྦྱང་ཡང་ཅི་རྙེད་པའི་ཟས་དག་ཁྱེར་ཏེ་འོངས་ནས་དེ་ལ་ཕྱག་བྱས་ཏེ། གུས་པར་སྨྲས་པ། སྐྱིན་གོར་གཅིག་དང་ཞོ་ནི་རྫིའུ་གང་ཞིག །ལ་ལ་ཞིག་གིས་བོར་བ་རྙེད་པ་འདི། །བདག་ལ་ཕན་པའི་ཕྱིར་སྣོམས་ལ། །ཡོན་ཏན་གནས་ཁྱོད་ནགས་ཚལ་འདིར་བཞུགས་ཤིག །ཅེས་སྨྲས་ནས་ཡིད་དགའ་བཞིན་དུ་དེ་ལ་བྱིན་ནོ། །དེ་ནས་སྤྲེའུས་ཤིང་ཨཱ་མྲའི་འབྲས་བུ་རབ་ཏུ་སྨིན་པ་འཇམ་པོ་ལྡོང་རོས་ཀྱི་ཕྱེ་མས་ཁ་དོག་བསྒྱུར་བ་འདྲ་བ་རྩི་སེར་བ། རྩ་བ་དམར་བའི་སྙེ་མ་དག་ཅིག་ཁྱེར་ཏེ་འོངས་ནས་ཐལ་མོ་སྦྱར་ཏེ་དེ་ལ་སྨྲས་པ། ཨཱ་མྲ་སྨིན་ཅིང་ཡིད་དུ་འོང་བའི་ཆུ། གྲིབ་མ་བསིལ་བ་དམ་པ་རྣམས་དང་འགྲོགས། བདག་ལ་མཆིས་ཀྱིས་ཚངས་པ་རིགས་པའི་མཆོག །འདི་དག་སྣོམས་ལ་ཁྱོད་ནི་འདིར་བཞུགས་ཤིག །དེ་ནས་རི་བོང་གིས་ཞེས་ས་བྱས་ཏེ་དྲུང་དུ་འོངས་ཏེ་གུས་པར་བལྟ་ཞིང་། །བདག་གི་ལུས་ཀྱིས་འགྲོན་བྱེད་པ་ནི། ནགས་ཀྱི་རི་བོང་ང་ལ་ཅི་ཡང་མེད། །མུད་ག་དང་ནི་ཏིལ་དང་འབྲས་ཀྱང་མེད། །བདག་གི་ལུས་ནི་མེ་ལ་བསྲེགས་པ་འདི། །སྣོམས་ལ་དི་རིང་དཀའ་ཐུབ་ནགས་ལ་བཞུགས། །བདག་གི་དོན་བསྒྲུབ་ནོར་ནི་ཅི་ཡོད་པ། །ཕོངས་པ་འོངས་ན་དེ་ནི་དེ་ལ་དབུལ། །བདག་ལ་ལུས་ལས་ལྷགས་པའི་ནོར་ཡང་མེད། །དེ་བས་བདག་གི་ནོར་དབྱིག་འདི་ཁྱེར་ཅིག །བརྒྱ་བྱིན་གྱིས་སྨྲས་པ། བདག་ཅག་ལྟ་བུ་གཞན་དག་གི །སྲོག་ཀྱང་གཅོད་པར་མི་བྱེད་ན། དེ་ལྟར་རབ་ཏུ་བྱམས་བརྟན་པ། །ཁྱོད་ལྟ་བུ་ལ་སྨོས་ཅི་དགོས། །རི་བོང་གིས་སྨྲས་པ། བྲམ་ཟེའི་ཆོས་ལ་འདི་ལྟ་བུའི་སྙིང་རྗེ་ཉེ་བར་གནས་པ་ནི་རིགས་ཀྱིས། དེ་བས་ན་བདག་ལ་ཕན་པའི་ཐབས་འགའ་ཞིག་གུད་ནས་བཙལ་ཏེ། འོང་གི་བར་དུ་བདག་ལ་ཕན་གདགས་པའི་སླད་དུ། ཁྱོད་རེ་ཤིག་འདིར་བཞུགས་ཤིག །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་དེའི་བསམ་པ་ཤེས་ནས། མདག་མའི་ཕུང་པོ་གསེར་བཙོ་མའི་ཁ་དོག་འདྲ་བ། ཅུང་ཟད་འབར་བ། མེ་སྟག་རྣམ་པར་འཕྲོ་བ་དུ་བ་མེད་པ་ཞིག་མངོན་པར་སྤྲུལ་ཏོ། དེ་ནས་རི་བོང་གིས་ཕྱོགས་ཀུན་དུ་བལྟས་པ་དང་མེའི་ཕུང་པོ་དེ་མཐོང་ངོ་། །མཐོང་ནས་ཀྱང་ཡིད་རབ་ཏུ་དགའ་ནས། བརྒྱ་བྱིན་ལ་སྨྲས་པ། བདག་ལ་ཕན་པའི་ཐབས་འདི་བདག་གིས་རྙེད་དེ། དེ་བས་ན་བདག་གི་ལུས་ལོངས་སྤྱོད་དུ་བྱས་པ། ཕན་གདགས་པའི་བསམ་པ་འབྲས་བུ་དང་བཅས་པར་བདག་ལ་མཛད་པའི་རིགས་སོ། །བྲམ་ཟེ་ཆེན་པོ་གཟིགས་སུ་གསོལ། སྦྱིན་པར་བྱ་དང་སྦྱིན་འདོད་གཞོལ་སེམས་དང་། ཁྱོད་ལྟ་བུ་ཡི་འགྲོན་དང་ལྡན་གྱུར་པ། །འདི་ལྟ་བུ་ཡི་རྙེད་པ་རབ་ཏུ་དཀོན། ཁྱོད་ལ་བརྟེན་ནས་བདག་ནི་དོན་ཡོད་གྱུར། །ཅེས་འགྲོན་ལ་དགའ་བའི་ཕྱིར་གུས་ཤིང་རིམ་གྲོ་བསྐྱེད་དེ་དེ་ལ་དེ་སྐད་སྨྲས་ཏེ། དེ་ནས་དེ་ནི་མེ་འབར་དེའི་ནང་དུ། །ནོར་འདོད་བ་དག་གཏེར་ནི་མཐོང་བ་བཞིན། །རབ་ཏུ་དགའ་བས་མེ་ཡི་ནང་དུ་ཞུགས། །པད་འདབ་རྒྱས་པའི་ཆུ་ནང་ངང་པ་བཞིན། །ལྷ་རྣམས་ཀྱི་བདག་པོས་དེ་མཐོང་ནས་ཡིད་ལ་ངོ་མཚར་སྐྱེས་ཏེ། བདག་ཉིད་ཀྱི་ལུས་སུ་གནས་ནས། ལྷའི་མེ་ཏོག་ཆར་བཞིན་འབབ་པ་དང་བཅས་པའི་ཚིག་རྣར་སྙན་ཅིང་ཡིད་དུ་འོང་བས་མངོན་པར་བསྟོད་དེ། བདག་ཉིད་ཀྱི་ལག་པ་པདྨའི་འདབ་མ་འདྲ་བ། དཔལ་ཕུན་སུམ་ཚོགས་པར་སོར་གདུབ་ཀྱི་རྒྱན་བཟང་པོས་བརྒྱན་པ་གཉིས་ཀྱིས་དེ་བླངས་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་ཁྱེར་ཏེ་བསྟན་ཏོ། སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་ན་གནས་པའི་ལྷ་ཁྱེད་རྣམས་ལྟོས་ཤིག །སྐྱེས་བུ་ཆེན་བོ་འདིའི་ལུས་རབ་ཏུ་ཡ་མཚན་ཆེ་བ་འདི་ལ་རྗེས་སུ་ཡི་རང་བར་གྱིས་ཤིག །འགྲོན་ལ་བྱམས་པས་དེ་རིང་ཆགས་མེད་བར། །ཨེ་མའོ་འདི་ཡིས་ཇི་ལྟར་ལུས་བཏང་བ། །སེམས་ཅན་མི་བརྟན་རྣམས་ཀྱིས་དམན་མ་ཡང་། །དེ་ལྟར་ཐེ་ཚོམ་མེད་པར་གཏོང་མི་ནུས། །འདི་ལྟའི་རིགས་དང་དེ་དང་འགལ་བ་ཡི། །གཏོང་བ་རྒྱ་ཆེན་སེམས་ཀྱང་གསལ་བ་འདི། །ལྷ་མི་བསོད་ནམས་མི་བྱེད་པ་རྣམས་ལ། །དཔེ་བསྟན་བཞིན་དུ་འདི་ནི་རྣམ་པར་གསལ། །ཨེ་མའོ་ཡོན་ཏན་གོམས་བྱས་པ། །འདི་ཡི་བློ་ལ་དགོས་པ་དང་། །ཨེ་མའོ་དམ་པའི་སྤྱོད་གཞོལ་བ། །སྤྱོད་པ་རྒྱ་ཆེན་འདི་ཡིས་བསྟན། །དེ་ནས་བརྒྱ་བྱིན་གྱིས་དེའི་ལུས་ཁྱད་པར་ཅན་བསྟན་པའི་ཕྱིར། །འཇིག་རྟེན་ལ་ཕན་པར་བསམས་ནས། ཁང་བཟང་མཆོག་རྣམ་པར་རྒྱལ་བ་དང་ལྷའི་མདུན་ས་ཆོས་བཟང་གི་ཁང་པ་རྩེགས་པ་དང་། ཟླ་བའི་དཀྱིལ་འཁོར་ལ་རི་བོང་གི་གཟུགས་བརྙན་གྱིས་བརྒྱན་ཏེ་བཞག་གོ །ཟླ་བའི་དཀྱིལ་འཁོར་གང་བ་ལ། །དིང་སང་དུ་ཡང་རི་བོང་གཟུགས། །མེ་ལོང་དཀྱིལ་ན་གཟུགས་བརྙན་བཞིན། །རབ་ཏུ་མངོན་པར་མཛེས་པར་སྣང་། །དེ་དག་ཕྱིན་ཆད་འཇིག་རྟེན་པས། །ཀུ་མུ་ད་ནི་ཁ་འབྱེད་པ། །མཚན་མོའི་མཚན་མ་ཟླ་བ་ལ། །རི་བོང་མཚན་མ་ཅན་ཞེས་བསྒྲགས། །དེ་བས་ན་དེ་ལྟར་སེམས་ཅན་ཆེན་པོ་དུད་འགྲོར་གྱུར་པ་རྣམས་ཀྱང་ཅི་ནུས་པར་སྦྱིན་པ་བྱེད་པར་མཐོང་ན། མིར་གྱུར་པ་སུ་ཞིག་སྦྱིན་པ་མི་བྱེད། དེ་བཞིན་དུ་དུད་འགྲོར་གྱུར་པ་ཡང་ཡོན་ཏན་ལ་དགའ་ན། དམ་པ་རྣམས་ཀྱིས་མཆོད་པར་འགྱུར་བའི་ཕྱིར་ཡོན་ཏན་ལ་གུས་པར་བྱའོ་ཞེས་ཀྱང་བཤད་པར་བྱའོ། རི་བོང་དུ་སྐྱེས་པའི་རབས་ཏེ་དྲུག་པའོ།། །།


previousརི་བོང་དུ་སྐྱེས་པའི་རབས་ཏེ་དྲུག་པ།next