Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
ཨ་ག་སྟར་སྐྱེས་པའི་རབས་ཏེ་བདུན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཨ་ག་སྟར་སྐྱེས་པའི་རབས་ཏེ་བདུན་པ།next

ཨ་ག་སྟར་སྐྱེས་པའི་རབས་ཏེ་བདུན་པ།

དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་པ་རྣམས་ལའང་གཏོང་བ་དང་། དཔའ་བ་གཉིས་རྒྱན་དུ་འགྱུར་ན་ཁྱིམ་ན་གནས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེ་ཡང་འདི་སྐད་ཐོས་ཏེ། བཅོམ་ལྡན་འདས་འདི་སྔོན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་འཇིག་རྟེན་ལ་ཕན་པའི་ཕྱིར་འཁོར་བ་ན་གནས་པའི་ཚེ། སྤྱོད་པ་དང་ཡོན་ཏན་རྣམ་པར་དག་པས་མངོན་པར་མཚོན་པ་སའི་སྟེང་ན་རྒྱན་དུ་གྱུར་པ། ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ནམ་མཁའ་ལ་ཤར་བ་བཞིན་དུ། བྲམ་ཟེའི་རིགས་ཤིག་ཏུ་སྐྱེས་པར་གྱུར་ཏོ་ཞེས་གྲག་གོ །དེ་རིམ་པ་བཞིན་དུ་ཐོས་པ་དང་དྲན་པ་ལས་བྱུང་བའི་ཆོ་ག་བཞིན་དུ་སྐྱེས་བའི་ལས་ལ་སོགས་པ་བྱ་བ་རྣམས་ནི་བྱས། རིག་བྱེད་ཡན་ལག་དང་བཅས་པ་ནི་བསླབས། མཁས་པའི་གྲགས་པ་ནི་མིའི་འཇིག་རྟེན་མ་ལུས་པར་ཁྱབ་པར་བྱས། སྦྱིན་པ་པོ་ཡོན་ཏན་ལ་དགའ་བ་རྣམས་ཀྱིས་གསོལ་བ་བཏབ་སྟེ་ཕུལ་བ་རྣམས་བླངས་པས། འབྱོར་བའི་ཕྱིར་ནོར་རབ་ཏུ་ཕུན་སུམ་ཚོགས་པར་གྱུར་ཏོ། །གཉེན་དང་མཛའ་བཤེས་རྟེན་དང་ཕོངས་རྣམས་དང་། །འགྲོན་དང་བླ་མ་བཀུར་སྟི་བྱ་བ་རྣམས། །འབྱོར་བ་དེས་ན་རབ་ཏུ་ཚིམ་བྱས་པ། །ཡུལ་དུ་སྤྲིན་གྱི་ཆར་ཆེན་ཕབ་པ་བཞིན། །མཁས་པའི་ཕྱིར་ནི་དེ་ཡི་གྲགས་པ་དེ། །གཏོང་བ་དང་ནི་དཔའ་བས་ལྷག་གྱུར་པ། །སྟོན་ཀའི་ཟླ་བ་རྣམ་པར་དག་པ་དང་། །ཡོངས་སུ་རྫོགས་པས་ལྷག་པར་གསལ་བ་བཞིན། །དེ་ནས་བདག་ཉིད་ཆེན་པོ་དེ་ཁྱིམ་ན་གནས་པ་བྱ་བ་ངན་པས་བྲེལ་བའི་ཉེས་པས་གླགས་པ། བག་མེད་པའི་གནས་སུ་གྱུར་པ། །ནོར་སྒྲུབ་ཅིང་བསྲུང་བའི་ཞར་གྱིས་རྣམ་པར་དཀྲུགས་པ། ཉེ་བར་ཞི་བ་དང་འགལ་བ། སྡུག་བསྔལ་མང་པོའི་མདའི་འབེན་དུ་གྱུར་པ། སོ་ཚིལ་ཀྱི་ལས་སྒྲུབ་པ་མཐའ་ཡས་པས་དུབ་པར་གྱུར་པ། ཆོག་མི་ཤེས་པ། བདེ་བ་མྱོང་བ་ཆུང་བར་རིག་ནས། རབ་ཏུ་བྱུང་བ་ནི་དེའི་ཉེས་པ་མེད་ཅིང་བདེ་ལ། ཆོས་སྒྲུབ་པ་དང་རྗེས་སུ་མཐུན་པ་ཐར་པའི་ཆོས་བརྩམ་པའི་གནས་སུ་གྱུར་པར་མཐོང་བས། ཉོན་མ་མོངས་པར་རྙེད་པའི་ནོར་ཕུན་སུམ་ཚོགས་པ་འཇིག་རྟེན་གྱིས་བཀུར་སྟི་བྱས་པས་ཡིད་དུ་འོང་བ་དེ་དག་ཀྱང་རྩྭ་བཞིན་དུ་སྤངས་ནས། རབ་ཏུ་འབྱུང་བ་དཀའ་ཐུབ་ཅན་གྱི་འདུལ་བ་དང་སྡོམ་པ་ལ་རབ་ཏུ་འབད་པར་གྱུར་ཏོ། །སེམས་དཔའ་ཆེན་པོ་དེ་རབ་ཏུ་བྱུང་བར་གྱུར་ཀྱང་གྲགས་པ་ཆེ་བ་དང་སྔོན་ཤེས་པ་རྗེས་སུ་དྲན་པ་དང་། སྲིད་པའི་ཡོན་ཏན་དང་། རབ་ཏུ་ཞི་བས་མཚན་པའི་ཕྱིར། ལེགས་པར་འདོད་པའི་སྐྱེ་བོ་རྣམས་དེའི་ཡོན་ཏན་མང་པོས་ཡིད་མགུ་བས་དེ་བཞིན་དུ་འདུ་ཞིང་ཡོང་བར་གྱུར་ཏོ། །དེ་སྐྱེ་བོ་ཁྱིམ་པའི་འདུ་འཛིས་རབ་ཏུ་དབེན་པའི་བདེ་བ་མེད་པར་བྱེད་པ། འཁྲུག་པ་དང་། གཡེང་བ་དང་། བར་ཆད་དུ་གྱུར་པ་དེ་ལ་མི་དགའ་ནས་རབ་ཏུ་དབེན་པ་ལ་དགའ་བའི་ཕྱིར། ཀ་ར་ཞེས་བྱ་བའི་གླིང་། །ལྷོ་ཕྱོགས་ཀྱི་རྒྱ་མཚོའི་ནང་ན་འདུག་པ། རྒྱ་མཚོའི་རླབས་རླུང་གིས་བསྐྱོད་བ། ཨནྡ་རྙིལ་གྱི་བཅག་འཕྲོ་ལྟར་སྔོ་བ་འཐོར་བས་ཐ་མ་བསྐོར་བ། ས་གཞི་བྱེ་མ་སྐྱ་བོས་ཁེབས་པ། ཤིང་ལྗོན་པ་རྣམས་པ་སྣ་ཚོགས་མེ་ཏོག་དང་། འབྲས་བུ་དང་འདབ་མས་བརྒྱན་པ་རྣམས་ཀྱིས་མཛེས་པར་བྱས་པ། ཆུ་གཙང་མ་བཏུང་ཏུ་རུང་བ་ཡོད་པ་ཞིག་ཏུ་གནས་ནས་དཀའ་ཐུབ་ཀྱི་གནས་དཔལ་དང་ལྡན་པར་བྱས་སོ། །ལུས་བཟང་དེ་ནི་དཀའ་ཐུབ་ཀྱིས། །རིང་བར་གྱུར་ཅིང་དེ་ན་མཛེས། །མཁའ་ལ་ཟླ་བ་མཛེས་པ་བཞིན། །གཟི་མདངས་ཆེ་བ་མཁའ་ལ་སྣང་། །སྤྱོད་དང་དབང་པོ་རབ་ཏུ་ཞི་ཞིང་དུལ། །བརཏལ་ཞུགས་སྡོམ་ལ་ངེས་བྱས་ནགས་ཚལ་གནས། བློ་ཡི་མཐུ་ཆུང་རྣམས་ཀྱི་ཐུབ་པ་ཞེས། །བྱ་དང་རི་དྭགས་རྣམས་ཀྱང་དེ་ལ་འཁོར། །དེ་ནས་བདག་ཉིད་ཆེན་པོ་དེ་དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་ཀྱང་སྦྱིན་པ་ལ་རབ་ཏུ་གོམས་པས། གློ་བུར་བ་རྣམས་དུས་སུ་འོངས་པ་ན། །རྩ་བ་དང་འབྲས་བུ་ཅི་རྙེད་པ་དང་། ཆུ་གཙང་མ་དང་འདིར་འོངས་པ་ལེགས་སོ་ཞེས་བྱ་བའི་ཚིག་གིས་ཤིས་པ་བརྗོད་པ་ཡིད་དུ་འོང་བའི་སྐྱེ་བོ་དཀའ་ཐུབ་ཅན་ལ་འོས་པ་རྣམས་ཀྱིས་མཆོད་པར་བྱེད་དོ། །གློ་བུར་དུ་ལྷགས་པ་རྣམས་ལ་འགྲོན་བྱས་པའི་ལྷག་མ་ནགས་ཚལ་ནས་བྱུང་བས་འཚོ་བའི་ཕྱིར་ཟ་ཞིང་གནས་སོ། །དེའི་དཀའ་ཐུབ་མཆོག་ཏུ་གྱུར་པའི་གྲགས་པ་འཕྲོས་པས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་སེམས་མགུ་བར་གྱུར་ནས། སེམས་དཔའ་ཆེན་པོ་དེ་བརྟན་མི་བརྟན་ཉམས་བསྐྱེད་པའི་ཕྱིར། །དགོན་པའི་གནས་དེ་ན་རྩ་བ་དང་། འབྲས་བུ་དཀའ་ཐུབ་ཅན་རྣམས་ཀྱིས་བཟར་རུང་བ་ཐམས་ཅད་མཐར་གྱིས་མི་སྣང་བར་བྱས་སོ། །བྱང་ཆུབ་སེམས་དཔའ་ཡང་ཡིད་བསམ་གཏན་ལ་ཞུགས་པས་ཆོག་ཤེས་པ་ལ་གོམས་པ་དང་། ཁ་ཟས་ལ་ཞེན་པ་མེད་པ་དང་། ལུས་ལ་མ་ཆགས་པའི་ཕྱིར་དེ་དག་མི་སྣང་བར་གྱུར་བའི་རྒྱུ་ཡིད་ལ་མི་བྱེད་དོ། །དེ་ཤིང་གི་ལོ་མ་གཞོན་ནུ་དག་བཙོས་ཏེ། དེས་ཟས་ཀྱི་དགོས་པ་བྱས་ཏེ་ཞེན་པ་མེད་ཅིང་ཟས་ཁྱད་པར་ཅན་མི་ཚོལ་བར་བློ་བདེ་བར་བྱས་ཏེ་དེ་བཞིན་དུ་གནས་སོ། །ཆོག་ཤེས་ངེས་པའི་བདག་ཉིད་ཅན། །འཚོ་བ་གང་ཡང་བཙལ་མི་དཀའ། །རྩྭ་དང་ལོ་མ་ཆུ་ཡི་གནས། །གང་ན་མེད་པ་མ་ཡིན་ནོ། །དེ་དེ་ལྟར་གནས་པས་ལྷའི་དབང་པོ་བརྒྱ་བྱིན་ཡིད་ལ་ངོ་མཚར་ཆེ་བར་གྱུར་ནས། ཡོན་ཏན་རབ་ཏུ་བརྟན་པར་གྱུར་པ་དེ་བརྟག་པའི་ཕྱིར་ནགས་ཚལ་དགོན་པ་དེ་ན་ཤིང་ལྗོན་པ་དང་ལྡུམ་བུ་ཐམས་ཅད་དཔྱིད་ཀྱི་རླུང་གིས་བཏབ་པ་བཞིན་དུ་ལོ་མ་མེད་པར་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ལོ་མ་ལྷགས་ཤིང་རྙིང་པ་ཅུང་ཟད་རློན་པ་རྣམས་བཏུས་ཏེ་ཆུའི་ནང་དུ་བཙོས་པ་དེ་དག་ཟ་ཞིང་མི་དགའ་བ་མེད་པར་བསམ་གཏན་གྱི་བདེ་བས་ཡིད་ཚིམ་པར་བྱས་ཏེ། དེ་ན་བདུད་རྩིས་ངོམས་པ་བཞིན་དུ་དེ་གནས་སོ། །མང་དུ་ཐོས་པས་བསྙེམས་པ་མེད། །འབྱོར་པ་རྣམས་ནི་སེར་སྣ་མེད། ནགས་ཚལ་གནས་རྣམས་ཆོག་ཤེས་པ། ཡོན་ཏན་རྒྱན་གྱི་མཆོག་ཡིན་ནོ། །དེ་ནས་དེའི་ཆོག་ཤེས་པ་བརྟན་པ་ངོ་མཚར་དུ་གྱུར་པ་དེས། བརྒྱ་བྱིན་ངོ་མཚར་ཆེར་གྱུར་ནས་ཁྲོས་པ་བཞིན་དུ་སེམས་དཔའ་ཆེན་པོ་དེ་དྲོ་ལ་བབ་པའི་ཚེ། མེ་ལ་སྦྱིན་སྲེག་བྱ་བ་ནི་ཟིན། བཟླས་བརྗོད་ནི་རྫོགས་ནས། སྐྱེ་བོ་གློ་བུར་དུ་འོངས་པ་བལྟ་བའི་ཕྱིར་ཕྱོགས་སུ་བལྟས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་བྲམ་ཟེའི་ལུས་སུ་བསྒྱུར་ནས་གློ་བུར་དུ་འོངས་པ་འདྲ་བར་མདུན་དུ་འོངས་སོ། །བྱང་ཆུབ་སེམས་དཔའ་ཡིད་རབ་ཏུ་དགའ་བས་དེའི་དྲུང་དུ་འོངས་ཏེ། འདིར་འོངས་པ་ལེགས་སོ་ཞེས་བྱ་བ་ལ་སོགས་པའི་ཚིག་སྙན་པ་བརྗོད་དེ། ཟས་ཀྱི་དུས་ལ་བབ་པ་བསྟན་ནས་མགྲོན་དུ་བོས་སོ། །དེ་ཅང་མི་སྨྲ་བས་ཁས་བླངས་བར་བདག་ཉིད་ཆེན་པོ་དེས་ཤེས་ནས། སྦྱིན་པར་འདོད་པས་མིག་དགྲད་བཞིན་ནི་འཛུམ་པས་མཛེས། ཡིད་འོང་རྣར་སྙན་ཚིག་གིས་དགའ་བར་བྱས་ནས་ནི། །དཀའ་བས་རྙེད་དེ་བཅོས་པ་དེ་དག་ཐམས་ཅད་ཀྱང་། དེ་ལ་བྱིན་ནས་བདག་ཉིད་དགའ་བས་ཚིམ་པར་གྱུར། དེ་དེ་བཞིན་དུ་བསམ་གཏན་གྱི་གནས་སུ་ཞུགས་ནས་དགའ་ཞིང་མགུ་བ་དེ་ཉིད་ཀྱིས་ཉིན་མཚན་འདས་སོ། །དེ་ནས་བརྒྱ་བྱིན་དེའི་ཕྱི་དེ་ཉིད་དང་། ཉི་མ་གསུམ་པ་ལའང་དེ་བཞིན་དུ་བརཏལ་ཞུགས་ཀྱི་ཚེ་དེའི་མདུན་དུ་འོངས་སོ། །དེ་ཡང་ཡིད་རབ་ཏུ་དགའ་ནས་དེ་བཞིན་དུ་དེ་ལ་མཆོད་པ་བྱས་སོ། །སྦྱིན་པར་འདོད་པའི་དགེ་བ་རྣམས། །སྙིང་རྗེའི་གོམས་པ་ལས་སྐྱེས་པས། །སྡུག་བསྔལ་སྲོག་ལ་བབ་ན་ཡང་། །དམན་ཞིང་ཞུམ་པར་ཡོངས་མི་འགྱུར། །དེ་ནས་བརྒྱ་བྱིན་གྱི་སེམས་ལ་ངོ་མཚར་རབ་ཏུ་ཆེ་བར་གྱུར་ཏེ། །འདི་ནི་དཀའ་ཐུབ་ཆེ་བས། །སུམ་ཅུ་རྩ་གསུམ་པའི་བདག་པོའི་དཔལ་ཐོབ་པར་བྱ་བའང་འདོད་པ་ཙམ་གྱིས་འགྲུབ་པར་རིག་ནས། དོགས་པ་དང་འཇིགས་པ་སྐྱེས་ཏེ། བདག་གི་ལུས་ལྷའི་ཆ་ལུགས་ངོ་མཚར་ཆེ་བ་བཟང་པོ་དང་ལྡན་པ་མངོན་པར་བསྟན་ནས། དེ་ལ་དཀའ་ཐུབ་ཀྱི་དགོས་པ་དྲིས་སོ། །གཉེན་དང་མཛའ་བཤེས་མཆི་མས་འཇུ་བ་དང་། །བདེ་བའི་རྒྱུར་གྱུར་ཡོངས་སུ་བཟུང་བོར་ཏེ། །བསམ་པའི་ལྕགས་ཀྱུས་གང་དུ་དམིགས་ནས་ནི། དཀའ་ཐུབ་སྡུག་བསྔལ་འདི་ལ་གནས་པར་གྱུར། །བདེ་བར་འབྱོར་བའི་ལོངས་སྤྱོད་ཡོངས་བོར་ཞིང་། །གཉེན་པ་རྣམས་ཀྱང་མྱ་ངན་བསླང་ནས་སུ། །རྒྱུ་རྐྱེན་ཆུང་དུ་དག་གིས་བརྟན་པ་རྣམས། །བདེ་དང་འགལ་བའི་དཀའ་ཐུབ་ནགས་མི་འགྲོ། །གང་གིས་ཡོན་ཏན་ཐོས་ནས་ཁྱོད་ལྟ་བུའི། །བློ་ཡང་དེ་ལྟར་དབང་དུ་བྱས་པ་དེ། །བདག་ལ་གལ་ཏེ་སྨྲ་བ་བྱར་རུང་ན། །དེ་བས་བདག་གི་རྟོག་པ་བསལ་བའི་རིགས། །བྱང་ཆུབ་སེམས་དཔས་སྨྲས་པ། །གང་གི་ཕྱིར་བདག་འདི་ལྟར་འབད་པ། གྲོགས་པོ་ཁྱོད་ཉོན་ཅིག །ཡང་དང་ཡང་དུ་སྐྱེ་བའི་སྡུག་བསྔལ་དང་། །རྒ་དང་རྒུད་དང་ན་བའི་སྡུག་བསྔལ་དང་། འཆི་བར་འགྱུར་སྙམ་སེམས་པའི་འཇིག་རྟེན་རྣམས། བསྐྱབས་པའི་ཕྱིར་ནི་བདག་ནི་དེ་ལྟར་གནས། །དེ་ནས་བརྒྱ་བྱིན་གྱིས་བསམས་པ། འདི་ནི་བདག་གི་དཔལ་འདོད་པ་མ་ཡིན་ནོ་སྙམ་ནས་དབུགས་ཕྱིན་ཏེ། ལེགས་པར་སྨྲས་པ་དེས་ཡིད་དགའ་བར་གྱུར་ནས། དེའི་ཚིག་དེ་རིགས་སོ་ཞེས་བྱ་བས་དགའ་བ་བསྐྱེད་དེ། བྱང་ཆུབ་སེམས་དཔའ་ལ་མཆོག་སྦྱིན་པར་བྱས་སོ། །འདིར་ཁྱོད་ཀྱིས་དཀའ་ཐུབ་ཅན་དང་མཐུན་པའི་ཚིག་ལེགས་པར་སྨྲས་པའི་ཕྱིར་འོད་སྲུངས་ཁྱོད་ལ་མཆོག་སྦྱིན་གྱིས་གང་འདོད་པ་དེ་སློང་ཤིག །དེ་ནས་བྱང་ཆུབ་སེམས་དཔའ་བདེ་བ་ལ་མ་ཆགས་པ་དང་། སློང་བ་ཉིད་སྡུག་བསྔལ་དུ་རིག་ཅིང་ཆོག་ཤེས་པ་ལ་གོམས་པས། བརྒྱ་བྱིན་ལ་སྨྲས་པ། རྗེས་སུ་ཕན་པར་འགྱུར་བའི་མཆོག །གལ་ཏེ་བདག་ལ་སྦྱིན་འདོད་ན། །ལྷ་ཡི་མཆོག་ལ་དམ་པ་འདི། །བདག་གིས་ད་ནི་བླང་བར་བྱ། །ཆུང་མ་ཡིད་དུ་འོང་དང་བུ་དང་དབང་བྱེད་དང་། །མངོན་པར་འདོད་པའི་ནོར་རྣམས་རྒྱ་ཆེན་ཐོབ་གྱུར་ཀྱང་། གང་གིས་ཡིད་གདུངས་ནམ་ཡང་ཆོག་མི་ཤེས་པ་ཡི། །བརྐམ་པའི་རླུང་དེ་བདག་གི་སྙིང་ལ་མེད་པར་བྱོས། དེ་ནས་དེའི་ཆོག་ཤེས་པ་ལ་གཞོལ་བ་ལེགས་པར་སྨྲ་བས་གསལ་བར་བྱས་པ་དེས། བརྒྱ་བྱིན་ཡིད་རབ་ཏུ་དང་བར་གྱུར་ནས། བྱང་ཆུབ་སེམས་དཔའ་ལ་ལེགས་སོ་ཞེས་བྱ་བས་བསྟོད་དེ། དེ་ཡང་མཆོག་སྦྱིན་པས་འདུན་པར་བྱས་སོ། །འདིར་ཡང་སྐྱེ་བོ་ཐུབ་པ་དང་མཐུན་པའི་ཚིག་ཁྱོད་ཀྱིས་ལེགས་པར་སྨྲས་པ་ལ་དགའ་བས་སྐྱེས་ལན་དང་འདྲ་བར་མཆོག་གཞན་ཡང་སྦྱིན་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་མཆོག་བླང་བ་ལ་སྙད་བཏགས་ཏེ། ཉོན་མོངས་པ་དང་བྲལ་བ་ཐོབ་དཀའ་བ་ཉིད་དེ་ལ་བསྟན་པའི་ཕྱིར་ཡང་དེ་ལ་ཆོས་བསྟན་ཏོ། །ཡོན་ཏན་མཆོག་གནས་བརྒྱ་བྱིན་ཁྱོད། །ང་ལ་གལ་ཏེ་མཆོག་སྦྱིན་ན། །ལྷ་ཡི་དབང་པོ་དམ་པའི་མཆོག །དེ་བས་གཞན་ཡང་འདི་བསླང་ངོ་། །སེམས་ཅན་གང་གི་ཟིལ་གནོན་དགྲ་བོ་བཞིན། ནོར་ཡང་ཉམས་ཤིང་མདོག་བཟང་གྲགས་པ་དང་། བདེ་བ་ལས་ཀྱང་ཉམས་པར་འགྱུར་བ་ཡི། །ཞེ་སྡང་མེ་དེ་བདག་ལས་རིང་བར་བྱོས། །ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་ཐོས་ནས་ངོ་མཚར་དུ་གྱུར་ཏེ་ལེགས་སོ་ཞེས་བྱ་བས་དེ་ལ་གུས་པར་བསྟོད་དེ། ཡང་སྨྲས་པ། རབ་ཏུ་བྱུང་ལ་གྲགས་པ་དེར། །རྗེས་སུ་ཆགས་ཤིང་བརྟེན་པ་འོས། དེ་བས་ལེགས་པར་སྨྲས་པ་ཡི། །མཆོག་དེ་བདག་ལས་བཞེས་སུ་གསོལ། །དེ་ནས་བྱང་ཆུབ་སེམས་དཔས་ཉོན་མོངས་པ་དང་མི་མཐུན་པའི་ཕྱིར་མཆོག་འདོད་པ་ལ་སྙད་བཏགས་ནས་སེམས་ཅན་ཉོན་མོངས་པ་ཅན་དང་འགྲོགས་པ་སྨད་པའི་ཕྱིར་འདི་སྐད་ཅེས་སྨྲས་སོ། །བྱིས་པ་རྣམས་ནི་ནམ་ཡང་མི་ཐོས་ཤིང་། །མཐོང་བར་མི་འགྱུར་ནམ་ཡང་མི་སྨྲ་ཡང་། །དེ་དང་འགྲོགས་པས་སྐྱོ་བའི་སྡུག་བསྔལ་ཡང་། །མི་མྱོང་མཆོག་དེ་བདག་ནི་ཁྱོད་ལ་སློང་། བརྒྱ་བྱིན་གྱིས་སྨྲས་པ། ཕོངས་བར་གྱུར་ལ་ཁྱད་པར་དུ། །དམ་པས་ཕན་གདགས་མ་ཡིན་ནམ། །ཕོངས་པའི་གནས་སུ་གྱུར་པའི་ཕྱིར། །བྱིས་པ་ཐ་མ་ཡིན་པར་འདོད། བྱིས་པ་འདི་དག་ཁྱད་པར་དུ། །སྙིང་རྗེའི་གནས་སུ་གྱུར་པ་ན། །ཅི་ཕྱིར་སྙིང་རྗེ་ཅན་ཡིན་ཡང་། །མཐོང་བ་ཙམ་དུའང་ཁྱོད་མི་འདོད། །བྱང་ཆུབ་སེམས་དཔས་སྨྲས་པ། །གྲོགས་པོ་མི་ནུས་མོད། འདི་ལ་ཁྱོད་ལྟོས་ཤིག །ཇི་ལྟར་བྱས་ཀྱང་བྱིས་པ་ལ། །ཕན་གདགས་པར་ནི་མི་ནུས་ཏེ། །བདག་ཅག་ལྟ་བུ་ཅི་ལྟར་ན། །དེ་ལ་ཕན་པར་བརྩོན་མི་བྱེད། །དེ་ལྟ་བས་ན། འདི་དག་ཕན་གདགས་པར་བྱ་བའི་སྣོད་མ་ཡིན་པར་ཟུང་ཞིག །འདི་དག་ཚུལ་མིན་པའང་ཚུལ་བཞིན་བྱེད། གཞན་ཡང་འདི་ལ་རབ་ཏུ་སྦྱོར་བར་འདོད། །འདུལ་དང་དྲང་པོའི་རིམ་པ་མི་མཐུན་པར། །ཕན་པ་བསྟན་ཀྱང་རབ་ཏུ་འཁྲུག་པར་འགྱུར། །མཁས་པའི་ང་རྒྱལ་གཏི་མུག་མེས་བསྲེགས་ཤིང་། །ཕན་པར་སྨྲ་ལ་ཁྲོ་བས་རྩུབ་འགྱུར་བ། །འདུལ་ལ་བརྩོན་འགྲུས་ཆུང་བས་གཟུ་ལུམས་ཅན། དེ་ལ་ཇི་ལྟར་ཕན་གདགས་རུང་བ་སྨྲོས། ལྷ་ཡི་གཙོ་བོ་དེ་བས་ན། སྙིང་རྗེ་ཆེ་བར་གྱུར་བ་ཡང་། བྱིས་པ་རྫས་སུ་མི་རུང་པ། །མཐོང་བ་ཙམ་དུའང་མི་འདོད་དོ། །བརྒྱ་བྱིན་གྱིས་དེ་ཐོས་ནས། །ལེགས་སོ་ལེགས་སོ་ཞེས་དེ་ལ་བསྟོད་དེ། །ལེགས་པར་སྨྲས་པས་སེམས་རབ་ཏུ་དང་བར་གྱུར་ནས། ཡང་སྨྲས་པ། ལེགས་པར་སྨྲས་པ་རིན་ཆེན་ལ། རིན་ནི་ཅི་ཡང་ཡོད་པ་ཡིན། དགའ་བས་མེ་ཏོག་སྙིམ་བཀང་བཞིན། །འདིར་ཡང་ཁྱོད་ལ་མཆོག་སྦྱིན་ནོ། །དེ་ནས་བྱང་ཆུབ་སེམས་དཔས་སྐྱེས་བུ་དམ་པ་གནས་སྐབས་ཐམས་ཅད་དུ་བདེ་བ་སྟོན་པའི་ཕྱིར། །བརྒྱ་བྱིན་ལ་སྨྲས་པ། བརྟན་པ་མཐོང་ཞིང་བརྟན་པ་ཐོས་པ་དང་། །དེ་དག་ཉིད་དང་བརྒྱ་བྱིན་བདག་འགྲོགས་འགྱུར། །དེ་དང་སྨྲ་ཞིང་སྤོབས་པའི་བདེ་ལྡན་གྱུར། །ལྷ་ཡི་དམ་པ་མཆོག་དེ་བདག་ལ་སྩོལ། །བརྒྱ་བྱིན་གྱིས་སྨྲས་པ། ཁྱོད་ནི་བརྟན་པ་ལ་རབ་ཏུ་དགའ་བ་འདྲ་ན། དེ་སྨྲོས་ཤིག །བརྟན་པས་ཁྱོད་ལ་ཅི་ཞིག་བྱ། འོད་སྲུངས་དེ་ཡི་རྒྱུ་སྨྲོས་ཤིག །བརྟན་པ་མཐོང་བར་འདོད་པ་ཡིས། །གང་ཕྱིར་མི་བརྟན་བཞིན་དུ་གྱུར། །དེ་ནས་བྱང་ཆུབ་སེམས་དཔས་དེ་ལ་སྐྱེས་བུ་དམ་པའི་ཡོན་ཏན་བསྟན་པའི་ཕྱིར་སྨྲས་པ། བདག་གང་གི་ཕྱིར་བརྟན་པ་འབའ་ཞིག་མཐོང་བར་འདོད་པ་དེ་གྲོགས་པོ་ཉོན་ཅིག །ཡོན་ཏན་ལམ་དུ་བདག་ཉིད་འགྲོ་བར་བྱེད། །གཞན་ཡང་ལམ་དེ་ཉིད་དུ་འཛུད་པར་བྱེད། །རྩུབ་མོའི་ཚིག་ཀྱང་མི་བཟོད་སྐྱེ་མི་འགྱུར། །དེ་ཡི་ཚིག་ནི་ཕན་དང་ལྡན་པ་ཡིན། །གཡོ་སྒྱུ་མེད་པའི་འདུལ་བས་རྟག་ཏུ་བརྒྱན། །དེ་ལྟར་ཕན་པ་དག་ཀྱང་བསྟན་པར་ནུས། །དེ་བས་བདག་བློ་ཡོན་ཏན་དགའ་བ་ལ། །ཡོན་ཏན་དགའ་ཕྱིར་རབ་ཏུ་གཞོལ་བར་འགྱུར། །དེ་ནས་དེ་ལ་བརྒྱ་བྱིན་གྱིས་ལེགས་སོ་འདི་ནི་རིགས་སོ་ཞེས་བསྟོད་དེ། སེམས་རབ་ཏུ་དང་བར་གྱུར་ནས། ཡང་མཆོག་སྦྱིན་པར་བྱས་སོ། །ཆོག་ཤེས་པ་ལ་གོམས་གྱུར་བས། །ཁྱོད་ཀྱིས་ཀུན་དུ་བཟློག་གྱུར་ཀྱང་། །བདག་ལ་ཕན་གདགས་བློ་ཡིས་སུ། །མཆོག་ནི་བླང་བར་བྱ་བའི་རིགས། །གུས་དང་ཕན་པའི་བསམ་པ་དང་། །མཐུ་ཡང་ཅི་འདོད་ཐམས་ཅད་ཀྱིས། མཆོག་ནི་སྦྱིན་པར་བྱ་བ་ལས། །མ་བླངས་བ་ནི་སྡུག་བསྔལ་ཆེ། །དེ་ནས་བྱང་ཆུབ་སེམས་དཔས་དེ་རབ་ཏུ་ཕན་འདོགས་པར་འདོད་པ་རྟོགས་ནས། དེ་ལ་དགའ་བ་དང་ཕན་པར་འདོད་པས། སྦྱིན་པ་ལ་རབ་ཏུ་དགའ་བ་དེ་ལ་བསྟན་པའི་ཕྱིར་སྨྲས་པ། ཁྱོད་ཀྱིས་ཁ་ཟས་ཟད་པའི་ཉེས་པ་སྤངས། །ཡིད་ཀྱང་སྦྱིན་པར་དགའ་དང་མཐུན་འགྱུར་བའི། །སློང་བ་རྣམས་ཀྱང་ཚུལ་ཁྲིམས་རྣམ་དག་བརྒྱན། །འདི་དག་བདག་ལ་ཡོད་འགྱུར་མཆོག་སློང་ངོ་། །བརྒྱ་བྱིན་གྱི་སྨྲས་བ། འདིར་ཡང་ཁྱོད་ནི་ལེགས་པར་སྨྲས་པ་རིན་པོ་ཆེའི་འབྱུང་ཁུངས་སུ་གྱུར་ཏོ། །གཞན་ཡང་ཁྱོད་ཀྱིས་གང་བླངས་པ། །དེ་དག་ཐམས་ཅད་དེ་བཞིན་འགྱུར། །ལེགས་པར་སྨྲས་པ་འདི་ལ་ཡང་། ཁྱོད་ལ་མཆོག་ནི་སྦྱིན་པར་བྱ། བྱང་ཆུབ་སེམས་དཔས་སྨྲས་པ། །ལྷ་རྣམས་ཀུན་གྱི་མཆོག་ཏུ་འགྱུར་བ་ཁྱོད། །བདག་ལ་ཕན་འདོགས་རྒྱུར་འགྱུར་མཆོག་སྦྱིན་ན། །གསལ་བར་བདག་དྲུང་སླན་ཆད་མི་འབྱོན་པའི། །མཆོག་འདི་ལྷ་མིན་འཇོམས་པ་ཁྱོད་ལ་སློང་། དེ་ནས་བརྒྱ་བྱིན་ངོ་མཚར་དུ་གྱུར་ནས། །མི་བཟོད་པ་བཞིན་དུ་དེ་ལ་སྨྲས་པ། །ཁྱོད་རེ་ཤིག་སྡོད་ཅིག་དང་། བཟླས་བརྗོད་བརཏལ་ཞུགས་མཆོག་སྦྱིན་དཀའ་ཐུབ་སྦྱང་བ་ཡིས། །སྐྱེ་བོ་འདི་དག་ཁོ་བོ་རྗེས་སུ་མཐོང་འདོད་ན། །ཁོ་བོ་མཆོག་སྦྱིན་འདོད་ཕྱིར་འདི་ལྟར་འོངས་པ་ལ། ཁྱོད་ནི་དེ་ལྟར་མཐོང་བར་མི་འདོད་ཅི་ཡི་ཕྱིར། བྱང་ཆུབ་སེམས་དཔས་སྨྲས་པ། །འདི་ལ་བདག་གིས་ཁྱོད་མཉེས་པར་བགྱི་ཡིས། །ལྷའི་རྒྱལ་པོ་ཁྱོད་མ་བཀྱོན་ཅིག །འདི་མི་སྲུན་པའི་ཚུལ་ཀྱང་མ་ལགས། །མ་གུས་པར་བགྱིས་པའང་མ་ལགས། །ཁྱོད་དང་ཕྲད་པར་མི་འཚལ་པའང་མ་ལགས་ན། ལྷ་ཡི་གཟུགས་མཆོག་རྨད་དུ་བྱུང་བ་མཐོང་བ་དང་། གཟི་བརྗིད་གསལ་ཞིང་མདངས་དང་ལྡན་པ་མཐོང་འགྱུར་ན། །ཁྱོད་ནི་རབ་ཏུ་དང་ཞིང་ཞི་བར་གྱུར་པ་ཡང་། བདག་གི་དཀའ་ཐུབ་ཉམས་པར་གྱུར་དུ་དོགས་ལགས་མོད། དེ་ནས་བརྒྱ་བྱིན་གྱིས་དེ་ལ་ཕྱག་འཚལ་ཏེ་བསྐོར་བ་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ནམ་ལངས་པ་དང་ལྷའི་བཟའ་བ་དང་། བཏུང་བ་བརྒྱ་བྱིན་གྱིས་སྦྱར་བ་རྣམས་དང་། རང་སངས་རྒྱས་བརྒྱ་ཕྲག་དུ་མ་བརྒྱ་བྱིན་གྱིས་སྤྱན་དྲངས་པ་རྣམས་དང་། ལྷའི་བུ་གཞོན་ནུ་བཤོས་འབྲིམ་པར་ཆས་ཤིང་བསྡོགས་པ་དུ་མ་ཙམ་ལྷགས་པར་བྱང་ཆུབ་སེམས་དཔས་མཐོང་བར་གྱུར་ཏོ། །བཟའ་བ་དང་ནི་བཏུང་བར་སྦྱར་བ་དེ་དག་གིས། །དྲང་སྲོང་ཆེན་པོ་དེ་དག་མཆོད་པ་བྱས་པ་དང་། ཐུབ་པ་དེ་ནི་དགའ་བ་ཆེན་པོ་ཐོབ་པར་གྱུར། །སྐྱེ་བོ་དཀའ་ཐུབ་ཅན་དང་མཐུན་པའི་ཚུལ་དག་དང་། བསམ་གཏན་ཚད་མེད་སྡོམ་དང་ཞི་བའི་ཚུལ་གྱིས་གནས། །དེ་བས་དེ་ལྟར་དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་པ་རྣམས་ལའང་གཏོང་ཕོད་པ་དང་དཔའ་བརྒྱན་དུ་འགྱུར་ན། ཁྱིམ་ན་གནས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན་མི་རྣམས་ཀྱིས་ཀྱང་གཏོང་ཕོད་པས་བདག་བརྒྱན་པར་བྱའོ། །ཞེས་ཁྱིམ་བདག་གཟེངས་བསྟོད་པའི་ཕྱིར། །དེ་ལྟར་བཅོམ་ལྡན་འདས་དེ་སྐུ་ཚེ་སྔ་མ་ལའང་ལེགས་པར་གསུངས་པ་ཁྱད་པར་ཅན་རིན་པོ་ཆེའི་འབྱུང་གནས་སུ་གྱུར་པ་ཡིན་ན་མངོན་པར་རྫོགས་པར་སངས་རྒྱས་ནས་ལྟ་སྨོས་ཀྱང་ཅི་དགོས་ཞེས། དེ་བཞིན་གཤེགས་པའི་ཆེ་བ་ཉིད་བསྟན་པ་ལའང་སྦྱར་བར་བྱའོ། །ཨ་ག་སྟར་སྐྱེས་པའི་རབས་ཏེ་བདུན་པའོ།། །།


previousཨ་ག་སྟར་སྐྱེས་པའི་རབས་ཏེ་བདུན་པ།next