Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
བྱམས་པའི་སྟོབས་ཀྱི་སྐྱེས་པའི་རབས་ཏེ་བརྒྱད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱམས་པའི་སྟོབས་ཀྱི་སྐྱེས་པའི་རབས་ཏེ་བརྒྱད་པ།next

བྱམས་པའི་སྟོབས་ཀྱི་སྐྱེས་པའི་རབས་ཏེ་བརྒྱད་པ།

བམ་པོ་གསུམ་པ། སྙིང་རྗེ་ཆེན་པོས། གཞན་གྱི་སྡུག་བསྔལ་གྱིས་གདུངས་པ་རྣམས་ནི་བདག་གི་བདེ་བ་ལ་མི་ལྟ་སྟེ། དེ་ཡང་འདི་སྐད་ཐོས་ཏེ། བྱང་ཆུབ་སེམས་དཔའ་བདག་གི་ཆེ་བ་ཉིད་ཀྱིས་སྙིང་རྗེ་དང་ལྡན་ཞིང་འགྲོ་བ་ཡོངས་སུ་སྐྱབ་པ། ལྷག་པའི་བསམ་པ་ཅན། སྦྱིན་པ་དང་། དུལ་བ་དང་། སྡོམ་པ་དང་། དེས་པ་ལ་སོགས་པ་འཇིག་རྟེན་ལ་ཕན་འདོགས་པ་དང་། མཐུན་པའི་ཡོན་ཏན་ཁྱད་པར་ཅན་མངོན་པར་འཕེལ་བ། སེམས་ཅན་ཐམས་ཅད་ལ་བྱམས་པའི་ཡིད་དུ་གྱུར་པ། བྱམས་པའི་སྟོབས་ཞེས་བྱ་བའི་རྒྱལ་པོར་གྱུར་ཏོ་ཞེས་གྲག་གོ །སྐྱེ་དགུ་རྣམས་ཀྱི་བདེ་དང་སྡུག་བསྔལ་གང་། རྒྱལ་པོ་དེ་ཡང་དེ་དག་བཞིན་དུ་གྱུར། དེ་བས་དེ་ནི་སྐྱེད་དགུ་བསྲུང་ལ་མཁས། མཚོན་ཆ་དང་ནི་གཙུག་ལག་རྣམས་ལ་གོམས། །མི་ཡི་དབང་པོས་བཀའ་ཁྲིམས་སྤྱི་བོས་མནོས། །དེ་ཡི་མཚོན་ཆ་རྒྱན་དང་འདྲ་བར་གྱུར། །འཇིག་རྟེན་ཕན་འབྱུང་སྙན་ངག་ཚུལ་རྣམས་ཀྱིས། །གཙུག་ལག་དག་ཀྱང་རྣམ་པར་གསལ་བར་སྣང་། །ཚར་བཅད་པ་དང་ཕན་འདོགས་བྱ་བ་ལ། ཆོས་དང་འགལ་བ་དེ་ནི་ཡོང་མི་བྱེད། །ཚུལ་ལ་མཁས་ཤིང་ཕན་པར་སེམས་པའི་ཕྱིར། །སྐྱེ་དགུ་རྣམས་ལ་སྟོན་མཁས་ཕ་དང་འདྲ། དེ་དེ་ལྟར་སྐྱེ་དགུ་རྣམས་ཆོས་ཀྱིས་སྐྱོང་བ་ན། བདེན་པ་དང་གཏོང་བ་དང་ཉེ་བར་ཞི་བ་དང་ཤེས་རབ་ལ་སོགས་པ་གཞན་ལ་ཕན་པར་ཡོངས་སུ་བསྔོས་པའི་ཕྱིར། ཁྱད་པར་ཅན་དུ་གྱུར་ལ་རླབས་ཆེ་བའི་རིམ་པས་བྱང་ཆུབ་ཀྱི་ཚོགས་བསགས་ཤིང་མངོན་པར་དར་བ་ལས། རེ་ཤིག་ཅིག་ཉེས་པ་འགའ་ཞིག་བྱུང་བའི་ཕྱིར། གནོད་སྦྱིན་གཞན་གསོད་པ་ལ་མཁས་པ་མདངས་འཕྲོག་པ་ལྔ་ཞིག །གནོད་སྦྱིན་གྱི་བདག་པོས་རང་གི་ཡུལ་ནས་སྡུགས་པ་དེ་དེའི་ཡུལ་དུ་ལྷགས་སོ། །དེའི་ཡུལ་ན་གནོད་པ་ཐམས་ཅད་མེད་པ་དང་། རྟག་ཏུ་དགའ་བ་སྣ་ཚོགས་ཡོད་པ་དང་། ཕུན་སུམ་ཚོགས་པ་མཆོག་དང་ལྡན་པས་མི་རྣམས་རབ་ཏུ་དགའ་མགུ་ཞིང་དར་བ་མཐོང་ནས། དེ་དག་ཡུལ་དེ་ན་གནས་པའི་མི་རྣམས་ཀྱི་མདངས་འཕྲོག་འདོད་པར་གྱུར་ཏོ། །དེ་དག་རབ་ཏུ་བསྒྲིགས་ནས་ནི། །རང་གི་ལས་ལ་འཇུག་བྱས་ཀྱང་། །དེ་ན་གནས་པ་རྣམས་ཀྱི་མདངས། །འཕྲོག་པར་བྱ་བར་མ་ནུས་སོ། །རྒྱལ་པོ་དེའི་མཐུ་ཁྱད་པར་ཆེ་བས་ན། །བདག་གི་ཡིན་པའི་བློ་ནི་གར་བཞག་བ། །དེ་ཉིད་དེ་ཡི་བསྲུང་བ་མཆོག་ཡིན་པས། །དེ་དག་གིས་ནི་མདངས་འཕྲོག་ནུས་མ་གྱུར། །དེ་ལྟར་རབ་ཏུ་འབད་ཀྱང་ཡུལ་དེ་ན་གནས་པ་གང་གི་མདངས་ཀྱང་འཕྲོག་པར་མ་ནུས་པ་དེའི་ཚེ། །དེ་དག་ཅིག་ལ་ཅིག་བལྟས་ནས། །གྲོགས་པོ་དག་འདི་ཅི་ཞིག་ཡིན་སྙམ་དུ་སེམས་པར་གྱུར་ཏོ། །བདག་ཅག་མཐུ་ལ་གནོད་པར་ནུས་པ་ཡི། །རིག་སྔགས་དཀའ་ཐུབ་དངོས་གྲུབ་ཁྱད་པར་ཡང་། །དེ་དག་ལ་ནི་ཡོད་པ་མ་ཡིན་ན། །འོན་ཀྱང་དེ་རིང་བདག་ཅག་ཐམས་ཅད་ཀྱི། །མིང་ནི་དོན་དང་མཐུན་པར་མ་གྱུར་ཏོ། །དེ་ནས་གནོད་སྦྱིན་དེ་དག་བྲམ་ཟེའི་གཟུགས་སུ་བསྒྱུར་ཏེ། །དོང་དོང་བ་དང་གྲིབ་ཤིང་སྔོན་པོ་ཞིག་གི་དྲུང་ན། ནགས་ན་རྒྱུ་བའི་བ་ལང་རྫི་གཅིག་གཅིག་ལྷམ་དང་བཅས་པར་འདུག་ཅིང་། ནགས་ཚལ་གྱི་ཤིང་གི་མེ་ཏོག་ལོ་མ་དང་བཅས་པའི་ཕྲེང་བ་ནི་ཐོགས། །དབྱུག་པ་དང་དགྲ་སྟ་ནི་གཡས་རོལ་དུ་བཞག །གཅིག་པུ་སྲད་བུ་ནི་འཁལ། །ཤུག་གླུ་ནི་ལེན་ཅིང་འདུག་པ་མཐོང་ནས། དེའི་དྲུང་དུ་ལྷགས་ཏེ་སྨྲས་པ། ཀྱེ་བ་ལང་རྫི་འདི་ལྟ་བུའི་དགོན་པ་དབེན་པ་འགྲོ་བ་མེད་པ་ན། གཅིག་པུ་ཇི་ལྟར་མི་འཇིགས། དེས་དེ་དག་ལ་བལྟས་ནས། སུ་ལ་འཇིགས་ཞེས་སྨྲས་སོ། །གནོད་སྦྱིན་རྣམས་ཀྱིས་སྨྲས་པ། །སྲིན་པོ་རྣམས་དང་འདྲེ་རྣམས་རང་བཞིན་གྱིས་གཏུམ་ཞིག་མ་རུངས་པ་ཡིན་པར་ཁྱོད་ཀྱིས་སྔོན་མ་ཐོས་སམ། རིག་སྔགས་དཀའ་ཐུབ་བདེ་ལེགས་ལྡན་པ་དག །གྲོགས་ཀྱིས་བསྐོར་བའི་ནང་ན་འདུག་གྱུར་ཅིང་། །དཔའ་ལ་འཇིགས་པ་མེད་པའི་མི་དག་ཀྱང་། །གང་ལས་ཐར་པར་གྱུར་པར་རབ་དཀའ་བ། །ནགས་ཚལ་རབ་ཏུ་དབེན་ཞིང་ཟབ་པ་ལ། འཇིགས་པའི་ས་ན་གྲོགས་ཀྱང་ཡོང་མེད་པར། །མི་ཡི་ཤ་དང་ཚིལ་དག་ཟ་བ་ཡི། །སྲིན་པོ་དེ་དག་ཅི་ཕྱིར་ཁྱོད་མི་འཇིགས། །དེ་སྐད་སྨྲས་པ་དང་། བ་ལང་རྫི་དེས་དགོད་ནས་དེ་དག་ལ་སྨྲས་པ། བདེ་ལེགས་ཆེན་པོས་འགྲོ་བ་འདི། །ཡོངས་སུ་བསྐྱངས་པར་གྱུར་པས་ན། །ལྷ་ཡི་དབང་པོ་དག་གིས་ཀྱང་། །འདི་དག་གཙེ་བར་མི་ནུས་ན། །ཤ་ཟ་དག་གིས་ག་ལ་ནུས། །དེ་བས་ནགས་ནའང་ཁྱིམ་བཞིན་དུ། །མཚན་མོ་དག་ཀྱང་ཉིན་མོ་བཞིན། །གཅིག་པུའང་གྲོགས་ཀྱི་ནང་འདུག་འདྲ། །བདག་ནི་འཇིགས་པ་མེད་པར་འདུག །དེ་ནས་གནོད་སྦྱིན་དེ་དག་ངོ་མཚར་ཆེ་བར་གྱུར་ནས། དེ་ལ་ཟིལ་གྱིས་གནོན་པ་བཞིན་དུ་ཆེར་ཆེར་བྱས་ནས་སྨྲས་པ། ཀྱེ་བཟང་པོ་ཁྱོད་ཀྱི་བདེ་ལེགས་ཀྱི་བྱེ་བྲག་དེ་ཅི་འདྲ་བ་ཞིག་རེ་ཤིག་སྨྲོས་ཤིག །དེ་དགོད་ཅིང་དེ་དག་ལ་སྨྲས་པ། བདག་ཅག་གི་བདེ་ལེགས་ཀྱི་བྱེ་བྲག་རྨད་དུ་བྱུང་བ་ཅི་འདྲ་བ་ཉོན་ཅིག །གསེར་གྱི་རི་བོའི་བྲག་ལྟར་ཡངས་པའི་བྲང་། སྟོན་ཀའི་ཟླ་བ་དྲི་མེད་མཛེས་པའི་ཞལ། །དཔུང་བ་གསེར་གྱི་སྡོང་པོ་ལྟ་བུར་རྒྱས། །མི་དབང་ཁྱུ་མཆོག་སྤྱན་འདྲ་རྣམ་པར་གནོན། །བདག་ཅག་གི་བདེ་ལེགས་ཀྱི་ཁྱད་པར་ནི་འདི་འདྲའོ་ཞེས་སྨྲས་ནས། ངོ་མཚར་ཆེ་ཞིང་ཁྲོ་བ་དང་བཅས་པས་གནོད་སྦྱིན་དེ་དག་ལ་བལྟས་ཏེ་ཡང་སྨྲས་པ། ཨེ་མའོ་འདི་ནི་ངོ་མཚར་ཆེའོ། །མི་དབང་མཐུ་ཆེན་འདི་ལྟར་གྲགས་པ་ཡང་། །ཁྱེད་ཀྱི་རྣ་ལམ་ཇི་ལྟར་མ་གྲགས་ཀྱེ། འོན་ཏེ་ཐོས་ཀྱང་ཤིན་དུ་རྨད་བྱུང་བས། །ཁྱེད་ཅག་ཡིད་མི་ཆེས་ཕྱིར་མ་བཟུང་གྲང་། ཁྱེར་ཅག་གང་ནས་ལྷགས་པའི་ཡུལ་དེ་ཡི། །མི་རྣམས་ཡོན་ཏན་ཚོལ་ལ་མི་མཁས་སམ། ཆེད་ཆེར་མི་འཛིན་སྐལ་པ་མེད་པའི་ཕྱིར། །མི་དབང་གྲགས་པས་རྣམ་པར་སྤངས་སུ་དོགས། །དེ་བས་ན་དེ་ལྟ་བུ་ཡུལ་མཐའ་འཁོབ་ནས་འདིར་ལྷགས་པ་ན་ཁྱོད་རྣམས་ལ་སྐལ་བ་ཅུང་ཟད་ཅིག་ཡོད་དོ། །གནོད་སྦྱིན་རྣམས་ཀྱིས་སྨྲས་པ། བཟང་པོ་དེའི་ཡུལ་ན་གནས་པའི་སྐྱེ་བོ་རྣམས་ལ་མི་མ་ཡིན་པ་རྣམས་ཀྱིས་གནོད་པར་བྱ་བར་མི་ནུས་པ། རྒྱལ་པོ་དེའི་མཐུ་དེ་ལྟ་བུ་ཅི་ལས་གྱུར། བ་ལང་རྫིས་སྨྲས་པ། ངེད་ཀྱི་རྒྱལ་པོ་ཆེན་པོ་འདིའི་མཐུ་འདི་ལྟ་བུ་ནི་རང་གི་ཆེ་བ་ཉིད་ཀྱིས་ཐོབ་པའོ། བྲམ་ཟེ་དག་ལྟོས་ཤིག །དེའི་དཔུང་བྱམས་པ་རུ་མཚོན་ཁྲ་བོའི་དཔུང་ནི་ཆོ་ག་ཙམ། དེ་ནི་མི་ཁྲོ་ཚིག་རྩུབ་མི་སྨྲ་ས་ཡང་ལེགས་པར་བསྲུང་། །དེ་ཡི་བཀའ་ཁྲིམས་ཆོས་ཡིན་རྒྱུ་མེད་ནོར་ཡང་དམ་པ་མཆོད། །དེ་ལྟར་རྨད་དུ་བྱུང་ཡང་ངན་པའི་ཆོས་ཉིད་དྲེགས་པ་མེད། ཁོ་བོ་ཅག་གི་རྗེ་འདི་ན་དེ་ལྟ་བུ་ལ་སོགས་པའི་ཡོན་ཏན་མང་པོ་དང་ལྡན་ཏེ། དེ་བས་ན་དེའི་ཡུལ་ན་གནས་པའི་སྐྱེ་བོ་རྣམས་ལ་གནོད་པ་བྱེད་མི་ནུས་སོ། །དེ་ལྟ་བས་ན་ཁོ་བོས་ཁྱེད་ལ་ཇི་སྙེད་པས་སྨྲ་བར་མི་ནུས་ཀྱི། མིའི་བདག་པོའི་ཡོན་ཏན་ཐོས་པར་འདོད་ན། ཁྱོད་གྲོང་ཁྱེར་ཉིད་དུ་འདོད་པའི་རིགས་སོ། །ཁྱེད་དེར་དོང་ན་སྐྱེ་བོ་རྣམས་རང་གི་ངང་གིས་ཆོས་ལ་དགའ་བས་ཡ་རབས་ཀྱི་ཚུལ་ལ་གནས་པ་དང་། རྟག་ཏུ་བདེ་ཞིང་ལོ་ལེགས་པས་རབ་ཏུ་དགའ་བས་ཕུན་སུམ་ཚོགས་ཤིང་ཆ་ལུགས་བཟང་ལ་མི་འཕྱར་བ་དང་། སྐྱེ་བོ་གློ་བུར་དུ་ལྷགས་པ་རྣམས་ལ་ཁྱད་པར་དུ་བྱམས་པ་དང་། མིའི་བདག་པོའི་ཡོན་ཏན་སྙིང་ལ་དྲན་པ་དང་། དེའི་གྲགས་པའི་གཞི་བསྟོད་པའི་བཀྲ་ཤིས་དང་། བདེ་ལེགས་བཞིན་དུ་རབ་ཏུ་དགའ་ཞིང་གོམས་པར་བྱེད་པ་དག་མཐོང་ན། རྒྱལ་པོའི་ཡོན་ཏན་རྒྱ་ཆེར་ཤེས་པར་འགྱུར་རོ། །དེ་ལྟར་ཡོན་ཏན་མང་པོ་བརྗོད་པས། དེ་མཐོང་བར་འདོད་པ་ལ་ངེས་པར་དེའི་ཡོན་ཏན་མངོན་སུམ་དུ་འགྱུར་རོ། །དེ་ནས་གནོད་སྦྱིན་དེ་དག་རང་གི་མཐུས་མ་ཚུགས་པས། རྒྱལ་པོ་དེ་ལ་སེམས་མི་བཟོད་པ་དང་བཅས་པས་ཡོན་ཏན་སྙིང་ནས་བརྗོད་ཅིང་རིགས་པ་དང་བདེན་པར་སྨྲས་པ་དེས་ཀྱང་། སེམས་འཇམ་པོར་མ་གྱུར་ཏོ། །དམན་པ་རྣམས་ནི་ཕལ་ཆེར་ཡང་། །མི་བཟོད་པས་ནི་ཡིད་གདུངས་ནས། །དངོས་པོ་གང་ལ་དེ་གྲགས་པ། །དེ་ཡིས་ལྷག་པར་གདུངས་པར་འགྱུར། །རྒྱལ་པོ་སྦྱིན་པ་ལ་དགའ་བར་ཤེས་ནས། །དེ་ལ་གནོད་པ་བྱེད་པར་འདོད་པའི་གནོད་སྦྱིན་དེ་དག་གིས་རྒྱལ་པོ་མཐོང་ནས། མཐོང་བའི་ཚེ་བཟའ་བ་སླངས་སོ། །དེ་ནས་རྒྱལ་པོ་དེ་རབ་ཏུ་དགའ་ནས། །དེའི་ལས་སུ་བསྐོས་པའི་མི་རྣམས་ལ་ཁ་ཟས་ཞིམ་པོ་བྲམ་ཟེ་རྣམས་ལ་མྱུར་དུ་བྱིན་ཅིག །ཅེས་བཀའ་སྩལ་ཏོ། །དེ་ནས་རྒྱལ་པོ་ལ་འོས་པའི་ཁ་ཟས་རྣམས་ཁྱེར་ཏེ་འོངས་ནའང་། གནོད་སྦྱིན་དེ་དག་ན་རེ། ཁ་ཟས་དེ་ལྟ་བུ་དག་ནི་བདག་ཅག་མི་ཟའོ། །ཞེས་སྨྲས་ནས་སྟག་གཟིག་རྩྭ་སྔོན་པོ་མི་འདོད་པ་བཞིན་དུ། ལེན་དུ་མ་བཏུབ་བོ། །དེ་རྒྱལ་པོས་ཐོས་པས། དེ་དག་གི་དྲུང་དུ་སོང་སྟེ། འོ་ན་ཁྱེད་ཅག་ཁ་ཟས་ཇི་ལྟ་བུ་འདོད་དེ་འདྲ་བ་བཙལ་ལོ་ཞེས་སྨྲས་སོ། །གནོད་སྦྱིན་རྣམས་ཀྱིས་སྨྲས་པ། མི་ཤ་ཤིན་དུ་དྲོན་མོ་དང་། །མི་ཡི་ཁྲག་ནི་དྲོན་མོ་དག །བརཏལ་ཞུགས་མ་ཉམས་པདྨའི་སྤྱན། །གནོད་སྦྱིན་རྣམས་ཀྱི་བཟའ་བཏུང་ལགས། ཞེས་སྨྲས་ནས་རང་གི་ལུས་ཁ་ནས་མཆེ་བ་གཙིགས་པ། མིག་འབར་ཞིང་སེར་ལ་ཡོ་ཞིང་མི་སྡུག་པ་དང་། སྣ་ལམ་ཞིང་མི་སྡུག་པ་དང་། སྐྲ་དང་ཁ་སྤུ་མེར་འབར་བ་ལྟར་སེར་བ་དང་། ལུས་ཆར་སྤྲིན་ལྟར་ངམ་གནག་ཅིང་མི་སྡུག་པ་འཇིགས་པ་བསྟན་པ་དང་དེ་དག་མཐོང་ནས་རྒྱལ་པོ་དེས་བསམས་པ། འདི་དག་ནི་ཤ་ཟ་ཡིན་ཏེ་མི་མ་ཡིན་ནོ། །དེ་བས་ན་བདག་ཅག་གི་བཟའ་བ་དང་བཏུང་བ་མི་འདོད་དོ་སྙམ་དུ་ངེས་པར་གྱུར་ཏོ། །དེ་ནས་མིའི་དབང་པོ་དེ་སྙིང་རྗེ་ཅན་གྱི་རང་བཞིན་པས། བསམ་པ་དག་པས་དེ་དག་ལ་སྙིང་རྗེ་དེ་བས་ཀྱང་ཆེར་གྱུར་ནས། སྙིང་ལ་སྙིང་རྗེ་འབའ་ཞིག་སེམས་པས་གནོད་སྦྱིན་དེ་དག་ལ་མྱ་ངན་བྱེད་ཅིང་། དོན་འདི་ལྟ་བུ་སེམས་པར་ངེས་སོ། །སྙིང་རྗེ་ཅན་ལ་འདི་ལྟ་བུའི། །བཟའ་དང་བཅའ་བ་རབ་ཏུ་དཀོན། །ཉིན་རེ་ཞིང་ཡང་དེ་བཙལ་བ། །དེ་བས་སྡུག་བསྔལ་ཆེ་བ་མེད། །སྙིང་རྗེ་མེད་ཅིང་མི་ནུས་ནའང་། །འབད་པའི་དོན་ནི་མེད་པར་འགྱུར། །ནུས་ནའང་ཕན་བྱེད་གོམ་པ་ལ། །དེ་བས་དཀའ་བ་ཅི་ཞིག་ཡོད། །སྙིང་རྗེ་མེད་ཅིང་ཡིད་ནི་མ་ཞི་བ། །དེ་ལྟ་བུ་ཡི་ཁ་ཟས་ཟ་བ་རྣམས། །ཚེ་འདི་དང་ནི་ཕ་རོལ་རང་དོན་སྲེག །འདི་དག་སྡུག་བསྔལ་ནམ་ཞིག་མེད་པར་འགྱུར། །ད་འདི་དག་གི་ཁ་ཟས་སྦྱར་བས་ཉིན་འགའ་ཙམ་ཡང་གཞན་གསོད་པ་ལ་ཞུགས་པ་འདི་ལས་ཅི་ལྟར་བཟློག་པར་བྱ། ཕོངས་ཏེ་སློང་དུ་འོངས་པ་རྣམས་ཀྱི་གདོང་། རེ་བ་བཟློག་པས་ངོ་ཟུམ་གནག་འགྱུར་བ། །བུ་ཡུག་རླུང་གིས་པདྨ་རྙིངས་པ་བཞིན། །མི་དགའ་བྱས་པ་ནམ་ཡང་བདག་མི་དྲན། །གདོན་མི་ཟ་བར་བདག་གི་ལུས་ནི་བརྟན་ཅིང་རྒྱས་པ་ལས། །ཁྲག་དང་བཅས་པའི་ཤ་རྣམས་སྦྱིན་པར་བྱ། །ཕོངས་པ་འོངས་པ་དེ་ནི་རིགས་པ་སྙམ། །དེ་ལས་གཞན་པ་བདག་གིས་གང་དུ་བཙལ། །བདག་རང་ཤི་བའི་ཤ་རྣམས་དྲོད་མེད་ལ། །ཁྲག་རྣམས་དེ་ལ་ཡོད་པ་མ་ཡིན་ཞིང་། །བྲུ་བ་ཚ་བས་སེམས་ནི་གདུངས་པ་ལ། །དེ་ཡིས་ལེགས་པར་མགུ་བར་འགྱུར་མ་ཡིན། །གསོན་པོའི་ཤའང་གུད་ནས་བདག་གིས་ཇི་ལྟར་བཙལ་བར་བྱ། །འདི་དག་བདག་གི་ཐད་དུ་འོངས་ནས་བཀྲེས་པ་དང་སྐོམ་པས་མིག་དང་གདོང་གི་མདངས་ཉམས་ཤིང་བསླངས་པ་དང་རེ་བའི་འབྲས་བུ་མེད་པས་ལྷག་པར་ཡིད་ལ་སྡུག་བསྔལ་ཞིང་། །ཕོངས་བཞིན་དུ་སླར་དོང་ཡང་ཇི་ལྟར་བྱ། །དེ་བས་འདི་ནི་དུས་ལ་བབ་ཀྱིས། རྟག་ཏུ་ན་ཞིང་སྡུག་པའི་རྨ་འདྲ་བ། །ནད་ཀྱི་འབྱུང་ཁུངས་ངན་པའི་ལུས་འདི་ལས། །དགོས་པ་ཁྱད་པར་ཅན་དུ་སྤྱད་པ་ཡིས། །བཅོས་པའི་སྡུག་བསྔལ་ཤིན་ཏུ་བཟང་པོར་བྱ། །དེ་ལྟར་ངེས་པར་བྱས་ནས་རྒྱལ་པོ་དེ་རབ་ཏུ་དགའ་བར་གྱུར་པས། མིག་རྩ་དང་གདོང་གི་མདངས་བཟང་པོས་རང་གི་ལུས་བསྟན་ནས། །གནོད་སྦྱིན་དེ་དག་ལ་སྨྲས་པ། །བདག་གི་ཤ་ནི་ཁྲག་དང་བཅས་པ་འདི། །འཇིག་རྟེན་རྣམས་ལ་ཕན་པའི་ཕྱིར་བཟུང་སྟེ། །གལ་ཏེ་དེ་རིང་འགྲོན་དུ་བྱར་རུང་ན། །དེ་ནི་བདག་གི་མངོན་པར་མཐོ་བར་འགྱུར། །དེ་ནས་གནོད་སྦྱིན་དེ་དག་རྒྱལ་པོ་དེའི་ལྷག་པའི་བསམ་པ་ཤེས་བཞིན་དུ། །ངོ་མཚར་རབ་ཏུ་ཆེ་བས་ཡིད་མ་ཆེས་ནས་རྒྱལ་པོ་ལ་སྨྲས་པ། ཕོངས་པས་བདག་གི་སྡུག་བསྔལ་དག །སློང་ཞིང་དམན་པས་བསྟན་པ་ལགས། །དེ་ལ་སྦྱིན་པ་པོ་ཉིད་ཀྱིས། །དུས་ལ་བབ་པར་མཁྱེན་པར་མཛོད། །དེ་ནས་རྒྱལ་པོ་དེས་བསམས་པ། དེ་ནི་འདི་དག་འདོད་དོ་སྙམ་ནས་སྙིང་རབ་ཏུ་དགའ་ནས། རྩ་བཀྲོལ་བའི་ཕྱིར་སྨན་པ་རྣམས་བོས་ཤིག །ཅེས་བཀའ་སྩལ་ཏོ། །དེ་ནས་རྒྱལ་པོ་དེའི་བློན་པོ་རྣམས་རྒྱལ་པོའི་ཤ་དང་ཁྲག་རྣམས་སྦྱིན་པར་རྩོལ་བར་རིག་ནས། རྟབ་རྟབ་པོར་གྱུར་ནས་མི་བཟོད་ཅིང་སེམས་འཁྲུགས་ནས། བྱམས་པའི་དབང་གིས་དོན་འདི་ལྟ་བུ་ཅུང་ཟད་ཅིག་གསལ་བར་སྨྲས་སོ། །ལྷ་སྦྱིན་པ་ལ་ཧ་ཅང་དགྱེས་ཆེས་པས་འབངས་གློ་བ་ཉེ་བ་རྣམས་ལ་ཕན་པ་དང་། གནོད་པར་འགྱུར་བ་མི་གཟིགས་པ་མི་རིགས་སོ། །ལྷས་འདི་དག་མི་མཁྱེན་པ་ཡང་མ་ལགས་ཏེ། འདི་ལྟར། སྐྱེ་དགུ་རྣམས་ལ་གནོད་པ་གང་དང་གང་། དེ་དང་དེ་དག་གནོད་སྦྱིན་རྣམས་ལ་དགའ། །གཞན་ལ་གནོད་པས་འཚོ་ཞིང་དགའ་བ་སྐྱེ། །འདི་དག་རིགས་དང་རང་བཞིན་དེ་ལྟར་ལགས། རྒྱལ་སྲིད་དཔལ་འདི་འཇིག་རྟེན་ཕན་པའི་ཕྱིར། །དེ་ལ་མ་ཆགས་ལྷ་ཡིས་བཟུང་བར་མཛོད། དེ་བས་བདག་གི་ཤ་སྦྱིན་རྩོལ་བ་ཡིས། །ལོག་པའི་ལམ་དུ་ཡི་དམ་བཅས་པ་ཐོང་། སྐྱེས་བུ་དཔའ་བོ་ཁྱོད་ཀྱི་མཐུས་བསྐྱབས་པའི། །འཇིག་རྟེན་གདོན་མི་ཟ་བར་འདི་མི་བཟོད། །ཕུང་བར་བྱེད་ལ་མཁས་པ་འདི་དག་ནི། །ཚུལ་མིན་ཚུལ་གྱིས་སྐྱེ་དགུ་ཕུང་བར་བྱེད། །མཆོད་སྦྱིན་ཚེ་ན་སུམ་ཅུ་རྩ་གསུམ་པའང་། །ཚིལ་དང་ཞག་ལ་སོགས་པ་སྲེགས་པས་མགུ། །ཁྱོད་ཀྱི་ཞལ་ཟས་ཕུན་སུམ་ཚོགས་པ་དག །གུས་པར་བྱིན་ཡང་འདི་དག་འདོད་མི་འགྱུར། །ལྷའི་ཐུགས་ནི་བདག་ཅག་ལྟ་བུའི་སྐྱེ་བོས་བཅོས་པ་མ་ལགས་མོད་ཀྱི། འོན་ཀྱང་འདི་ནི་བདག་གི་དོན་དུ་གཅེས་པའི་སླད་དུ། བདག་ཅག་འདི་ལྟར་རྐོ་ལོང་གསོལ་བར་གྱུར་ཏོ། །གནོད་སྦྱིན་ལྔ་བོ་འདི་རྣམས་ཀྱི་སླད་དུ། འབངས་ཐམས་ཅད་མགོན་མ་མཆིས་པར་བགྱིའམ། ལྷ་འདི་ལྟ་བུའི་ཆོས་གང་གི་ལམ་ལགས། གཞན་ཡང་འདི་ལྟར་བདག་ཅག་ལ་མི་བྱམས་པ་ཅི་ལས་གྱུར། རྗེའི་སླད་དུ་འཚལ་བ་ལ། ཤ་དང་ཁྲག་ཡོངས་སུ་རྫོགས་པར་མཆིས་པ་འདི་དག་སྔོན་བདག་ཅག་གང་གིས་སྦས་ཏེ་མ་ཕུལ་ན་ལྷ་ཉིད་ཀྱི་བཙལ་བར་བཞེད། དེ་ནས་རྒྱལ་པོ་དག་བློན་པོ་དེ་དག་ལ་སྨྲས་པ། ཡོད་བཞིན་དུ་ནི་མེད་ཅེས་སུ། །ངེད་ཅག་ལྟ་བུ་ཅི་ལྟར་སྨྲ། །བརཏལ་ཏེ་གསལ་བར་བླངས་པ་ནས། །མི་སྦྱིན་ཞེས་ཀྱང་ཇི་སྐད་སྨྲ། །ཆོས་ཀྱི་བཀའ་ཁྲིམས་ཐོག་མར་འགྲོ་བ་དག །གལ་ཏེ་ངན་པའི་ལམ་དུ་བདག་སོང་ན། །ང་ཡི་སྤྱོད་པའི་རྗེས་སུ་འཇུག་པ་ཡི། །ང་ཡི་འབངས་རྣམས་གནས་སྐབས་ཇི་ལྟར་འགྱུར། །འདི་ཡང་སྐྱེ་དགུ་རྣམས་ཀྱི་དོན་གྱི་ཕྱིར། །ངེས་ནི་ལུས་ལ་སྙིང་པོ་དབྱུང་བར་བྱ། །ང་ཡི་སེམས་ནི་སེར་སྣས་ཕྲོགས་གྱུར་ན། །སྐྱེ་བའི་དོན་ལ་དགེ་བའི་གཟི་ཅི་འདྲ། ཁྱེད་ཀྱི་ང་ལ་གུས་པ་དང་བཅས་པར་བྱམས་པ་དང་། བག་ཕབ་སྟེ་གང་སྨྲས་པ་འདི་ལྟར་བདག་ཅག་ལ་མི་བྱམས་ཅི་ལས་གྱུར། ཤ་དང་ཁྲག་བདག་ལ་ཡོངས་སུ་རྫོགས་པར་མཆིས་བཞིན་དུ། ལྷ་ཉིད་ཀྱིས་བཙལ་བར་བཞེད་ཅེས་ཟེར་བ་དེ་ཡང་ཁྱེད་ལ་བཤད་ཀྱིས་ང་ཁྱེད་ལ་མི་འཇར་ཞིང་མི་བྱམས་པའང་མ་ཡིན་ལ། མ་སྦྱིན་དུ་དོགས་པའང་མེད་མོད་ཀྱི། རིམས་ཀྱིས་ནོར་ནི་ཉུང་དུ་གྱུར་པའམ། སྐལ་པ་ཆུང་བས་ཟད་པར་གྱུར་ན་ནི། མཛའ་བོ་རྣམས་ལ་སློང་བ་མཛེས་པར་འགྱུར། །ནོར་ལྡན་དབུལ་ལ་སློང་བ་ཡོད་མི་མཛེས། །སྐྱེ་བོ་ཕོངས་པ་རྣམས་ཀྱི་ཕྱིར་བསྐྱེད་པའི། །ལུས་ནི་ཤ་རྒྱས་ཤིན་དུ་མཐོ་བ་དག །ང་བདག་ཉིད་ལ་ཆེན་པོ་ཡོད་བཞིན་དུ། །ཁྱེད་ལ་སློང་བ་ལེགས་པ་མ་ཡིན་ནོ། །མི་ཤེས་གཞན་གྱི་གནོད་པའང་མི་བཟོད་ན། །ཁྱེད་ཀྱི་གནོད་པ་བདག་གིས་ག་ལ་བཟོད། །འདི་དག་ཁྱེད་ལ་མི་སློང་ང་ལ་སློང་། །དེ་བས་བདག་གི་ཤ་ནི་སྦྱིན་པར་བྱ། །དེ་བས་ན་ང་ལ་རབ་ཏུ་བྱམས་པས། ཆོས་ཀྱི་གེགས་ལ་འཇོམ་པ་མེད་པ་འདི་ཐོང་ཞིག ངའི་དོན་དུ་ཁྱོད་ཀྱི་སྤྱོད་པ་འདི་ལྟ་བུ་བྱ་བ་མི་རིགས་སོ། །འདི་ནི་རེ་ཤིག་དཔྱད་དགོས་ཏེ། བཟའ་ལ་སོགས་པ་བདག་དོན་དུ། །སྦྱིན་ལ་འགོག་པར་ཇི་ལྟར་འགྱུར། །ལེགས་སམ་གལ་ཏེ་མ་ལེགས་ཀྱང་། དེ་ལྟར་བྱེད་པ་ཇི་འདྲར་འགྱུར། །དེ་ལྟར་འདིར་གལ་གྱིས་འཆུ་བ་དེ་ཐོང་ལ། ངའི་གྲོགས་རྗེས་སུ་མཐུན་པར་བྱ་ན། རིགས་པས་དཔྱད་པར་བྱའོ། །ལམ་བཟློག་པར་འགྲོ་བ་ལས་ལོག་པའི་ཡིད་ཅན་དུ་བྱས་ལ་རྗེས་སུ་ཡི་རང་བ་དང་མཐུན་པར་ཡིད་ལ་ཁྱེད་ཀྱི་བྱས་ན་བཟང་གི །དེ་ལྟར་མི་བརྟན་པར་བྱ་བ་མི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། ནོར་ནི་གཅིག་པུས་དཔྱད་པ་མ་ཡིན་ལ། སློང་བ་ཉིན་རེ་རྟག་ཏུ་འོང་མ་ཡིན། །སློང་བ་འདི་ལྟ་བུ་དང་ཕྲད་པ་ནི། ལྷ་དག་མཉེས་པར་བྱས་ཀྱང་མི་འགྲུབ་ན། །སློང་བ་འདི་ལྟ་བུ་ཡང་འོང་འགྱུར་ཞིང་། །ལུས་ཀྱང་ཆུད་ཟ་མི་བདེའི་གནས་འགྱུར་ལ། །ཐེ་ཚོམ་ཟ་ནའང་རྒྱ་ཆེར་མི་འགྱུར་ན། །འཇུངས་ཤིང་ཞུམ་པ་མུན་པའི་མཆོག་ཡིན་ནོ། །དེ་ལྟར་རྒྱལ་པོ་དེས་རང་གི་འཁོར་རྣམས་ལ་ཁྱེད་ཀྱི་དེ་ལྟར་ང་ལ་དགག་པ་མི་རིགས་སོ། །ཞེས་ཚིག་འཇམ་པོས་བསྒོས་ནས། སྨན་པ་རྣམས་བོས་ཏེ། རང་གི་ལུས་ལ་རྩ་ལྔ་བཀྲོས་ཏེ། གནོད་སྦྱིན་དེ་དག་ལ་སྨྲས་པ། ང་ཡི་ལུས་འདི་ཁྱེར་ནས་ནི། །ཆོས་ཀྱི་གྲོགས་ཀྱང་བྱ་བ་དང་། །ང་ཡང་རབ་ཏུ་དགའ་གྱུར་པར། །ཁྱེད་ཀྱི་ད་ནི་བྱ་བའི་རིགས། །དེ་དག་གིས་དེ་ལྟར་བགྱིའོ་ཞེས་སྨྲས་ནས། །རྒྱལ་པོའི་ཁྲག་ཙན་དན་དམར་པོའི་ཁུ་བ་འདྲ་བ་སྙིམ་པ་བཟེད་དེ་བཏུང་བར་ཆས་སོ། །རྒྱལ་པོ་དེའི་ལུས་གསེར་མདོག་འདྲ་བ་ལ། །མཚན་མོ་སྤྱོད་པ་རྣམས་ནི་ཁྲག་འཐུང་བ། །རི་རབ་ལྷུན་པོའི་རི་ལ་དུས་མཚམས་ཀྱི། །ཆར་སྤྲིན་སྨུག་པོས་ཉེ་བར་བསྐོར་བ་བཞིན། །དགའ་བ་མཆོག་ལྡན་བརྟན་དང་ལྡན་པ་དང་། །ལུས་ཀྱི་ཡོན་ཏན་ལྡན་པས་རྒྱལ་པོ་དེ། །ལུས་ཀྱང་མ་ཉམས་སེམས་ཀྱང་བརྒྱལ་བ་མེད། །ཁྲག་གི་རྒྱུན་ཀྱང་ཟད་པར་ཡོང་མ་གྱུར། གནོད་སྦྱིན་དེ་དག་སྐོམ་གྱིས་གདུངས་པ་ཞི་ནས། །ད་ནི་འདིས་འཚལ་ཏོ་ཞེས་རྒྱལ་པོ་ལ་སྨྲས་སོ། །སྡུག་བསྔལ་མང་པོ་འབྱུང་བའི་གནས་ཀྱི་ལུས། །རྟག་ཏུ་བྱས་མི་གཟོ་ཡང་རྒྱལ་པོ་དེ། །སློང་པ་དག་ལ་སྦྱིན་པའི་དོན་གྲུབ་པས། རབ་ཏུ་དགའ་དང་རྗེས་མཐུན་བཟུང་བར་གྱུར། །དེ་ནས་རྒྱལ་པོ་དེ་རབ་ཏུ་དགའ་བས་བསྐུལ་བས་མིག་དང་བཞིན་གྱི་མདངས་ལྷག་པར་གསལ་བར་གྱུར་ནས། ཨུཏྤ་ལ་མཐིང་གའི་འདབ་མ་ལྟར་མདོག་སྔོ་བའི་རལ་གྲི་རྣོན་པོ་དངོ་རིན་པོ་ཆེས་སྤྲས་པའི་འོད་ཀྱི་མཛེས་པ་བླངས་ཏེ། བདག་གི་ཤ་བཅད་ཅིང་དེ་དག་ལ་བྱིན་ནོ། །སྦྱིན་ལ་དགའ་བས་ཡང་དང་ཡང་། །སྐབས་ནི་མེད་པར་བྱས་པས་ན། །བཅད་པའི་སྡུག་བསྔལ་དེ་ཡིད་ལ། དམིགས་པར་བྱེད་ནི་མ་ནུས་སོ། །རལ་གྲི་རྣོན་པོས་བཅད་ནས་དྲངས་བ་དང་། །དགའ་བས་ཕྱིར་ཡང་རིང་དུ་བསྐྲད་པ་དང་། དེའི་སྡུག་བསྔལ་སྐྱོ་ཞིང་ངལ་བ་བཞིན། །ཡིད་ལ་འཇུག་པར་བྱེད་པ་ཆུང་བར་གྱུར། རང་གི་ཤ་ཡིས་གནོད་སྦྱིན་དེ་དག་ནི། །ཚིམ་པར་བྱས་པས་དེ་ནི་དེ་བཞིན་དགའ། དེ་དག་སེམས་ནི་ཁྲོ་བའི་རང་བཞིན་ཡང་། དེ་ལྟར་བྱས་པས་འཇམ་ཞིང་ངེས་པར་གྱུར། ཆོས་ལ་དགའ་ཞིང་སྙིང་རྗེའི་དབང་གྱུར་ཏེ། །གཞན་གྱི་དོན་དུ་བདག་ལུས་གཅེས་བཏང་བས། ཞེ་སྡང་མེ་ཡིས་བསྲེགས་པའི་ཡིད་རྣམས་ཀྱང་། །རབ་ཏུ་དང་ཞིང་མདོག་ཀྱང་གསལ་བར་བྱས། །དེ་ནས་གནོད་སྦྱིན་དེ་དག་རྒྱལ་པོ་དེ་རང་གི་ཤ་གཅོད་པ་ལ་འབད་ཅིང་ཤ་བཅད་པའི་སྡུག་བསྔལ་གྱིས་བཞིན་མདངས་མ་འགྱུར་བ་དང་། མི་གཡོ་བ་དེ་བཞིན་དུ་འདུག་པ་མཐོང་ནས། རབ་ཏུ་དང་ཞིང་ངོ་མཚར་ཆེར་གྱུར་ཏོ། །ཨེ་མའོ་ངོ་མཚར་རྨད་བྱུང་འདི་དག་ཅི། །བདེན་ནམ་རྫུན་ཞེས་བརྗོད་ཅིང་དགའ་བ་སྐྱེས། །རྒྱལ་ལ་མི་བཟོད་ཞི་ནས་ཡིད་ཀྱང་དང་། །དེ་ལ་བསྟོད་ཅིང་ཕྱག་ཀྱང་འཚལ་བར་གྱུར། །ལྷ་ཉིད་ཀྱི་སྐུ་འོ་བརྒྱལ་བར་མཛད་པ་གཏང་དུ་གསོལ། །བདག་ཅག་ཀྱང་ཚིམ་པར་བགྱིས་ལགས་ཀྱིས་སྐྱེ་བོ་སློང་བ་ཡིད་དགའ་བར་བགྱིད་པ་ཤིན་ཏུ་རྨད་དུ་བྱུང་བ་ཁྱོད་ཀྱི་སྤྱོད་པ་འདི། ད་འཚལ་གྱིས་གཏང་དུ་གསོལ་ཞེས་རྒྱལ་པོ་ལ་གུས་པ་དང་བཅས་ཕྱག་འཚལ་བ་དང་བཅས་པར་རབ་ཏུ་དང་ཞིང་གདོང་མཆི་མ་ཅན་གྱིས་བལྟས་ནས་ཡང་སྨྲས་པ། །གུས་པའི་དབང་གིས་སྐྱེ་བོ་ཁྱོད་ཀྱི་གྲགས་པ་སྒྲོགས་པ་ཐོག་ཏུ་བབ། །དཔལ་ཡང་པདྨའི་ནགས་ཚལ་བཏང་སྟེ་ཁྱོད་ལ་བརྟེན་པ་ཐོག་ཏུ་བབ། བརྒྱ་བྱིན་མགོན་དུ་གྱུར་ཀྱང་ཁྱོད་ཀྱི་མཐུས་བསྐྱབས་ས་ཡི་ལྷ་མོ་འདི། མཐོ་རིས་ཀྱིས་མཐོང་སྨོན་པར་ངེས་ཏེ་གལ་ཏེ་མི་སྨོན་བསླུས་སུ་ཟད། །མང་དུ་སྨོས་ཀྱང་ཅི་དགོས་ཏེ། སྐྱེ་བོ་འདི་ལྟ་བུས་མངོན་པར་བཟུང་བའི་མིའི་འཇིག་རྟེན་འདི་དག་ནི་སྐལ་བ་དང་ལྡན་པའོ། །ཁྱོད་ལྟ་བུ་འོ་བརྒྱལ་བར་བགྱིས་པ་འདིས་ནི་བདག་ཅག་བསྲེགས་ཀྱིས་མ་མཆིས་སོ། །ད་འདི་ལྟར་གྱུར་པ་ལས་ཀྱང་སྐྱེ་བོ་ཁྱོད་ལྟ་བུ་ལ་བརྟེན་ནས་བདག་ཅག་ཐར་བར་ནུས་གྲང་། བདག་ཅག་གིས་ནོངས་པར་བགྱིས་པ་གསོལ་བའི་སླད་དུ་ཞུ་བར་འཚལ་ལོ། །བདེ་བ་བརྙེས་པར་གྱུར་པ་དང་། །རྒྱལ་པོའི་དཔལ་ཡང་བོར་ནས་ནི། །འདི་ལྟ་བུ་ཡི་སྤྱོད་པ་ཡིས། རྨད་དུ་བྱུང་བའི་གནས་ཅི་བཞེད། །ཐམས་ཅད་ས་ཡི་བདག་པོའམ། །ནོར་གྱིས་ཕྱུག་པའམ་དབང་པོའམ། །ཚངས་པའམ་རྣམ་པར་གྲོལ་བ་དག །དཀའ་ཐུབ་འདི་ཡིས་བཞེད་ལགས་སམ། །འདི་ལྟ་བུ་ཡི་རྩོལ་ཕོད་པས། བཞེད་པའི་དོན་ནི་མི་རིང་སྟེ། །གལ་ཏེ་བདག་ཅག་ཐོས་རུང་ན། །བདག་ཅག་ལ་ནི་བཀའ་སྩལ་རིགས། །རྒྱལ་པོས་སྨྲས་པ། །ཅིའི་ཕྱིར་ང་འདི་ལྟར་བྱེད་པ་ཉོན་ཅིག །རྙེད་པར་དཀའ་ལ་འཇིག་པར་སླ་བ་དང་། ཆོག་པའི་བདེ་མེད་རབ་ཏུ་ཞི་མེད་པའི། །སྲིད་པའི་ལོངས་སྤྱོད་བདེ་བ་ང་མི་འདོད། །ལྷ་དབང་དཔལ་ཡང་འདོད་པ་མ་ཡིན་ན། དེ་ལས་གཞན་པ་སྨོས་ཀྱང་ཅི་ཞིག་དགོས། །བདག་གི་སྡུག་བསྔལ་ཟད་པ་ཙམ་གྱི་ཕྱིར། །ང་ཡི་ཡིད་ནི་མགུ་བར་འགྱུར་མ་ཡིན། །སྡུག་བསྔལ་མི་བཟད་ནད་ཀྱིས་ཉེན་པ་ཡི། །ལུས་ཅན་མགོན་མེད་འདི་རྣམས་ངས་བལྟས་ནས། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི། གོ་འཕང་ཐོབ་ཅིང་སྐྱོན་གྱི་དགྲ་བཏུལ་ནས། །རྒ་དང་ན་དང་འཆི་བའི་རླབས་འཁྲུགས་པའི། །སྲིད་པའི་མཚོ་ལས་སྐྱེ་བོ་འདོན་པར་འདོད། །དེ་ནས་གནོད་སྦྱིན་དེ་དག་རབ་ཏུ་དགའ་ཞིང་བ་སྤུ་ལངས་ནས། རྒྱལ་པོ་ལ་ཕྱག་འཚལ་ཏེ་སྨྲས་པ། འདི་ལྟ་བུའི་རྩོལ་བ་ཁྱད་པར་ཅན་གྱི་ལས་འདི་ནི་རིགས་ཏེ། དེ་བས་ན་ཁྱོད་ལྟ་བུའི་དགོངས་པ་འགྲུབ་པ་ནི་རིང་པོ་མི་ཐོབས་སོ་སྙམ་དུ་ཡིད་ལ་ངེས་པར་བསམས་ནས་གསོལ་བ་བཏབ་པ། ཁྱོད་ཀྱི་མཛད་པ་འདི་ཀུན་ནི། །འཇིག་རྟེན་ཕན་པའི་ཕྱིར་ལགས་ཀྱང་། །བདག་ཅག་རང་ལ་ཕན་འཚལ་བས། །དེ་ཚེ་བདག་ཅག་དགོངས་སུ་གསོལ། །མ་འཚལ་བས་ན་བདག་ཅག་གིས། །བདག་གི་དོན་ཡང་མ་མཐོང་བས། །དེ་ལྟར་ཁྱོད་ནི་འོ་བརྒྱལ་བས། །དེ་ཡང་བཟོད་པ་མཛད་དུ་གསོལ། །ཁྱོད་ཀྱི་བཀའ་ཡང་བདག་ཅག་ལ། །རྗེས་སུ་བཟུང་བའི་རྒྱུར་གྱུར་པ། །བློན་པོ་དག་ལ་བགྱི་བ་བཞིན། །འཛེམ་པ་མེད་པར་བཙལ་བའི་རིགས། །དེ་ནས་རྒྱལ་པོ་དེས་དེ་དག་སེམས་རབ་ཏུ་དང་ཞིང་འཇམ་པར་གྱུར་བར་རིག་ནས་སྨྲས་པ། འདི་ནི་ང་ལ་ཕན་པ་ཡིན་གྱི། གནོད་པ་མིན་པས་མི་བཟོད་དུ་དོགས་པ་མ་བསྐྱེད་ཅིག །གཞན་ཡང་། ཆོས་ཀྱི་ལམ་ལ་འདི་ལྟར་གྲོགས་བྱེད་པ། བྱང་ཆུབ་ཐོབ་ནས་བརྗེད་པར་ག་ལ་འགྱུར། །རྣམ་པར་ཐར་པའི་ཆོས་ཀྱི་བདུད་རྩི་ལས། །ཁྱེད་ཅག་ཉིད་ལ་ཐོག་མར་བགོ་བར་བྱ། །ད་ནི་དེ་ལ་དགའ་བར་ཤེས་བྱས་ནས། །སྲོག་གཅོད་ཁྱེད་ཀྱི་དུག་བཞིན་སྤང་བར་བྱོས། གཞན་ནོར་ཆུང་མ་དག་ལ་ཆགས་པ་དང་། །རྫུན་དུ་སྨྲ་དང་ཆང་གི་སྡིག་པ་སྤོངས། །དེ་ནས་གནོད་སྦྱིན་དེ་དག་དེ་བཞིན་དུ་བགྱིའོ་ཞེས་དེ་ལ་མཉན་ནས། དེ་ལ་བསྐོར་བ་བྱས་ཏེ་ཕྱག་འཚལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །སེམས་དཔའ་ཆེན་པོ་དེས་བདག་གི་ཤ་དང་ཁྲག་ངེས་པར་སྦྱིན་པར་བྱས་པ་དེ་ཉིད་ཀྱི་ཚེ། ས་ནི་རྣམ་པ་མང་པོར་གཡོས་པར་གྱུར། །གསེར་གྱི་རི་བོ་རྣམ་པར་འགུལ་བར་གྱུར། །དེ་ན་གནས་པའི་རྔ་རྣམས་སྒྲ་ཡང་འབྱིན། །ཤིང་རྣམས་འགུལ་བས་མེ་ཏོག་ལྷགས་པར་གྱུར། །དེ་དག་རྫས་བསྐྱོད་མཁའ་ལ་སྤྲིན་ལྟར་ཆགས། ལ་ལར་བླ་རེར་བྲིས་ཤིང་བྱ་རྒྱུས་བཞིན། ཁ་ཅིག་ཏུ་ནི་ཕྲེང་བ་བརྒྱུས་པ་བཞིན། །མི་ཡི་བདག་པོའི་ཁོར་ཡུག་མཉམ་པར་ལྷགས། །རྒྱ་མཚོ་ཆེན་པོ་ཤིན་ཏུ་བདོ་བའི་རླབས། །རང་བཞིན་ལས་ནི་ལྷགས་པའི་ཤུགས་དང་སྒྲས། །འགྲོ་ལ་བརཏན་པའི་ལུས་ནི་གཟི་མདངས་ཅན། །ས་ཡི་བདག་པོ་བཟློག་པ་བཞིན་དུ་བྱུང་། །དེ་ནས་ལྷ་ཡི་བདག་པོ་འདི་ཅི་ཞེས། །བརྟབས་པར་གྱུར་ནས་དེ་ཡི་རྒྱུ་རྟོག་ཅིང་། །རྒྱལ་པོ་ཉེས་པར་དོགས་ཏེ་རབ་མྱུར་བར། །རྒྱལ་པོའི་ཕོ་བྲང་མྱ་ངན་འཁྲུག་པར་འོངས། །ས་ཡི་བདག་པོ་དེ་ལྟར་གྱུར་ན་ཡང་། །གཟི་མདོག་གསལ་བས་ལྷག་པར་ཡ་མཚན་སྐྱེས། །ཐད་དུ་འོངས་ནས་སྙན་པའི་ཚིག་རྣམས་ཀྱིས། །དང་ཞིང་དགའ་བས་དེ་ཡི་སྤྱོད་པ་བསྟོད། །ཨེ་མའོ་སྐྱེ་བོ་དམ་པའི་ཆོས་རེ་བཟང་། །ཨེ་མའོ་ཡོན་ཏན་སྒོམ་པ་རྒྱ་རེ་ཆེ། །ཨེ་མའོ་གཞན་ལ་ཕན་པའི་བློ་རེ་ངེས། །ས་འདི་ཁྱོད་ལ་གཏང་པ་མགོན་དང་བཅས། །ཞེས་དེ་བསྟོད་ནས། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷ་དང་མིའི་སྨན་གྱི་ཁྱད་པར་རྨ་གསར་པ་སོས་པར་བྱེད་ནུས་པ་རྣམས་ཀྱིས། དེའི་ལུས་སྔོན་བཞིན་དུ་སྡུག་བསྔལ་མེད་པར་བྱས་ནས། རྒྱལ་པོ་དེས་ཀྱང་མཐུན་པ་དང་། །གུས་པའི་ཡོ་བྱད་ཀྱིས་སླར་མཆོད་པ་བྱས་ཏེ་ཉིད་ཀྱི་གནས་སུ་སླར་དོང་ངོ་། །དེ་ལྟར་ན་སྙིང་རྗེ་ཆེན་པོ་རྣམས་ནི་གཞན་གྱི་སྡུག་བསྔལ་གྱིས་སྡུག་བསྔལ་ཞིང་བདག་གི་བདེ་བ་ལ་མི་ལྟ་བ་ཡིན་ན། ནོར་ཙམ་ལ་ཆགས་ནས་གཏོང་མི་ཕོད་པ་ལྟ་སུ་ཞིག་ཡོད་ཅེས་སྐྱེ་བོ་སྦྱིན་པ་བྱེད་པ་དག་ལ་གཟེངས་བསྟོད་པ་དང་། སྙིང་རྗེའི་ཡོན་ཏན་ལ་བསྔགས་པ་དང་། དེ་བཞིན་གཤེགས་པའི་ཆེ་བ་བསྟན་པ་དང་། བསྟི་སྟང་དུ་བྱས་ཏེ་ཆོས་མཉན་པ་ལའང་བརྗོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་པོ་འདི་དག་ནི་མང་དུ་བྱེད་བྱེད་པའོ་ཞེས་གང་གསུངས་པ་དེ་ཡང་འདི་ལ་དགོངས་སོ། །དེའི་ཚེ་ན་གནོད་སྦྱིན་ལྔ་པོར་གྱུར་པ་དེ་དག་ལ་བཅོམ་ལྡན་འདས་ཀྱི་ཅི་ལྟར་ཞལ་གྱིས་བཞེས་པ་དེ་བཞིན་དུ་ཆོས་ཀྱི་བདུད་རྩི་བྱིན་པ་ཡིན་ནོ། །བྱམས་པའི་སྟོབས་ཀྱི་སྐྱེས་པའི་རབས་ཏེ་བརྒྱད་པའོ།། །།


previousབྱམས་པའི་སྟོབས་ཀྱི་སྐྱེས་པའི་རབས་ཏེ་བརྒྱད་པ།next