Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
ཐབས་ཅད་སྒྲོལ་གྱི་སྐྱེས་པའི་རབས་ཏེ་དགུ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐབས་ཅད་སྒྲོལ་གྱི་སྐྱེས་པའི་རབས་ཏེ་དགུ་པ།next

ཐབས་ཅད་སྒྲོལ་གྱི་སྐྱེས་པའི་རབས་ཏེ་དགུ་པ།

བྱང་ཆུབ་སེམས་དཔའི་སྤྱོད་པ་ནི། སེམས་ཅན་ཕལ་པ་རྣམས་ཀྱི་རྗེས་སུ་ཡི་རང་བ་ཙམ་ཡང་ལེགས་པར་བྱེད་མི་ནུས་ན། ཀུན་དུ་སྤྱད་པ་ལྟ་ག་ལ་ནུས། དེ་ཡང་འདི་སྐད་ཐོས་ཏེ། དབང་པོ་དུལ་བ། གོམས་པར་གྱུར་པ། དཔའ་བ་དང་། ཚུལ་དང་དུལ་བ་ཕུན་སུམ་ཚོགས་པས་རྣམ་པར་རྒྱལ་བའི་དཔལ་ཐོབ་པ། རྒན་པ་ལ་བསྙེན་བཀུར་ངེས་པར་བྱས་པས། རིག་བྱེད་གསུམ་དང་། བརྟག་པའི་དོན་གྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ། ནང་གི་འཁོར་རང་གི་ཆོས་དང་ལས་ལ་འབད་པ། ཡིད་མ་བྱུང་ཞིང་བདེ་བར་འཚོ་བ། སྙིང་ཉེ་བ་རྣམས་ཀྱི་བཀའ་ཁྲིམས་བཟང་པོ་བསྒྲགས་པ། འཚོ་ཚིས་བྱ་བ་ལེགས་པར་འབྱོར་བ། ཡུལ་ཤི་བི་པ་རྣམས་ཀྱི་རྒྱལ་པོ་ཀུན་དུ་རྒྱལ་བ་ཞེས་བྱ་བ་ཞིག་བྱུང་ངོ་། །ཡོན་ཏན་ལྡན་པའི་མི་ཡི་བདག་པོའི་དཔལ། །རིགས་ལྡན་ཆུང་མ་བཞིན་དུ་སྙིང་ཉེ་བ། །རི་ཕུག་སེང་གེ་བསྲུངས་པའི་རི་དྭགས་བཞིན། །ས་ཡི་བདག་པོ་གཞན་རྣམས་གླགས་མི་ལྟ། །དཀའ་ཐུབ་རྣམས་དང་རིགས་དང་རྒྱུ་རྩལ་ལ། གང་གི་འཁོར་གྱིས་གོམས་པར་བྱས་པ་རྣམས། །འོངས་ན་རིམ་གྲོ་ལྷག་པར་ཆེ་བར་འགྱུར། །བཀུར་སྟི་བྱས་པས་གཙོ་བོ་ཡིན་པར་སྣང་། དེ་རྒྱལ་སྲིད་ཐོབ་མ་ཐག་ཏུ་དེའི་བུ་ཐམས་ཅད་སྒྲོལ་ཞེས་བྱ་བ་ཡོན་ཏན་མང་པོ་རྟགས་ཏུ་གྲགས་པ་ཞིག་རྒྱལ་ཚབ་ཏུ་གྱུར་ཏེ། དེའི་ཚེ་རྒྱལ་ཚབ་དེ་བཅོམ་ལྡན་འདས་འདི་ཉིད་ཡིན་ནོ། །གཞོན་ཡང་རྒན་པའི་ཉེ་བར་ཞི་ལ་དགའ། །གཟི་བྱིན་ཆེ་ཡང་བཟོད་ཅིང་དེས་པའི་ངང་། །མཁས་པར་གྱུར་ཀྱང་ཤེས་པའི་ང་རྒྱལ་མེད། །དཔལ་དང་ལྡན་ཞིང་འབྱོར་ཡང་དྲེགས་པ་མེད། །དེ་ཡི་གྲགས་པས་འཇིག་རྟེན་གསུམ་ཁྱབ་པས། ཕྱོགས་རྣམས་རབ་ཏུ་རྒྱ་ཆེན་མཐོང་གྱུར་ཀྱང་། །གཞན་གྱི་གྲགས་པ་ཅུང་ཟད་ཡོད་པ་རྣམས། །འཕྲོ་བའི་སྐབས་ནི་མེད་པ་བཞིན་དུ་གྱུར། །སྐྱེ་བོ་རྣམས་ལ་སྡུག་བསྔལ་དབང་བྱེད་པ། །དེ་ཡིས་མ་བཟོད་སྙིང་རྗེའི་གཞུ་དྲག་དང་། སྦྱིན་པའི་མདའ་རྣམས་ཆར་བཞིན་འབེབས་པ་ཡིས། །དེ་དང་ལྷན་ཅིག་གཡུལ་ཆེན་འགྱེད་པ་འདྲ། །དེ་ཉིད་རེ་ཞིང་སློང་བ་ལྷགས་པ་རྣམས་ལ། བསླངས་པ་བས་ཀྱང་ལྷག་པར་ཉོན་མ་མོངས་བར་ནོར་གཏོང་ཞིང་། ཚིག་འཇམ་པ་དང་གུས་པ་དང་ཡིད་དུ་འོང་བས་རབ་ཏུ་ཚིམ་པར་བྱེད་པར་གྱུར་ཏོ། །དུས་མཚམས་ཀྱི་ཉི་མ་དག་ལ་ཡང་། གསོ་སྦྱོང་དང་། ངེས་པར་གནས་པ་དང་། རབ་ཏུ་ཞི་བས་བརྒྱན་ཏེ། མགོ་ཁྲུས་བྱས་ཤིང་གོས་དཀར་པོ་གྱོན་ནས། གླང་པོ་ཆེའི་མཆོག་གངས་རི་འདྲ་བ། དྲེགས་པའི་དངུལ་གྱིས་གདོང་བརྒྱན་པ། མཚན་ཉིད་དང་། དུལ་བ་དང་། མགྱོགས་པ་དང་། སྙིང་སྟོབས་ཆེ་བ་ཕུན་སུམ་ཚོགས་པ། གྲགས་པ་བཞོན་པར་འོས་པའི་སྤོས་ཀྱི་གླང་པོ་ཆེ་མཆོག་ཞོན་ནས་གྲོང་ཁྱེར་གྱི་ཁོ་ར་ཁོར་ཡུག་ན་བདག་གི་སྦྱིན་གཏོང་གི་ཁང་པ་སྐྱེ་བོ་ཕོངས་པ་རྣམས་ཀྱི་རྫིང་བུ་དང་འདྲ་བཤམས་ཏེ་བཞག་པ་རྣམས་ཉུལ་དུ་སོང་ངོ་། །དགའ་བའི་ཁྱད་པར་འདི་ལྟ་བུ་དག་ཀྱང་ཐོབ་པར་གྱུར་ཏེ། །ཕྱོགས་པ་རྣམས་ལ་སྦྱིན་འདོད་པའི། །དགའ་བ་གང་དག་སྐྱེ་བ་ནི། ཁྱིམ་ན་གནས་པའི་ལོངས་སྤྱོད་ལ། །དེ་ཙམ་དུ་ནི་དགའ་བ་མེད། །དེ་ནས་རེ་ཤིག་ཅིག་དེ་དེ་ལྟར་སྦྱིན་པ་བྱེད་པ་ལ། སྙིང་རབ་ཏུ་དགའ་བའི་སློངས་མོ་པ་རྣམས་ཀྱིས་ཀུན་དུ་གྲགས་པ་ཐོས་ནས། །དེའི་ཉི་འོག་གི་རྒྱལ་པོ་གཞན་ཞིག་གིས་བསམས་པ། འདི་ནི་སྦྱིན་པ་ལ་དགའ་བའི་དབང་དུ་གྱུར་པས་བསླུ་བར་ནུས་སོ་སྙམ་ནས། གླང་པོ་ཆེའི་མཆོག་བླང་བའི་ཕྱིར་དེར་བྲམ་ཟེ་དག་ཅིག་བཏང་ངོ་། །དེ་ནས་ཐམས་ཅད་སྒྲོལ་རང་གི་སྦྱིན་གཏོང་གི་ཁང་པ་ཉུལ་ཞིང་རབ་ཏུ་དགའ་བས་བཞིན་གྱི་མདངས་བཟང་པོ་ལ། བྲམ་ཟེ་དེ་དག་གིས་རྒྱལ་བ་དང་། ཤིས་པ་བརྗོད་ནས། ལག་པ་གཡས་པ་བསྒྲེང་སྟེ་བསྟོད་ནས། མདུན་དུ་བསྡད་པ་དང་། དེས་གླང་པོ་ཆེའི་མཆོག་དེའི་ཁ་བཟུང་ནས་ཞེ་ས་དང་བཅས་པར་ཅི་བཞེད་གསུངས་ཅེས་ཅིའི་ཕྱིར་ལྷགས་པ་དྲིས་སོ། །བྲམ་ཟེ་རྣམས་ཀྱིས་སྨྲས་པ། ཁྱོད་ནི་སྦྱིན་ལ་དཔའ་བ་དང་། །ཁྱོད་ཀྱི་གླང་པོ་ཆེན་པོ་འདི། །འགྲོས་བཟང་འགྱིང་ཞིང་བགྲོ་བ་ཡི། །ཡོན་ཏན་འཚོལ་ཕྱིར་བདག་ཅག་མཆིས། །ཏེ་སེའི་གངས་དང་འདྲ་བ་ཡི། །གླང་ཆེན་འདི་ནི་བཙལ་བ་ཡིས། །འཇིག་རྟེན་འདི་དག་ཡ་མཚན་གྱིས། །ཡིད་ནི་རབ་ཏུ་དང་བར་མཛོད། ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སྙིང་རབ་ཏུ་དགའ་བས་ཀུན་དུ་རྒྱས་པར་གྱུར་ནས། ཡུན་རིང་མོ་ཞིག་ན་གདོང་སློངས་མོ་པའི་སྐྱེ་བོ་རླབས་ཆེར་སློང་ཕོད་པ་མཐོང་བར་གྱུར་ཏོ་སྙམ་དུ་བསམས་སོ། །བྲམ་ཟེ་འདི་དག་ལ་ནི་གླང་པོ་ཆེའི་རྒྱལ་པོ་འདི་ལྟ་བུ་དག་ཀྱང་མི་དགོས་ཀྱི། གདོན་མི་ཟ་བར་འདི་ནི་བརྐམ་པ་དང་ཕྲག་དོག་གི་སྐྱོན་གྱི་ཡིད་དཀྲུགས་པའི་རྒྱལ་པོ་འགའ་ཞིག་གི་འདོད་ཆེན་གྱིས་སྦྱར་ཏེ་བཏང་ངོ་སྙམ་དུ་ངེས་སོ། །གྲགས་དང་ཆོས་ལའང་མ་བལྟས་པར། །ང་ལ་ཕན་བཞིན་གང་བྱེད་པ། །རྒྱལ་པོ་དེ་ཡི་བསམ་པ་དག །རེ་ཐག་ཆད་པར་མི་བྱའོ། །དེ་ལྟར་ངེས་པར་བྱས་ནས་བདག་ཉིད་ཆེན་པོ་དེ་གླང་པོ་ཆེའི་མཆོག་དེ་ལས་མྱུར་དུ་བབས་ཏེ། བཞེས་སུ་གསོལ་ཞེས་བྱས་ནས་གསེར་གྱི་རིལ་བ་བཏུད་དེ་དེ་དག་གི་མདུན་དུ་འདུག་གོ །ནོར་སྒྲུབ་དོར་ནི་ཆོས་ལམ་མི་མཐུན་པའི། །རྒྱལ་པོའི་གཙུག་ལག་དག་ལ་མཁས་གྱུར་ཀྱང་། །ཆོས་ལ་དགའ་བས་དེ་ནས་གླང་ཆེན་བྱིན། །ཚུལ་དང་འགལ་བས་དེ་ནི་གཡོས་མ་གྱུར། །གླང་ཆེན་གསེར་གྱི་དྲ་བས་མཛེས་པར་ལེགས་བརྒྱན་པ། །སྟོན་ཀའི་སྤྲིན་ཚོགས་གློག་འགྱུ་འདྲ་བ་དེ་བྱིན་ནས། །མི་ཡི་དབང་པོའི་སྲས་དེ་རབ་ཏུ་དགའ་བར་གྱུར། ཚུལ་གྱི་ཕྱོགས་ལ་དགའ་བས་གྲོང་ཁྱེར་བ་རྣམས་འཁྲུགས། །དེ་ནས་གླང་པོ་ཆེའི་རྒྱལ་པོ་དེ་བྱིན་པ་ཐོས་ནས། །ཡུལ་ཤི་བི་པའི་བྲམ་ཟེ་རྒན་པོ་དང་། །བློན་པོ་བཀའ་ལ་གཏོགས་པ་དང་། དམག་མི་དང་། གྲོང་ཁྱེར་གྱི་གཙོ་བོ་རྣམས་ཅ་ཅོའི་སྒྲ་ཕྱུང་ནས། རྒྱལ་པོ་ཀུན་དུ་རྒྱལ་བ་དེའི་དྲུང་དུ་ལྷགས་ཏེ། རྟབ་རྟབ་བོར་གྱུར་ཏེ་མི་བཟོད་ཅིང་རྔམས་ཏེ། ཞེ་ས་བཏང་ནས་རྐོ་ལོང་དུ་སྨྲས་པ་ལྷ་རྒྱལ་སྲིད་ཀྱི་དཔལ་འདི་ལྟར་ཆབ་བཙལ་ཀྱང་ཡལ་བར་འདོར་བ་འདི་ཅི་ལགས། ལྷ་ཉིད་ཀྱི་རྒྱལ་སྲིད་འདི་ལྟར་ཉམས་པར་གྱུར་པ་བཟོད་པ་མཛད་པ་མི་རིགས་སོ། །རྒྱལ་པོས་རིངས་རིངས་སྐད་དུ་འདི་ཅི་ཉེས་ཞེས་སྨྲས་པ་དང་། ཡང་སྨྲས་པ། ཅི་ལྷ་མི་མཁྱེན་ཏམ། གང་གི་འགྲམ་པ་བུང་བ་སྒྲ་སྒྲོགས་པ། །རྡུལ་གྱི་དྲི་ཞིམ་རླུང་གིས་རེག་པ་ཡི། །གཞན་གྱི་གླང་པོ་མྱོས་ཤིང་དྲེགས་པ་རྣམས། །རྩལ་བའི་སྡུག་བསྔལ་མེད་པར་ཟིལ་མནོན་པ། །གང་གི་གཟི་ཡིས་ཁྱོད་ཀྱི་དགྲ་བོ་རྣམས། །མཐུ་སྟོབས་མནན་ཅིང་དྲེགས་པ་མེད་བྱས་པ། །ཐམས་ཅད་སྒྲོལ་གྱིས་གླང་པོ་དེ་བྱིན་པས། །ཁྱོད་ཀྱི་རྒྱལ་བ་གཟུགས་ཅན་གཞན་ཡུལ་སོང་། །བ་དང་གསེར་དང་གོས་དང་བཟའ་བ་དག །རྒྱལ་པོ་བྲམ་ཟེ་རྣམས་ལ་སྦྱིན་པར་འོས། གང་ལ་དཔལ་དང་རྒྱལ་བ་དེས་ཡོད་པའི། །གླང་ཆེན་བཏང་བས་སྦྱིན་པ་དཔའ་ཆེས་སོ། །ཚུལ་དང་འགལ་བའི་ལམ་དུ་སོང་བ་འདི། །རྒྱལ་པོའི་དཔལ་ནི་ཇི་ལྟར་འགོ་བར་འགྱུར། །འདི་ནི་ཡལ་བར་བོར་ན་ཁྱོད་ལ་གནོད། །ཁྱོད་ཀྱི་དགྲ་ནི་མདུན་ནས་དགའ་བར་བྱེད། །དེ་སྐད་ཐོས་ནས་རྒྱལ་པོ་དེ་བུ་ལ་བྱམས་པས། །དེ་དག་ཉིད་ལ་ཅུང་ཟད་ཅིག་ཡིད་མི་དགའ་བར་གྱུར་ནས། དགོས་པའི་དབང་གིས་མི་དགའ་བཞིན་དུ་དེ་ལྟར་བྱའོ་ཞེས་སྨྲས་ནས། ཡུལ་ཤི་བི་པ་རྣམས་ལ་ཡིད་བཞོས་ཏེ་སྨྲས་པ། ཐམས་ཅད་སྒྲོལ་འདི་སྦྱིན་པ་ལ་ཞུགས་ཤིང་ཚུལ་གྱི་རིམ་པ་ལ་མི་ལྟ་བར་ངས་ཤེས་ཏེ། རྒྱལ་སྲིད་ལ་དབང་བྱེད་དུ་བཅུག་པ་ནི། །དེ་ལྟར་ཡང་བྱ་བ་མི་རིགས་མོད་ཀྱི། འདིས་ཀྱང་རང་གི་གླང་པོ་ཆེ་བྱིན་ཟིན་པས། །སྐྱུགས་པ་དང་འདྲ་བར་བོར་བ་ལྟ་ག་ལ་སུ་ཞིག་སླར་འཕྲོག །འོན་ཀྱང་ངས་འདི་ཅི་ནས་ཀྱང་སྦྱིན་པ་ལ་ཚོད་ཟིན་པར་བྱ་ཡིས། ཁྱེད་འདི་ལྟར་འཁྲུག་པར་མ་བྱེད་ཅིག །ཤི་བི་པ་རྣམས་ཀྱིས་སྨྲས་པ། །རྒྱལ་པོ་ཆེན་པོ་ཐམས་ཅད་སྒྲོལ་འདི་ནི། །དོན་འདི་ལྟ་བུ་དག་ལ་གཏམས་པ་ཙམ་གྱི་མཆིས་སུ་བཏུབ་པ་མ་ལགས་སོ། །ཀུན་དུ་རྒྱལ་བས་སྨྲས་པ། འོ་ན་དེ་ལ་ངས་གཞན་ཅི་ཞིག་བྱ། ཉེས་པར་སྤྱོད་ལ་གང་ཞིག་མི་དགའ་ཞིང་། །ཡོན་ཏན་སྟེན་ལ་སྐྱོན་དུ་བཟུང་ངམ་ཅི། །གླང་པོ་དེ་ཡི་ཕྱི་ནི་བདག་གི་བུ། །གསོད་དམ་འོན་ཏེ་གཟུང་ངམ་ཅི་ཞིག་བྱ། །དེ་བས་ན་ཁྱེད་འདི་ལ་རྔམ་ཞིང་འཁྲུལ་པར་མ་བྱེད་ཅིག་དང་ངས་ཐམས་ཅད་སྒྲོལ་འདི་ལྟ་བུ་དག་བྱེད་དུ་མི་གཞུག་གོ །དེ་ནས་ཡུལ་ཤི་བི་པ་རྣམས་ཁྲོས་ནས་རྒྱལ་པོ་ལ་སྨྲས་པ། མི་ཡི་དབང་པོ་ཁྱོད་ཀྱི་སྲས་དེ་ལ། གསད་དམ་བཅིང་ངམ་རྡེག་པ་སུ་ཞིག་འཚལ། །ཆོས་ལ་ཞེན་པ་སྙིང་རྗེའི་བདག་ཉིད་བས། །འདིས་ནི་རྒྱལ་སྲིད་གཟུང་བར་ཡོང་མི་ནུས། །འཁོར་གསུམ་སྟེན་ལ་མཁས་ཤིང་གཟི་ཆེ་ལ། གྲགས་པ་ཐོབ་པས་སེང་གེའི་ཁྲི་ལ་འོས། །ཚུལ་ལ་མི་ལྟ་ཆོས་ལ་རབ་དགའ་བས། འདི་ནི་དཀའ་ཐུབ་ནགས་ན་གནས་པར་འོས། །ས་ཡི་བདག་པོ་རྣམས་ཀྱི་ཚུལ་ཉེས་སྐྱོན། །དེ་ལ་བརྟེན་པ་རྣམས་ལ་འབྱུང་མོད་ཀྱི། །འོན་ཀྱང་དེ་དག་བཅོས་སུ་རུང་བ་མཆིས། །ས་བདག་གཙོ་བོ་ཉམས་ན་བཅོས་མི་རུང་། འདི་ལ་མང་དུ་གསོལ་ཡང་ཅི་འཚལ་ཏེ། །ཁྱོད་ཀྱི་སྲིད་ཉམས་མི་བཟོད་ཤི་བི་བ། །འདི་རྣམས་ཀྱིས་ནི་འདི་ལྟར་ངེས་པར་བཅད། །མི་རྗེའི་སྲས་འདི་དཀའ་ཐུབ་འཕེལ་བའི་ཕྱིར། །གྲུབ་པས་བསྟེན་པའི་རི་བོ་བང་གར་བཏང་། །ཚུལ་མ་ཡིན་པས་ཉམས་སུ་དོགས་ཤིང་ཕན་པར་དགའ་བའི་སྐྱེ་བོ་དེ་དག་གི་ངོ་བཟློག་ཕོད་པར་སྨྲས་པ་དང་། །དེ་ནས་རྒྱལ་པོ་དེ་བུ་དང་འབྲལ་བས་སེམས་གདུངས་བས་ཁོང་སྡངས་ཤིང་ངོ་ཚ་བ་བཞིན་དུ་མགོ་སྨད་དེ་ཉམ་ང་ང་ལྟར་ཤུགས་ནར་ཞེས་ཕྱུང་ནས། །བྱམས་ཤིང་སྒྲོགས་པ་དང་ཡིད་བཅུགས་པའི་དབང་གིས་ཡུལ་ཤི་བི་པ་རྣམས་ལ་སྨྲས་པ། ཁྱེད་དེ་ལྟར་འདི་ལ་གལ་གྱི་འཆུ་ན་རེ་ཤིག་ཉིན་ཞག་གཅིག་ཙམ་སྤྲོ་བསྲིངས་ཤིག་དང་། སང་ནང་པ་ཁྱོད་ཀྱི་བསམས་པ་བཞིན་དུ་ཐམས་ཅད་སྒྲོལ་བྱེད་དུ་གཞུག་གོ །ཡུལ་ཤི་བི་པ་རྣམས་ཀྱིས་དེ་ལྟར་བགྱིའོ་ཞེས་སྨྲས་ནས། བསྒོ་བ་མཉན་པ་དང་། རྒྱལ་པོ་དེས་གསོལ་ཀ་བ་ལ་ཁྱོད་སོང་ལ་འདི་ལྟར་གྱུར་པ་ཐམས་ཅད་སྒྲོལ་ལ་སྦྲོན་ཅིག་ཅེས་བཀའ་སྩལ་ཏོ། །དེས་ཀྱང་དེ་བཞིན་དུ་བགྱིའོ་ཞེས་མཉན་ནས། མྱ་ངན་གྱི་མཆི་མས་གདོང་ཁེབས་ཤིང་ཐམས་ཅད་སྒྲོལ་རང་གི་ཁང་པ་ན་འདུག་པའི་དྲུང་དུ་སོང་སྟེ། མྱ་ངན་གྱི་སྡུག་བསྔལ་གྱི་ཤུགས་ཀྱི་སྐད་ཕྱུང་སྟེ་ངུས་ནས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏོ། ཐམས་ཅད་སྒྲོལ་གྱི་རྟབས་རྟབས་ལྟར། ཨེ་མའོ་རྒྱལ་པོ་ཐུགས་བདེ འམ་ཞེས་དྲིས་པ་དང་། མི་དགའ་བས་ཚིག་མི་གསལ་བར་དེ་ལ་རྒྱལ་པོ་ནི་ཐུགས་བདེའོ་ཞེས་སྨྲས་སོ། །འོ་ནི་ཅིའི་ཕྱིར་དེ་ལྟར་མི་བརྟན་བར་གྱུར་ཅེས་ཐམས་ཅད་སྒྲོལ་གྱིས་ཡང་དྲིས་པ་དང་། གསོལ་ཀ་པ་མཆི་མས་བརྣངས་ཤིང་སྐད་འཛེར་བ་ལ་དབུགས་ཀྱིས་བརྣངས་པའི་ཚིག་མི་གསལ་བས་གཅོམ་ཆུང་ངུས་སྨྲས་པ། ཤི་བི་པ་རྣམས་མི་སྲུན་པར། འཁྲུགས་པར་གྱུར་ནས་རྒྱལ་པོའི་བཀའ། །འཇམ་པོས་སྩལ་བའང་མི་ཉན་བར། །རྒྱལ་པོ་ཁྱོད་ནི་ཡུལ་ནས་འབྱིན། །ཐམས་ཅད་སྒྲོལ་གྱིས་སྨྲས་པ། །ཡུལ་ཤི་བི་པ་རྣམས་ཅིའི་ཕྱིར་འཁྲུགས་ནས་ང་སྐྲོད། །འདུལ་དང་འགལ་བའི་ལམ་མི་འགྲོ། །བག་མེད་པ་ལ་ང་མི་དགའ། །ཉེས་པར་བྱས་པའང་མ་མཐོང་ན། །ཤི་བི་པ་རྣམས་ཅིའི་ཕྱིར་འཁྲུག གསོལ་ཀ་བས་སྨྲས་པ། །ཧ་ཅང་རླབས་ཆེས་པས་ལན་ནོ། །ཁྱོད་ནི་ཆགས་པ་མེད་ལ་དགའ་བར་གྱུར། །སློང་བ་རྣམས་ཀྱི་ཡིད་ནི་ཆགས་ལ་དགའ། །གླང་པོའི་རྒྱལ་པོ་ཁྱོད་ཀྱིས་བྱིན་པའི་ཕྱིར། །ཤི་བི་པ་རྣམས་འཁྲུགས་ནས་བརྟན་པ་ཉམས། དེ་བས་རང་གི་ཆོས་བོར་ཏེ། །ཁྱོད་ལ་ཚམ་ཚོམ་མེད་པར་ནི། །གང་དུ་སྤྱུགས་མི་དོང་བ་ཡི། །ལམ་དེར་ཁྱོད་ཀྱང་སོང་ཞེས་ཟེར། །དེ་ནས་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བ་ལ་གོམས་པའི་ཤས་ཆེ་བ་དང་། སྐྱེ་བོ་སློང་བ་ལ་བྱམས་པ་དང་། རང་གི་བརྟན་པ་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར་སྨྲས་པ། ཡུལ་ཤི་བི་པ་རྣམས་ནི་མི་བརྟན་པའི་རང་བཞིན་ཅན་ཏེ་ངའི་རང་བཞིན་མི་ཤེས་པ་ལྟར་བྱེད་མོད། འཇིག་རྟེན་དོན་དུ་ང་ལུས་འདི་འཛིན་ན། ཕྱི་རོལ་ནོར་ལྟ་སྨོས་ཀྱང་ཅི་ཞིག་དགོས། །རང་གི་མིག་དང་མགོ་ཡང་ངས་སྦྱིན་ན། །ཕྱི་རོལ་ནོར་སྦྱིན་སྨོས་ཀྱང་ཅི་ཞིག་དགོས། །སློང་བ་རྣམས་ཀྱིས་བླངས་པའི་ཚིག་དག་ལ། །རང་གི་ལུས་ཀྱང་གཏོང་བར་སེམས་པ་ལ། །སྐྲག་པར་བྱས་ནས་མི་སྦྱིན་སྙམ་སེམས་པ། །བྱིས་པ་རྣམས་ཀྱི་མི་བརྟན་སྟོན་དུ་ཟད། །ཤི་བི་པ་རྣམས་ཐམས་ཅད་ཀྱིས། །ང་ནི་བསད་དམ་སྤྱུགས་ཀྱང་རུང་། །མི་སྦྱིན་པར་ནི་ང་མི་བྱེད། །དཀའ་ཐུབ་ཚལ་དུ་འགྲོར་ཟད་མོད། །དེ་ནས་བྱང་ཆུབ་སེམས་དཔའི་བཙུན་མོས་གཏམ་ངན་ཐོས་ཏེ་བཞིན་གྱུར་པ་ལ་ཡུལ་ཤི་བི་པ་རྣམས་ཀྱི་འདིར་ཇི་ལྟར་ངེས་པར་བྱས་པ་ཁྱོད་ཀྱིས་ཐོས་སམ། ང་ལས་ཁྱོད་ཀྱིས་ཅི་ཐོབ་དང་། །གང་ཡང་ཁྱོད་ཀྱི་ཕ་མ་ཡིས། །ནོར་རྣམས་ཅུང་ཟད་ཅི་ཡོད་པ། །དེ་དག་ཁྱོད་ཀྱིས་གཏེར་དུ་སྦོས། མཱ་ཏྲྀས་སྨྲས་པ། ལྷ་འདི་དག་གར་གཏེར་དུ་སྦ་བར་བགྱི། ཐམས་ཅད་སྒྲོལ་གྱི་སྨྲས་པ། རྟག་པར་ཚུལ་ཁྲིམས་ལྡན་པ་ལ། །སྦྱིན་པ་བཀུར་སྟིས་བརྒྱན་པ་བྱིན། །ནོར་རྣམས་དེ་ལྟར་གཏེར་བཅུག་པ། །རྗེས་སུ་འགྲོ་ཞིང་འཕྲོག་ཏུ་མེད། །གྱོས་རྒྱུག་གཉིས་པོ་བདེ་བར་མཛོད། །བྱིས་པ་གཉིས་ཀྱང་ཡོངས་སུ་སྐྱོངས། ཆོས་ལ་གཅིག་ཏུ་བག་ཡོད་བྱོས། །ང་མེད་མྱ་ངན་མ་བྱེད་ཅིག །མཱ་ཏྲྀས་དེ་ཐོས་ནས། །སྙིང་རབ་ཏུ་གདུངས་ཀྱང་། །ཁྱིམ་ཐབ་མི་དགའ་བ་སྤང་བའི་ཕྱིར། མྱ་ངན་དང་མི་དགའ་བ་བཏང་ཏེ་སྨྲས་པ། རྒྱལ་པོ་ཆེན་པོ་ཉག་གཅིག་དུ། །ནགས་སུ་གཤེགས་པ་ཆོས་མ་མཆིས། རྒྱལ་རིགས་གང་དུ་གཤེགས་པ་དེར། །བདག་ཀྱང་དེ་བས་མཆི་བར་འཚལ། །ལྷ་བདག་གིས་ནི་ནགས་ཚལ་ན་གནས་པ་མི་བདེ་བར་མ་མཐོང་ལགས་སོ། །ཅིའི་སླད་དུ་ཞེ་ན། མི་སྲུན་མི་མེད་ཤིང་དང་ཆུ་མ་སྤྱད། བྱ་རྣམས་སྣ་ཚོགས་སྒྲ་འབྱིན་རི་དྭགས་མང་། ནེའུ་སིང་སྔོན་པོ་ཡིད་འོང་བཻ་ཌཱུར་འདྲ། །སྐྱེད་མོས་ཚལ་བས་དཀའ་ཐུབ་ནགས་ཚལ་དགྱེས། ལྷ་གཞན་ཡང་། ནགས་ཚལ་ལྕག་མའི་ཁྲོད་དག་ན། གཞོན་ནུ་འདི་གཉིས་འཕྲེང་བ་ཡིས། །བརྒྱན་ཅིང་བརྩེ་བ་གཟིགས་ན་ནི། །རྒྱལ་སྲིད་དག་དང་དགོངས་མི་འགྱུར། །དུས་ཀྱི་དབང་གིས་གྱུར་པ་ཡི། །ནགས་ཚལ་མཛེས་པ་གསར་པ་དང་། །སྨན་ལྗོངས་འབབ་ཚུལ་བཅས་པ་ཡི། །ནགས་ཚལ་དག་ན་དགྱེས་པར་འགྱུར། །དགའ་བ་འཚལ་པའི་བྱ་རྣམས་ནི། །སྣ་ཚོགས་སྒྲ་འབྱིན་སིལ་སྙན་བཞིན། །འདོད་ཆགས་བདོ་བའི་སློབ་དཔོན་གྱིས། །བསྟན་པའི་རྨ་བྱ་གར་ཡང་འགྱིང་། བུང་བའི་ན་ཆུང་གླུ་ལེན་པ། །རབ་ཏུ་སྙན་ཅིང་མ་སྨད་པའང་། །ནགས་ཚལ་དག་ན་གླུ་གར་གྱི། །ཁྱོད་ཀྱི་ཐུགས་ནི་དགྱེས་པར་བགྱིས། །ནགས་ཚལ་དག་ན་མཚན་མོའི་ཟླ་འོད་ནི། རས་དཀར་བཟང་པོས་གཡོགས་པའི་རྡོ་ལེབ་དང་། །མེ་ཏོག་ཤིང་གིས་དྲི་ཞིམ་བསྒོས་པ་ཡིས། །ནགས་ཚལ་བསེར་བུ་བསིལ་ཡབ་གཡོབ་པར་བགྱིད། །འབབ་ཆུའི་ན་ཆུང་གོར་ནས་བསྐྱོད་པ་ཡི། །ཆབ་སྒྲ་སྙན་པ་ལྷུང་ལྷུང་སྒྲ་སྒྲོགས་པ། །རྒྱན་གྱི་སྒྲ་རྣམས་སིལ་ཁྲོལ་མཆི་བ་བཞིན། །ཁྱོད་ཀྱི་ཐུགས་ནི་རབ་ཏུ་དགྱེས་པར་བགྱིས། །དེ་དེ་ལྟར་བཙུན་མོ་གནད་ཆེན་གྱིས་ཡིད་བཞོས་པ་དང་། ནགས་ཚལ་དུ་འགྲོ་བ་ལ་སེམས་སྤྲོ་བར་གྱུར་ནས། སྐྱེ་བོ་སློངས་མོ་པ་རྣམས་ལ་བལྟས་ཏེ། སྦྱིན་པ་ཆེན་པོ་བྱིན་པ་ལ་ཞུགས་སོ། །དེ་ནས་ཐམས་ཅད་སྒྲོལ་དེ་ལྟར་བཏང་བར་གྱུར་པ་ཐོས་ནས། རྒྱལ་པོའི་ཕོ་བྲང་ན་ངུད་མོའི་སྒྲ་ཆེན་པོ་བྱུང་བར་གྱུར་ཏོ། །སྐྱེ་བོ་སློངས་མོ་བ་རྣམས་ཀྱང་མྱ་ངན་གྱི་གདུངས་པའི་ཤུགས་ཀྱིས་བརྒྱལ་བ་བཞིན་དུ་གྱུར་ཅིང་། སྨྱོ་བླ་ཅན་དུ་གྱུར་པ་བཞིན་དུ་སྨྲེ་སྔགས་རྣམ་པ་མང་པོ་འདོན་པར་གྱུར་ཏོ། །འབྲས་བུ་ཞིམ་པོ་ཡོད་པའི་གྲིབ་ཤིང་དག །བཅད་པའི་ཕྱིར་ནི་སྟ་རེ་གཟས་པ་རྣམས། །འཛིན་པའི་ས་ནི་ངོ་མཚར་མ་གྱུར་པ། །འདི་ནི་སེམས་པ་མེད་པར་གསལ་བར་མངོན། །ཆུ་གཙང་ཞིམ་པོ་བསིལ་བས་གང་བ་ཡི། །རྫིང་བུ་འདྲལ་བ་དག་ཀྱང་མི་འགོག་ན། འཇིག་རྟེན་སྐྱོང་རྣམས་མིང་ནི་དོན་མེད་གྱུར། །གྲགས་པར་ཟད་དམ་གལ་ཏེ་གུད་དུ་དོང་། །གང་ན་རྒྱལ་པོ་ཐམས་ཅད་སྒྲོལ། །རང་གི་སྲིད་ལས་ཕྱུང་བས་ན། །ཀྱེ་མའོ་ཆོས་མིན་གཉིད་མ་ལོག །ཆོས་ནི་གཉིད་ལོག་ཡང་ན་ཤི། བདག་ཅག་ཕོངས་པ་སློངས་མོ་བ། །ཉེས་པ་ཅུང་ཟད་མེད་པ་ལ། སྲོག་ལ་རྒོལ་བ་མི་སྲུན་པ། །དེ་ལས་ཕུང་བྱེད་མཁས་པ་མེད། །དེ་ནས་བྱང་ཆུབ་སེམས་དཔས་ནོར་བུ་རིན་པོ་ཆེ་དང་། གསེར་དང་དངུལ་གྱིས་གང་པའི་མཛོད་འབུམ་ཕྲག་དུ་མ་དང་། ནོར་དང་འབྲུ་མང་པོ་ལྡན་པའི་བང་མཛོད་རྣམས་དང་། བྲན་པོ་དང་བྲན་མོ་དང་ཐེག་པ་དང་། བཞོན་པ་དང་། གོས་དང་ཡོ་བྱད་ལ་སོགས་པ་ཐམས་ཅད་ཕོངས་པ་རྣམས་ལ་ཇི་ལྟར་རིགས་པར་བྱིན་ཏེ། ཕ་མ་མྱ་ངན་གྱི་སྡུག་བསྔལ་གྱིས་བརྟན་པ་ཟིལ་གྱིས་ནོན་པ་གཉིས་ཀྱི་རྐང་པ་གཉིས་ལ་ཕྱག་འཚལ་ནས་བུ་དང་ཆུང་མར་བཅས་ཏེ། ཤིང་རྟའི་མཆོག་ལ་ཞོན་ནས་བསོད་ནམས་ཀྱི་ཉིན་བར་གྱི་སྦྲུ་བཞིན་དུ་སྐྱེ་བོ་མང་པོ་ཆོ་ངེ་འདོན་པའི་སྒྲ་སྒྲོགས་ཤིང་། །གྲོང་ཁྱེར་གྱི་མཆོག་གི་ནང་ནས་ཕྱིར་ཕྱུང་སྟེ། རྗེས་སུ་ཆགས་པའི་དབང་གིས་རྗེས་སུ་འབྲང་བའི་སྐྱེ་བོ་མྱ་ངན་གྱི་གདུངས་པའི་མཆི་མས་གདོང་ཡོག་པ་རྣམས་ནན་གྱིས་སླར་བཟློག་སྟེ་བཀྱེ་ནས། །བདག་ཉིད་ཀྱིས་སྲབ་སྐྱོགས་བཟུང་སྟེ། རི་བདག་གང་ན་བདེར་སོང་ངོ་། །གྲོང་ཁྱེར་གྱི་མཆོག་གི་ཉེན་ཀོར་སྐྱེད་མོས་ཚལ་བཟང་པོ་ཡིད་དུ་འོང་བ་དངར་བ་འདས་ནས་ཀྱང་། ཡིད་འཁྲུག་པ་མེད་པར་མཐར་གྱིས་གྲིབ་ཤིང་ཉུང་ཞིང་སྐྱེ་བོ་འགྲུལ་བའི་རྒྱུན་ཆད་པ། རི་དྭགས་མང་པོ་རབ་ཏུ་རྒྱུ་བ། ཕྱོགས་གསལ་བར་སྣང་བ། ཚད་བྱིའུ་ཙ་ཙིའི་སྒྲ་གྲག་པའི་དགོན་པ་ཞིག་ཏུ་ཕྱིན་ཏོ། དེ་ནས་བྲམ་ཟེ་འཁྱམས་པ་དག་ཅིག་གིས་དེ་ལ་ཤིང་རྟ་འདྲེན་པའི་རྟ་བླངས་སོ། །དཔག་ཚད་དུ་མའི་ལམ་དུ་དེ་ལུས་ལ། །བུ་སྨད་བཅས་ཤིང་གྲོགས་ནི་མེད་གྱུར་ཀྱང་། །སྦྱིན་ལ་དགའ་བས་ཕྱི་རྗེས་མི་བལྟ་བར། བྲམ་ཟེ་རྣམས་ལ་རྟ་བཞི་ཉིན་པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱིས་ཤིང་རྟ་དྲང་བར་བསམས་ནས། ལེགས་པར་ཆས་པ་དང་། གནོད་སྦྱིན་གཞོན་ནུ་བཞི་ཞིག་རི་དྭགས་དམར་པོའི་གཟུགས་སུ་བསྒྱུར་ནས། རྟ་བཟང་པོ་རབ་ཏུ་དུལ་བ་བཞིན་དུ་བདག་ཅག་ཉིད་ཀྱི་ཤིང་རྟའི་གཉའ་ཤིང་གཉའ་བར་ཐོགས་པར་གྱུར་ཏོ། །དེ་མཐོང་བ་དང་། མཱ་ཏྲྀ་དགའ་ཞིང་ངོ་མཚར་དུ་གྱུར་པས། མིག་དགྲད་པ་ལ། བྱང་ཆུབ་སེམས་དཔས་སྨྲས་པ། གང་ན་འདི་ལྟར་གློ་བུར་འོངས་པ་ལ། བྱམས་པའི་རྩྭ་ཟུག་རི་དྭགས་མཆོག་འཁོད་ནགས། དཀའ་ཐུབ་ཅན་གྱི་གནས་བཅས་བཀུར་བ་ཡི། །མཐུ་ཆེན་ཁྱད་པར་འཕགས་པ་འདི་ལ་ལྟོས། མཱ་ཏྲྀས་སྨྲས་པ། དམ་པ་རྣམས་ཀྱི་ཡོན་ཏན་དག །རབ་ཏུ་གོམས་ཀྱང་མི་འདྲ་བས། །བདག་གིས་བསམས་ན་མཐུ་ཆེན་འདི། །རྒྱལ་པོ་ཁྱོད་ཀྱི་ལགས་པ་སྙམ། །མཚོ་ཡི་ནང་ན་སྐར་མའི་གཟུགས་བརྙན་རྣམས། །ཀུ་མུད་རྒྱས་པས་ལྷག་པར་མཛེས་གྱུར་བ། ཟླ་བའི་འོད་ཟེར་ལྟད་མོ་བལྟ་བ་བཞིན། །འདིར་མཆིས་པ་རྣམས་རྒྱུར་གྱུར་ལགས་པ་སྙམ། །དེ་ལྟར་དེ་དག་ཕན་ཚུན་རྗེས་སུ་མཐུན་པས་ཅིག་ལ་ཅིག་སྙན་པར་སྨྲས་ཤིང་ལམ་དུ་ཞུགས་ཏེ་དོང་བ་ལས། བྲམ་ཟེ་ཞིག་འོངས་ནས། བྱང་ཆུབ་སེམས་དཔའ་ལ་ཤིང་རྟ་སླངས་སོ། །སློང་ལ་དགའ་བའི་གཉེན་གྱུར་པ། །བདག་གི་བདེ་ལ་མ་ཆགས་ངེས །ཤིང་རྟ་བྱིན་པས་བྲམ་ཟེ་དེའི། །རེ་བ་ཡོངས་སུ་རྫོགས་པར་བྱས། དེ་ནས་བྱང་ཆུབ་སེམས་དཔའ་ཡིད་དགའ་བཞིན་དུ། བདག་གི་བུ་སྨད་ཤིང་རྟ་ལས་ཕབ་སྟེ། ཤིང་རྟའི་མཆོག་བྲམ་ཟེ་དེ་ལ་བྱིན་ནས། གཞོན་ནུ་དྲ་བ་ཅན་པང་དུ་ཐོགས་ཏེ་རྐང་པས་ལམ་དུ་ཞུགས་སོ། །མཱ་ཏྲྀའང་ཡིད་ལ་མི་དགའ་བ་མེད་པར་གཞོན་ནུ་མ་ཀྲྀཥྞ་འཛིན་པང་དུ་ཐོགས་ཏེ་དེ་དང་འགྲོགས་ཏེ་སོང་ངོ་། །ལྗོན་པའི་ཤིང་རྣམས་འབྲས་བུ་བཟང་པོ་ཡིས། །རྩེ་མོ་བཏུད་ནས་མགྲོན་དུ་གཉེར་བ་བཞིན། །བསོད་ནམས་མཐུ་ཡིས་མངོན་དུ་ལྟ་བྱེད་ཅིང་། །སློབ་མ་དུལ་བ་ཕྱག་ཀྱང་འཚལ་བ་འདྲ། གང་དུ་ཆུ་འདོད་གྱུར་པ་དེ་དག་ཏུ། །ངང་མོའི་དཔུང་མགོས་པདྨ་བསྐྱོད་པ་ཡིས། །ཟེ་བ་ལྷགས་པས་སེར་པོར་གསལ་གྱུར་པའི། །མཚོ་རྣམས་དེ་ལ་རབ་ཏུ་བྱུང་བར་གྱུར། །སྤྲིན་རྣམས་ཀྱིས་ཀྱང་བླ་རེ་བཟང་པོ་བྲེས། །བསེར་བུ་བདེ་བ་དྲི་ཞིམ་ངད་ཀྱང་ལྡང་། །ངལ་བའི་སྡུག་བསྔལ་མྱོང་བ་མི་བཟོད་པས། །གནོད་སྦྱིན་རྣམས་ཀྱིས་དེ་ཡི་ལམ་ཡང་བསྟུངས། དེ་ལྟར་བྱང་ཆུབ་སེམས་དཔའ་སྐྱེད་མོས་ཚལ་གྱི་ནང་ནས་འགྲོ་བ་བཞིན་དུ། འཆག་ན་དགའ་བའི་བདེ་བ་རྗེས་སུ་མྱོང་ཞིང་། ལམ་གྱིས་དུབ་པའི་སྡུག་བསྔལ་མ་མྱོང་བར། བུ་སྨད་དང་བཅས་ཏེ་ཕྱིན་ནས་བང་གའི་རི་མཐོང་བར་གྱུར་ཏོ། །དེ་ན་ཡང་མེ་ཏོག་དང་འབྲས་བུ་དང་ལོ་མས་བརྒྱན་པའི་ཤིང་ལྗོན་པ་སྣུམ་སྣུམ་ལྟར་འདུག་པ་རྣམ་པ་དུ་མས་གང་བ། བྱ་མང་པོ་འདོད་པས་མྱོས་ཤིང་དགའ་བའི་སྒྲ་འབྱིན་པ། རྨ་བྱ་མང་པོ་གར་བྱེད་པས་མཛེས་པར་གྱུར་པ། རི་དྭགས་ཀྱི་རིགས་དུ་མ་རྒྱུ་བ། མཚོ་ཆུ་སྔོན་པོ་གཙང་མས་ཆེད་དུ་བསྐོར་བ་ལྟར་འདུག་པ། མེ་ཏོག་གི་དྲིས་བསྒོས་པའི་བསེར་བུ་ངད་ལྡང་བའི་དཀའ་ཐུབ་ཀྱི་ནགས་ཚལ་དུ། ནགས་ཚལ་ན་རྒྱུ་བ་རྣམས་ཀྱིས་ལམ་མཚོན་ཏེ་ཞུགས་པ་དང་། དེ་ནའང་བརྒྱ་བྱིན་གྱིས་བཀའ་སྩལ་ཏེ། ལས་སྣ་ཚོགས་བྱེད་པ་ཉིད་ཀྱི་བྱས་པ། ཤིང་ལོའི་ཁང་པ་མཐོང་ན་ཡིད་དུ་འོང་བ། དུས་ཐམས་ཅད་དུ་བདེ་བ། དེ་ལྟ་བུ་ཞིག་ཏུ་གནས་བཅས་ཏེ་འདུག་གོ །ནགས་ཚལ་དེ་ན་ཆུང་མ་སྡུག་པས་བཀུར་སྟི་བྱས། བདག་གི་བྱིས་པའི་སྙན་དངགས་མ་བསྒྲིབས་སྙན་པ་ཉན། །སྐྱེད་མོས་ཚལ་ན་འདུག་བཞིན་རྒྱལ་སྲིད་བསམ་པ་མེད། །ལོ་ཕྱེད་ལྷག་ཙམ་དེ་ནི་དཀའ་ཐུབ་སྤྱོད་པར་གྱུར། །དེ་ནས་རེ་ཤིག་ཅིག་རྒྱལ་པོའི་བཙུན་མོ་རྩ་བ་དང་འབྲས་བུ་ཚོལ་དུ་སོང་བའི་འོག་ཏུ། བྱིས་པ་གཉིས་བསྐྱང་པའི་ཕྱིར། རྒྱལ་པོའི་བུ་གནས་བསྲུང་ཞིང་འདུག་པ་ན། བྲམ་ཟེ་ལམ་གྱི་རྡུལ་གྱིས་རྐང་པ་དང་། བྱིན་པ་རྩུབ་རྩུག་ལྟར་འདུག་པ། ངལ་བས་བཞིན་མདོག་དང་མིག་རྩ་ཉམས་པ། རིལ་བ་སྤྱི་བླུགས་དབྱིག་པ་ལ་བཏགས་པ་ཕྲག་པ་ལ་ཐོགས་པ། ཆུང་མས་གཡོག་ཁྲིད་དེ་ཤོག་ཅིག་པར་ཆེད་ཆེར་སྦྲིང་བ་ཞིག་ཕྱོགས་དེར་འོངས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་ཡུན་རིང་མོ་ཞིག་ན་གདོང་ཕོངས་པ་འོངས་པར་མཐོང་ནས། ཡིད་རབ་ཏུ་དང་བས་མིག་དང་བཞིན་གྱི་མདངས་རབ་ཏུ་གསལ་བར་གྱུར་ནས། བསུ་སྟེ་འོངས་བ་ལེགས་སོ་ཞེས་བྱ་བ་ལ་སོགས་ཏེ་ཚིག་སྙན་པ་བརྗོད་དེ། དཀའ་ཐུབ་ཀྱི་ནགས་ཀྱི་ནང་དུ་བཞག་ནས། གློ་བུར་དུ་འོངས་པ་ལ་བཀུར་སྟི་བྱ་བ་བྱས་ཏེ། ཅིའི་ཕྱིར་འོངས་པ་དྲིས་སོ། །དེ་ནས་བྲམ་ཟེ་དེ་ཆུང་མ་ལ་བྱམས་པས། བརྟན་པ་དང་ངོ་ཚ་བ་བོར་ཞིང་བསང་བ་འབའ་ཞིག་ཏུ་ཆས་པས། དོན་འདི་ལྟ་བུ་སྨྲས་སོ། །གང་ན་སྣང་ཞིག་མཉམ་པའི་ལམ་ཡོད་པ། །འཇིག་རྟེན་འདི་དག་དེར་དོང་ཉམ་ངར་མིན། འགྲོ་བ་འདི་ནི་ཕལ་ཆེར་སེར་སྣས་བསྒྲིབས། །བདག་གིས་གཞན་དུ་སླང་བའི་ཆག་མ་ཕྱིན། །སྦྱིན་ལ་དཔའ་བའི་གྲགས་དང་དཔལ་དག་གིས། །མཐར་ཕྱུང་མ་ལུས་ཁྱོད་ཀྱིས་མཐར་ཕྱིན་པས། །དེ་ཕྱིར་བདག་ནི་སློངས་མོ་བགྱིས་པར་གྱུར། །དེ་བས་སྲས་གཉིས་གཡོག་ཏུ་བདག་ལ་སྩོལ། །དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། །སྦྱིན་ལ་དགའ་བ་གོམས་བྱས་ཤིང་། སླར་ཟློག་པ་ནི་མ་བསླབས་པས། རབ་ཏུ་སྡུག་པའི་བུ་གཉིས་ཀྱང་། ཚམ་ཚོམ་མེད་བར་སྦྱིན་ཞེས་སྨྲས། བདེ་ལེགས་སུ་གྱུར་ཅིག །ད་འདི་ན་མཆིས་ཏེ་ཅི་བགྱི་ཞེས་བྲམ་ཟེས་སྨྲས་པ་དང་། བུ་གཉིས་ཀྱིས་བྱིན་པའི་གཏམ་ཐོས་པས་སྐྲག་པའི་མིག་རིག་རིག་པོར་གྱུར་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པའི་ཤུགས་ཀྱི་སྙིང་འདུངས་པར་གྱུར་པས་སྨྲས་པ། ཁྱོད་ལ་འདི་གཉིས་ངས་བྱིན་ན། །འདི་གཉིས་མ་ནི་ནགས་ཚལ་དུ། །རྩ་བ་འབྲས་བུ་ཚོལ་དུ་སོང་། །དེ་ཡང་དེ་རིང་འདིར་འོང་གིས། །འདིར་ནི་ཞག་གཅིག་ངལ་སོས་ལ། །དེ་དང་ཕྲད་ནས་འོ་བྱས་པ། །རྒྱན་གྱིས་བརྒྱན་ཅིང་འཕྲེང་བ་ཅན། །ང་ཡི་བུ་གཉིས་སང་ཁྲིད་ཅིག བྲམ་ཟེས་སྨྲས་པ། ཁྱོད་འདི་ལ་དུས་ཀྱི་འཆུ་བ་འདི་ཐོང་ཞིང་། བུད་མེད་རྣམས་ནི་མི་དྲང་བས། །མིང་ནི་གཡོན་ཅན་ཞེས་སུ་བཏགས། །ཁྱོད་ཀྱི་སྦྱིན་པ་གེགས་བྱེད་ཀྱི། །དེ་བས་བདག་ནི་འདུག་མི་འདོད། བྱང་ཆུབ་སེམས་དཔས་སྨྲས་པ་སྦྱིན་པའི་གེགས་སུ་གྱུར་དུ་མ་དོགས་ཤིག །དེ་ནི་ངའི་ཆོས་སྤྱོད་པའི་གྲོགས་ཡིན་མོད་ཀྱི། འོན་ཀྱང་འདི་ལ་ཁྱོད་ཅི་དགར་ཟད་དོ། །གཞན་ཡང་བྲམ་ཟེ་ཆེན་པོ། རབ་ཏུ་གཞོན་ཞིང་བྱིས་པ་ལ། གཡོག་གི་བྱ་བ་མི་མཁས་པས། འདི་གཉིས་ཁྱོད་ཀྱི་བྲན་བྱེད་ཀྱང་། །ཇི་ལྟ་བུར་ན་མགུ་བར་འགྱུར། །ཤི་བའི་རྒྱལ་བོ་ང་ཡི་ཡབ། །འདི་གཉིས་འདི་ལྟར་གྱུར་མཐོང་ན། །འདི་གཉིས་བླུ་བའི་ནོར་དག་ནི། །ཅི་འདོད་ཁྱོད་ལ་ངེས་བར་སྟེར། །དེ་བས་དེ་ཡི་ཡུལ་དུ་ནི། འདི་གཉིས་ཁྲིད་ན་ལེགས་པར་འགྱུར། །དེ་ལྟར་བྱས་ན་ནོར་ཆེན་དང་། །ཆོས་རྣམས་དང་ཡང་ལྡན་པར་འགྱུར། །བྲམ་ཟེས་སྨྲས་པ། བདག་ནི་རྒྱལ་པོ་སྦྲུལ་གདུག་པ་དང་འདྲ་བའི་དྲུང་དུ། མི་དགའ་བའི་སྐྱེས་འཚལ་ཏེ་མཆི་བའི་རྔོ་མི་ཐོག་གོ །རྒྱལ་པོས་བདག་ལ་འདི་གཉིས་འགྲོག །ཡང་ན་ཆད་པས་གཅོད་ཀྱང་སྲིད། །དེ་བས་འདི་གཉིས་བྲམ་ཟེ་མོའི། །གཡོག་ཏུ་བདག་ཉིད་ཁྲིད་དེ་མཆི། དེ་ནས་བྱང་ཆུབ་སེམས་དཔས་དོན་ཡོངས་སུ་མ་རྫོགས་པར། འོ་ན་ད་ཅི་དགར་ཟད་ཅེས་སྨྲས་ནས། །བུ་གཉིས་ལ་རྗེས་སུ་ཆགས་པ་དང་བཅས་པར་གཡོགས་ལེགས་པར་བྱོས་ཤིག་ཅེས་རྗེས་སུ་བཏགས་ནས། ལེན་དུ་གཞུག་པའི་ཕྱིར། བྲམ་ཟེའི་ལག་པ་བརྐྱང་བ་ལ་རིལ་བ་སྤྱི་བླུགས་བཏུད་དོ། །དེ་ཡིས་བསྒྲིམས་པའི་མཐུ་དག་གིས། །རིལ་བ་ལས་ནི་ཆུ་བྱུང་ན། །མིག་ནི་པདྨ་དམར་འདྲ་ལས། །མ་བསྒྲིམས་པར་ཡང་མཆི་མ་བྱུང་། །དེ་ནས་བྲམ་ཟེ་དེ་བརྐམ་པས་ཧ་ཅང་ཡང་དགའ་ཆེས་ནས། བརྟགས་པ་དང་བཅས་པའི་ཡིད་ཀྱིས། བྱང་ཆུབ་སེམས་དཔའི་བུ་དབྲོག་པར་རིངས་པས་ཤིས་བར་བརྗོད་པའི་ཚིག་མདོར་སྨྲས་ནས། ཚིག་དྲག་པོ་རྩུབ་པོས་ཕྱིར་བྱུང་ཞེས་སྨྲས་ནས། གཞོན་ནུ་གཉིས་དཀའ་ཐུབ་ཀྱི་ནགས་ནས་ཕྱིར་ཕྱུང་ངོ་། །དེ་ནས་གཞོན་ནུ་གཉིས་བྲལ་བའི་སྡུག་བསྔལ་གྱིས་སྙིང་གདུངས་པས་ཕ་ལ་ཕྱག་འཚལ་ནས། མིག་མཆི་མས་གང་བཞིན་དུ་སྨྲས་པ། ཡབ་ཅིག་ཡུམ་ཡང་སླད་རོལ་ཕྱུང་། ཁྱོད་ཀྱང་བདག་ཅག་བཏང་བར་བཞེད། །དེ་དང་མཇལ་གྱི་བར་དུ་གཞེས། །དེ་ནས་བདག་ཅག་ཁྱོད་ཀྱིས་སྩོལ། དེ་ནས་བྲམ་ཟེ་དེས་བསམས་པ། འདི་གཉིས་ཀྱི་མའང་དེའུ་རེ་འདི་ནས་ཚུར་འོང་ལ། འདི་ཡང་བུ་ལ་བྱམས་པས། འགྱོད་པ་སྐྱེ་ཡང་སྲིད་དོ་སྙམ་ནས། པདྨའི་བམ་པོ་བཅིངས་པ་བཞིན་དུ། དེ་གཉིས་ཀྱི་ལག་པ་ལྕུག་མས་བཅིངས་པ་དང་། དེ་གཉིས་ཅིག་ལ་ཅིག་འཁྲི་ཞིང་། ཕ་ལ་བཞིན་སླར་ཕྱོགས་ཏེ་ལྟ་བ་རབ་ཏུ་ཞན་པའི་གཞོན་ནུ་གཞོན་ཤ་ཅན་གཉིས་བསྡིགས་ཤིང་ཁྲིད་དོ། །དེ་ནས་གཞོན་ནུ་མ་ཀྲྀཥྞ་འཛིན་སྡུག་བསྔལ་དང་པོ་མྱོང་བ་དེས་སྐད་ཕྱུང་སྟེ་ངུ་ཞིང་ཕ་ལ་སྨྲས་པ། ཕ་ཅི་ལ་བདག་ལ་བྲམ་ཟེ་འདི། བརྩེ་བ་མེད་པར་ལྕུག་མས་འཇུ། བྲམ་ཟེ་ཆོས་དང་ལྡན་ཞེས་གདའ། འདི་ནི་བྲམ་ཟེ་མ་ལགས་ངེས། །གནོད་སྦྱིན་བྲམ་ཟེར་བསྒྱུར་ནས་ནི། །ངེས་པར་བཟའ་བའི་ཕྱིར་ཁྲིད་དོ། །ཤ་ཟས་བདག་ཅག་ཁྲིད་གྱུར་ན། །ཡབ་ཅིག་ཅི་ཕྱིར་ཡལ་བར་དོར། །དེ་ནས་གཞོན་ནུ་དྲ་བ་ཅན་ཡང་། མའི་སྨྲེ་སྔགས་འདོན་ཅིང་སྨྲས་པ། བྲམ་ཟེ་བདག་ལ་རྡེག་པ་འདི། །དེ་ཙམ་སྡུག་བསྔལ་མི་ཆེ་ཡི། །དེ་རིང་ཡུམ་དང་མ་མཇལ་བ། །དེ་ཡིས་བདག་ནི་བཀས་པ་བཞིན། །དཀའ་ཐུབ་ནགས་ཚལ་སྟོང་པ་ན། ཡུམ་ནི་ངེས་པར་ཡུན་རིངས་བཤུམས། །ཉོན་མོངས་བུ་ཡི་སྡུག་བསྔལ་གྱིས། །བྱེའུ་ཕྲུག་བསད་པའི་མ་མོ་བཞིན། བདག་ཅག་ཕྱིར་ནི་ནགས་ཚལ་ནས། །རྩ་བ་ཤིང་ཐོག་མང་པོ་རྣམས། །བསྣམས་ཏེ་བྱོན་ནས་གནས་སྟོང་འདི། གཟིགས་ནས་ཡུམ་ནི་ཅི་ལྟར་འགྱུར། །ཡབ་ཅིག་ཆིབས་རྟ་འདི་རྣམས་དང་། །གླང་ཆེན་ཤིང་རྟ་གང་མཆིས་ལས། །ཕྱེད་ཙམ་ཡུམ་ལ་ཕུལ་ན་ནི། །དེ་ཡིས་ཐུགས་ངན་ཆུང་ཡང་སྲིད། །འཕྲིན་གྱིས་ཡུམ་ལ་ཕྱག་འཚལ་ཞིང་། །ཐུགས་ངན་མཛད་ལས་བཟློག་ཏུ་གསོལ། །ཡབ་ཅིག་ཁྱོད་དང་ཡུམ་དེ་ཡི། །ཞལ་ནི་མཐོང་བར་རབ་ཏུ་དཀའ། །ཀྲྀཥྞ་ཚུར་ཤོག་བདག་ཅག་འདོང་། བྲམ་ཟེ་བྲན་གཡོག་འདོད་པ་ལ། །ཡབ་ཀྱིས་བདག་ཅག་བྱིན་ཟིན་གྱིས། །བདག་ཅག་གསོན་ཡང་ཅི་ཞིག་རུང་། དེ་ནས་བྱང་ཆུབ་སེམས་དཔའ། བུ་སྨྲེ་སྔགས་འདོན་པ་སྙིང་རྗེ་རྗེ་སྐད་ཟེར་བ་དེས་བློ་རབ་ཏུ་བསྐྱོད་ཀྱང་བྱིན་ཟིན་པས་ད་འགྱོད་ཀྱང་ཅི་ཕན་སྙམ་ནས། མྱ་ངན་གྱི་མེ་བཟློག་དཀའ་བས་སྙིང་བཅོས་ཏེ། དུག་ལངས་པས་བརྒྱལ་བ་བཞིན་དུ། སེམས་བློང་བློང་བོར་གྱུར་ནས་དེ་ཉིད་དུ་འདུག་གོ །བསེར་བུ་བསིལ་བའི་རླུང་ཡབ་ཀྱིས་འདུ་ཤེས་སླར་རྙེད་པ་དང་། སྒྲ་ཅི་ཡང་མི་གྲག་ཅིང་བུ་མི་འཁོད་པའི་གནས་མཐོང་ནས། མགྲིན་པ་དབུགས་ཀྱིས་བརྣངས་བཞིན་དུ། རང་ལ་རང་སྨྲས་པ། ངའི་སྙིང་བུ་གཅེས་པ་ལ། །འཛེམ་འདོགས་མེད་པར་མངོན་སུམ་དུ། །མཚོན་གྱིས་འདེབས་པ་ཇི་ལྟར་ན། །བྲམ་ཟེ་ངན་པ་ངོ་མི་ཚ། །ལྷམ་ཡང་མེད་པར་རྐང་གིས་དོང་། །རབ་ཏུ་གཞོན་པས་ངལ་མི་བཟོད། །ཇི་ལྟར་ལམ་དུ་ཞུགས་ཏེ་དོང་། །ཅི་ལྟར་དེ་ཡི་བྲན་གཡོག་བྱེད། ལམ་གྱིས་ངལ་ཞིང་དུབ་པ་ལ། །སུ་ཞིག་དེ་རིང་ངལ་སོར་འཇུག །བཀྲེས་སྐོམ་སྡུག་བསྔལ་ཉེན་པ་གཉིས། །བསླང་པའི་གནས་ཀྱང་སུ་ཞིག་ཡོད། །བདག་ནི་བརྟན་པར་བྱེད་འདོད་ཀྱང་། །འདི་ལྟ་བུར་ནི་སྡུག་བསྔལ་ན། །ང་བུ་བདེ་བར་བསྐྱེད་པ་གཉིས། །གནས་སྐབས་ཅི་ལྟར་གྱུར་ཅིང་འཁོད། །ཀྱེ་མའོ་བུ་དང་བྲལ་བ་ཡི། །སྡུག་བསྔལ་མེ་ཡིས་བདག་སེམས་སྲེག དམ་པ་རྣམས་ནི་ཆོས་དྲན་ནས། །སུ་ཞིག་རྗེས་སུ་འགྱོད་པར་བྱེད། །དེ་ནས་མཱ་ཏྲྀ་མི་དགའ་བ་འབྱུང་བའི་ལྟས་ངན་པ་རྣམས་ཀྱིས་ཡིད་མི་དགའ་བར་གྱུར་བཞིན་དུ། རྩ་བ་དང་འབྲས་བུ་ཁྱེར་ཏེ་རབ་ཏུ་མྱུར་བར་འོང་འདོད་ཀྱང་། གཅན་ཟན་ཁྲོ་བོ་རྣམས་ཀྱི་ལམ་ཆོད་པས། རིང་ཞིག་ལོན་ནས་དཀའ་ཐུབ་ཀྱི་ནགས་སུ་ཕྱིན་ནས་བསུར་འོང་རན་པའི་ས་དང་། རྩེད་མོ་རྩེ་བའི་ས་དག་ན་བུ་གཉིས་མི་སྣང་བ་དང་། རབ་ཏུ་མི་དགའ་བའི་དབང་དུ་གྱུར་ཏོ། །ལྟས་ངན་བྱུང་བས་དོགས་པ་སྐྱེས་བར་གྱུར། །དེ་ནས་བུ་བཙལ་ཕྱིར་ནི་མིག་ཀྱང་བལྟ། །ཡང་དང་ཡང་བོས་དེ་གཉིས་ལན་མེད་པས། །མྱ་ངན་འདུངས་ནས་སྨྲེ་སྔགས་འདོན་པར་གྱུར། །བྱིས་པ་སྨྲ་བའི་སྒྲ་གྲག་ནགས་ཚལ་འདིར། སྔོན་ནི་བདག་ལ་མང་པོ་ཚོགས་བཞིན་སྣང་། །དེ་གཉིས་མི་སྣང་དེ་གཉིས་དེ་རིང་ནི། །བདག་ལ་དགོན་པ་བཞིན་དུ་སྐྱབས་མེད་སྣང་། །ཀྱེ་མ་གཞོན་ནུ་འདི་གཉིས་ཅི་ཉེས་ཀྱེ། །རྩེ་རྩེ་ངལ་ནས་གཉིད་ཀྱིས་ལོག་གྱུར་ཏམ། །ནགས་ཚལ་སྟུག་པོར་བརླག་གམ་འོན་ཏེ་ཉལ། །བདག་འོང་འཕྱིས་པས་མ་མགུ་འཆུས་ཕྱུར་ཏམ། །བྱིས་པར་གྱུར་པས་ག་ཤེད་གབ་ཅིང་འཁོད། །གལ་ཏེ་དེ་བསད་མཐོང་ན་འཁྲུགས་ནས་ནི། །བྱ་འདི་ཀུན་ཀྱང་ཅི་སྟེ་སྒྲ་མི་འབྱིན། །འབབ་ཆུ་དྲག་པོ་རླབས་ཆེན་འཁྲུགས་པ་ཡི། །ཆུ་ཡིས་གལ་ཏེ་དེ་གཉིས་ཁྱེར་གྱུར་ཏམ། །འོན་ཀྱང་ང་ནི་བདག་གི་ལོག་པར་རྟོག་པ་འདི་ལྟར་མ་གྱུར་ཅིག །རྒྱལ་པོ་ཡབ་སྲས་བདེ་ལེགས་སུ་གྱུར་ཅིག །ལྟས་ངན་མཚན་མ་ངན་པ་སྟོན་པ་ཡང་། བདག་གི་ལུས་ལ་སྨིན་པར་གྱུར་ཅིང་། བདག་གི་སྙིང་འདིའང་ལྟས་ངན་པས་དགའ་བ་ནི་ཟློག །མི་དགའ་བའི་མུན་བླ་ནི་ཁེབས་ནས། གས་པ་བཞིན་དུ་གྱུར་ཏམ་ནི། བདག་གི་ལུས་ཀྱང་ལྷུ་ཚིགས་བྲལ་བ་སྙམ་བྱེད། ཕྱོག་རྣམས་ཀྱང་འཁྲུགས་པ་སྙམ་བྱེད། ནགས་ཚལ་འདིའང་དཔལ་ཉམས་ཤིང་གཡལ་སྙམ་བྱེད་པར་གྱུར་ཏོ། །དེ་ནས་དཀའ་ཐུབ་ཀྱི་ནགས་ཀྱི་ནང་དུ་འོངས་ནས། །རྩ་བ་དང་འབྲས་བུ་རྣམས་ཕྱོགས་གཅིག་ཏུ་བཞག་སྟེ། ཞེ་ས་དང་བཅས་པར་ཁྱིམ་ཐབ་ལ་བུ་གཉིས་གར་མཆིས་ཞེས་དྲིས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་མ་ནི་བུ་ལ་བྱམས་པས་སྙིང་སྟོབས་ཆུང་བ་དང་། མི་དགའ་བའི་ཚིག་བརྗོད་དཀའ་བར་ཤེས་ནས། དེ་ལ་ཅུང་ཟད་ཀྱང་སྨྲ་མ་ནུས་སོ། །དགའ་བར་བྱ་རིགས་སྐྱེ་བོ་ལ། །མི་དགའ་སྨྲ་བའི་མི་དག་གིས། ཆེད་དཀར་ཡིད་ནི་གདུང་བྱ་བ། །སྙིང་རྗེ་ཅན་གྱིས་རབ་ཏུ་དཀའ། དེ་ནས་མཱ་ཏྲྀས་བསམས་པ། འདི་འདི་ལྟར་མྱ་ངན་གྱིས་གདུངས་ནས་ཅང་མི་སྨྲ་བ་དང་སྦྱར་ན། བདག་གི་བུ་གཉིས་གདོན་མི་ཟ་བར་མ་རུང་བར་གྱུར་ཏོ་སྙམ་ནས། དཀའ་ཐུབ་ཀྱི་ནགས་ཀུན་དུ་སེམས་ཀྱི་བརྟགས་ནས། བུ་གཉིས་མི་སྣང་བས། མཆི་མས་བརྣངས་ནས་ཡང་སྨྲས་པ། བྱིས་པ་གཉིས་ཀྱང་ཡོང་མི་སྣང་། ཁྱོད་ཀྱང་བདག་ལ་ཅང་མི་གསུང་། །མི་དགར་གྱུར་པ་མི་གསུངས་པས། །ཀྱི་ཧུད་བདག་ནི་བསད་ཀྱིས་མོད། དེ་སྐད་ཅེས་སྨྲས་ནས། མྱ་ངན་གྱི་མེས་སྙིང་བསྲེགས་ནས། ལྕུག་མ་རྩ་བ་ནས་བཅད་པ་བཞིན་དུ་འགྱེལ་ལོ། །དེ་འགྱེལ་མ་ཐག་ཏུ་བྱང་ཆུབ་སེམས་དཔས་བླངས་ནས། །རྩའི་སྟན་ལ་བཞག་སྟེ། ཆུ་གྲང་མོ་བཏབ་ནས་སླར་སད་པ་དང་། དབུགས་དབྱུང་བའི་ཕྱིར་སྨྲས་པ། བྱམས་པའི་ཡིད་ཀྱིས་མི་བཟོད་ལ། །བརྟན་པ་མེད་དུ་དོགས་པས་ན། །མཱ་ཏྲྀ་ཁྱོད་ལ་ང་ཡིས་ནི། །སྡུག་བསྔལ་མྱུར་དུ་མ་སྨྲས་སོ། །རྒས་ཤིང་དབུལ་པོའི་སྡུག་བསྔལ་གྱིས། །ཉེན་པའི་བྲམ་ཟེ་ང་གན་འོངས། །དེ་ལ་ང་ཡི་བུ་གཉིས་བྱིན། །མྱ་ངན་མ་བྱེད་སྤྲོ་བསྲིངས་ལ། །བུ་ལ་མ་སེམས་ང་ལ་ལྟོས། །ང་ཡི་མྱ་ངན་གདུངས་སྙིང་ལ། །མཚོན་གྱི་འདེབས་པ་བཞིན་མ་བྱེད། བསླངས་པར་གྱུར་ན་སྲོག་དག་ཀྱང་། །མི་སྦྱིན་པར་ནི་ཅི་ལྟར་ནུས། །དེ་བས་ང་ཡི་སྦྱིན་པ་ལ། །བཟང་མོ་རྗེས་སུ་ཡི་རང་བྱོས། །མཱ་ཏྲྀས་དེ་ཐོས་ནས། བུ་ཤིར་དོགས་ནས་སྙིང་གཙེས་པ་ལ། བུ་གཉིས་གསོན་པའི་གཏམ་ཐོས་པས། མྱ་ངན་ཆུང་དུ་གྱུར་ནས། ཁྱིམ་ཐབ་མྱ་ངན་བསལ་བའི་ཕྱིར་མིག་གཉིས་མཆི་མ་ཕྱིས་ཏེ། ཡ་མཚན་ཆེ་བར་བལྟས་ནས། ཁྱིམ་ཐབ་ལ་སྨྲས་པ། མང་དུ་གསོལ་ཡང་ཅི་འཚལ་ཏེ་ངོ་མཚར་ཆེའོ། །འདི་ལྟར་ཁྱོད་ཀྱི་ཐུགས་ལ་ནི། །འཇུངས་པའི་སྐབས་ཀྱང་མ་རྙེད་པ། ལྷ་ཡི་སེམས་ཀྱང་ངེས་པར་ནི། །ཡ་མཚན་ཆེ་བའི་དབང་དུ་གྱུར། །ཁྱོད་ཀྱི་གྲགས་པའི་ཚིག་སྡེབས་སྒྲ་གྲགས་སམ། །ལྷ་ཡི་རྔ་ཆེན་བརྡུངས་པའི་སྒྲ་རྣམས་ཀྱིས། བྲག་ཅའི་སྒྲ་ཡིས་ཕྱོགས་རྣམས་ཐམས་ཅད་དུ། །ཚིག་འབྲུ་གསལ་བས་ནམ་མཁའ་ཁྱབ་པར་གྱུར། །ས་གཞི་རི་ཡི་ནུ་མ་གཡོ་བ་ཅན། །འདོད་ཆགས་ལངས་པ་བཞིན་དུ་རབ་ཏུ་གཡོས། །གསེར་གྱི་མེ་ཏོག་རྣམས་ཀྱང་མཁའ་ལས་ལྷགས། གློག་འགྱུར་འོད་ཀྱིས་ནམ་མཁའ་གསལ་གྱུར་ཅིང་། །དེ་བས་ཐུགས་ངན་མ་མཛད་པར། །སྩལ་བས་ཐུགས་ནི་དགྱེས་པར་མཛོད། །འཇིག་རྟེན་རྣམས་ལ་བཏུང་ཆུ་བཞིན། །སླན་ཆད་ཀྱང་ནི་སྦྱིན་བདག་མཛོད། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ས་གཞི་གཡོས་པས་རིའི་རྒྱལ་པོ་རི་རབ་འགུལ་བ་དང་། འདི་ཅི་ཞིག་ཅེས་རྟོག་པ་སྐྱེས་པ་དང་འཇིག་རྟེན་སྐྱོང་བ་ཡ་མཚན་སྐྱེས་པས། མིག་བགྲད་པ་རྣམས་ལས་ས་གཡོས་པའི་རྒྱུ། ཐམས་ཅད་སྒྲོལ་གྱི་སྦྱིན་པ་ཡིན་པར་རྟོགས་ནས། སེམས་རབ་ཏུ་དགའ་བར་གྱུར་ཏེ། དེའི་མཚན་མོ་ནམ་ལངས་བ་དང་། བརྒྱ་བྱིན་བྲམ་ཟེའི་གཟུགས་སུ་བསྒྱུར་ནས། སློངས་མོ་བ་འདྲ་བར་བྱས་ཏེ་ཐམས་ཅད་སྒྲོལ་གྱི་དྲུང་དུ་འོངས་སོ། །བྱང་ཆུབ་སེམས་དཔས་གློ་བུར་དུ་འོངས་པ་ལ་བཀུར་སྟི་བྱས་ནས། ཅི་འདོད་ཅེས་སྐབས་ཕྱེ་བ་དང་། དེ་ལ་ཆུང་མ་སླངས་སོ། །མཚོ་ཆེན་དག་ལ་ཆུ་ནི་མི་ཟད་བཞིན། །དམ་པ་རྣམས་ལ་སྦྱིན་པའི་ཆོས་མི་ཟད། །དེ་བས་ལྷ་འདྲེ་ཁྱོད་ལ་འཕགས་མ་སློང་། །བཙུན་མོ་འདི་ནི་བདག་ལ་སྩལ་བའི་རིགས། །བྱང་ཆུབ་སེམས་དཔའ་ཡིད་མི་དགའ་བ་མེད་པ་ཉིད་དུ་དེ་བཞིན་དུ་བྱའོ་ཞེས་ནས། སྦྱིན་པར་བྱས་སོ། །དེ་ནས་དེ་ན་ལག་གཡོན་མཱ་ཏྲྀ་བཟུང་། གཡས་པས་རིལ་བ་སྤྱི་བླུགས་བཟུང་ནས་ནི། །དེ་ཡི་ལག་གཡས་རྩེ་ལ་ཆུ་སྦྲེངས་ནས། །འདོད་ལྷའི་སེམས་ནི་མྱ་ངན་མེ་ཡིས་ཚིག །དེ་ཡི་རང་བཞིན་ཕན་སེམས་ཤེས་ནས་ནི། །སེམས་ཀྱང་མ་འཁྲུགས་དུས་ཀྱང་མ་དུས་ན། །སྔོན་མེད་སྡུག་བསྔལ་ཁུར་གྱིས་ནོན་གྱུར་ནས། །དེ་ལ་མིག་ཚུགས་བལྟ་ཞིང་བྲིས་བཞིན་འདུག །ལྷའི་དབང་པོ་བརྒྱ་བྱིན་གྱི་དེ་མཐོང་ནས། །སྙིང་ལ་ངོ་མཚར་རབ་ཏུ་ཆེ་བར་གྱུར་ཏེ། སེམས་དཔའ་ཆེན་པོ་དེ་ལ་བསྟོད་ནས་སྨྲས་པ། ཡ་རབས་མ་རབས་ཆོས་གཉིས་ནི། །ཨེ་མ་ཁྱད་པར་རེ་ཆེ་གེ །བདག་ཉིད་མ་སྦྱངས་པ་རྣམས་ནི། །སུས་ཀྱང་ཡིད་ཆེས་མི་ནུས་སོ། །འདོད་ཆགས་བྲལ་བར་མ་གྱུར་པས། །བུ་སྨད་རབ་ཏུ་སྡུག་པ་དང་། །དེ་ལྟར་མ་ཆགས་སྦྱིན་བྱེད་པ། །འདི་འདྲའི་རླབས་ཆེན་སུ་ལ་ཡོད། །ཁྱོད་ཀྱི་ཡོན་ཏན་ཆགས་པའི་གཏམ་དག་གིས། །ཁྱོད་ཀྱི་གྲགས་པ་ཕྱོགས་སུ་སྒྲགས་པར་ངེས། ཉི་མའི་འོད་ཀྱིས་གཞན་འོད་ཟིལ་མནན་བཞིན། །གཞན་གྱི་དཔལ་གྲགས་ཟིལ་གྱིས་ནོན་པར་གྱུར། །ཁྱོད་ཀྱི་སྤྱོད་པ་མི་ལས་འདས། །འདི་ལ་གནོན་སྦྱིན་དྲི་ཟ་དང་། །ལྟོས་འགྲོ་སུམ་བཅུ་རྩ་གསུམ་པ། བརྒྱ་བྱིན་བཅས་པར་ཡི་རང་འགྱུར། །བརྒྱ་བྱིན་གྱི་དེ་སྐད་སྨྲས་ཏེ། བདག་གི་ལུས་འོད་གསལ་བར་འདུག་པ་བསྟན་ནས། བདག་ནི་བརྒྱ་བྱིན་ལགས་སོ་ཞེས་སྦྲན་ཏེ། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཟླ་བ་བཏང་སྟེ་ཟླ་འོད་རྣམས། །གཞན་དུ་འགྲོ་བའི་མི་རིགས་ཀྱིས། །ཁྱོད་ཀྱི་བཙུན་མོ་མཱ་ཏྲྀ་འདི། །ཁྱོ་བདག་ཉིད་ལ་བདག་འབུལ་ལོ། །བརྟན་པ་རྣམས་ནི་སླངས་ན་སྟེར། །སེང་གེའི་ཆུང་མ་ལྕེ་སྦྱང་ལ། །བྱིན་ཡང་དེ་ཡིས་ཅི་ཞིག་བྱ། དེ་ནི་སེང་གེ་ཉིད་ལ་འོས། །མཐོན་པོ་རྣམས་དང་དམན་པ་ལ། །རྒྱལ་བའི་མྱུ་གུ་འདྲ་བར་སེམས། །དེ་བས་དེ་ཡི་སྤྱོད་པ་དེས། །འཇིག་རྟེན་རྣམས་ནི་དགའ་བར་འགྱུར། །དེ་བས་བུ་དང་བྲལ་བར་མ་སེམས་ཤིག རྒྱལ་སྲིད་ཉམས་པའི་མྱ་ངན་མ་བྱེད་ཅིག །ཁྱོད་ཀྱི་ཡབ་ནི་ཚ་དབྱུག་གཉིས་དང་འགྲོགས། །ཁྱོད་ཀྱི་མགོན་བྱས་མགོན་བཅས་རྒྱལ་སྲིད་བྱེད། །དེ་སྐད་ཅེས་སྨྲས་ནས། བརྒྱ་བྱིན་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །བརྒྱ་བྱིན་གྱི་མཐུས་བྲམ་ཟེ་དེའང་བྱང་ཆུབ་སེམས་དཔའི་བུ་གཉིས་ཡུལ་ཤི་བར་ཁྲིད་དེ་སོང་ངོ་། །དེ་ནས་ཡུལ་ཤི་བི་བ་རྣམས་དང་། ཤི་བི་བའི་རྒྱལ་པོ་ཀུན་དུ་རྒྱལ་བས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་རབ་ཏུ་སྙིང་རྗེ་བ་ཤིན་དུ་བྱ་དཀའ་བ་ཐོས་ནས། སྙིང་བརླན་པར་གྱུར་ཏེ། །བྲམ་ཟེ་ལས་བྱང་ཆུབ་སེམས་དཔའི་བུ་གཉིས་བླུས་ནས། ཐམས་ཅད་སྒྲོལ་མགུ་བར་བྱས་ཏེ། བསུ་ནས་རྒྱལ་སྲིད་བྱེད་དུ་བཅུག་གོ །དེ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཤིན་དུ་རྨད་དུ་བྱུང་བ་ཡིན་པས། དེ་ལ་ཕྱོགས་པའི་སེམས་ཅན་ཁྱད་པར་ཅན་རྣམས་ལ་བརྙས་པའམ། གནོད་པ་མི་བྱའོ། དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་དང་། བཀུར་སྟི་བསྐྱེད་དེ། དམ་པའི་ཆོས་མཉན་པ་ལའང་སྦྱར་བར་བྱའོ། །ཐབས་ཅད་སྒྲོལ་གྱི་སྐྱེས་པའི་རབས་ཏེ་དགུ་པའོ།། །།


previousཐབས་ཅད་སྒྲོལ་གྱི་སྐྱེས་པའི་རབས་ཏེ་དགུ་པ།next