Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
མཆོད་སྦྱིན་བྱེད་ཀྱི་སྐྱེས་པའི་རབས་ཏེ་བཅུ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཆོད་སྦྱིན་བྱེད་ཀྱི་སྐྱེས་པའི་རབས་ཏེ་བཅུ་པ།next

མཆོད་སྦྱིན་བྱེད་ཀྱི་སྐྱེས་པའི་རབས་ཏེ་བཅུ་པ།

བམ་བོ་བཞི་པ།། །།བསམ་པ་དགེ་བ་རྣམས་ནི་སྡིག་པ་བྱེད་དུ་གཞུག་པར་བསླུར་མི་ཚུགས་ཏེ། དེ་བས་ན་བསམ་པ་དག་པར་བྱ་བ་ལ་འབད་བར་བྱའོ། དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་རང་གི་བསོད་ནམས་ཀྱི་མཐུས་ཐོབ་པ། རྒྱལ་ཕྲན་ཐམས་ཅད་ཕྱག་འཚལ་བ། བདག་དང་གཞན་གྱི་འཁོར་ལ་སོགས་པའི་གནོད་པ་རབ་ཏུ་ཞི་བས། འཚེ་བ་མེད་པ་གདུགས་ཟླ་མེད་པ་བགོ་སྐལ་གྱི་རིམ་པས་ཐོས་པའི་མ་སྐྱོང་ཞིང་འདུག་གོ་ཞེས་གྲག་གོ །དབང་པོའི་དགྲ་ཐུལ་དེ་ནི་ས་ཡི་མགོན། །འབྲས་བུ་སྨྲས་པ་སྦྱང་ལ་མ་ཆགས་ཤིང་། དངོས་པོ་ཀུན་གྱིས་འགྲོ་ལ་ཕན་བྱེད་པ། །ཐུབ་པ་བཞིན་དུ་ཆོས་དོན་གཅིག་དུ་བྱེད། །སྐྱེ་དགུ་རྣམས་ནི་གཙོ་བོའི་རྗེས་སྤྱོད་པར། །འཇིག་རྟེན་རང་བཞིན་དེ་ཡིས་ཤེས་གྱུར་ནས། །སྐྱེ་དགུ་རྣམས་ནི་དགེ་ལ་གཟུང་བའི་ཕྱིར། །ཁྱད་པར་དུ་ནི་ཆོས་ལ་སྤྱོད་པར་གྱུར། །ནོར་ཡང་བྱིན་ཞིང་ཚུལ་ཁྲིམས་སྦྱང་བ་མཐོང་། །བཟོད་པ་བསྟེན་ཅིང་འགྲོ་བའི་དོན་ཡང་སྤྱོད། །འགྲོ་ལ་ཕན་སེམས་མཐོང་བ་ཞི་བར་སྣང་། །གཟུགས་ཅན་ཆོས་བཞིན་དེ་ནི་རྣམ་པར་མཛེས། །དེ་ནས་རེ་ཤིག་ཅིག་དེའི་མཐུས་དེའི་ཡུལ་བསྐྱངས་ཀྱང་མ་ཕན་ཏེ། སེམས་ཅན་རྣམས་ཀྱི་ལས་ཀྱི་ཉེས་པ་དང་། ལྷའི་བྲུ་ཆར་འབེབས་པའི་ལས་སུ་བསྐོས་པ་རྣམས་བག་མེད་པར་གྱུར་པའི་དབང་གིས། ཁ་ཅིག་ཏུ་ཐན་པ་བྱུང་བས་འཁྲུག་ཅིང་གནོད་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེས་བསམས་པ། འདི་ནི་བདག་གམ་སྐྱེ་དགུ་རྣམས་ཀྱི་ཆོས་ལེགས་པས་མ་སྦྱང་བས་ལན་གྱི་མ་རུང་བར་གྱུར་ཏོ་སྙམ་དུ་བློ་ངེས་པར་གྱུར་ཏོ། །སྐྱེ་དགུ་རྣམས་ལ་ཕན་པའི་བསམ་པ་ཆེ་བ་དང་། དེའི་སྡུག་བསྔལ་མི་བཟོད་པས། ཆོས་ཀྱི་དེ་ཁོ་ན་ཉིད་ལ་མཁས་པར་བཀུར་བ་མདུན་ན་འདོན་པའི་གཙོ་བོ་བྲམ་ཟེ་རྒན་པ་རྣམས་དང་། བློན་པོ་རྣམས་ལ་དེ་ལས་ཐར་བར་བྱ་བའི་ཐབས་དྲིས་སོ། །དེ་ནས་དེ་དག་གིས་མཆོད་སྦྱིན་གྱི་ཆོ་ག།རིག་བྱེད་ལས་འབྱུང་བའི་སྲོག་ཆགས་དུ་མ་གསོད་པ་འཇིགས་འཇིགས་སྐད་ཟེར་བ་བྱས་ན། ཆར་ལེགས་པར་འབབས་པར་འགྱུར་བར་བསམ་ནས། ཆོ་ག་དེ་དེ་ལ་གསོལ་ཏོ། །རྒྱལ་པོ་དེས་མཆོད་སྦྱིན་ལས་འབྱུང་བའི་ཆོ་ག་སྲོག་ཆགས་གསོད་པའི་རྒྱུ་ཤེས་ནས། སྙིང་རྗེའི་བདག་ཉིད་ཡིན་པའི་ཕྱིར་དེ་དག་གི་ཚིག་དེ་ཡིད་ལ་འབབ་བར་མ་གྱུར་ཏེ། འདུལ་བའི་རྗེས་སུ་མཐུན་པར་དེ་དག་ལ་ངོ་ཟློག་ཕོད་པའི་ཚིག་རྩུབ་པོ་མ་སྨྲས་པར། སྐབས་གཞན་གྱིས་དེ་དག་གི་གཏམ་དེ་ཁྱད་དུ་བསད་དོ། །དེ་དག་ཡང་རྒྱལ་པོ་དེ་ལ་ཆོས་ཀྱི་གཏམ་བྱ་བའི་སྐབས་རྙེད་ནས། །དེའི་བསམ་པ་ཟབ་ཅིང་བརྟག་བཀའ་བ་མ་ཤེས་ནས། མཆོད་སྦྱིན་བྱ་བའི་གྲོས་འདེབས་སོ། །རྒྱལ་པོས་བགྱི་བ་ངེས་པ་གང་ལ་ལག་པ། །ས་གཞི་ཐོབ་དང་ཡོངས་སུ་བསྐྱང་བ་སྟེ། །དེ་དག་ཁྱོད་ནི་དུས་ལས་བདའ་མི་མཛད། དེ་དག་གོ་རིམས་ཆོས་དང་བདེ་བ་བཞིན། །འཁོར་གསུམ་སྟེན་ལ་མཁས་པར་གྱུར་པ་དང་། །འབངས་ལ་ཕན་ཕྱིར་གནམ་དུ་བསྣམས་པ་དེ། །མཆོད་སྦྱིན་ཆོ་ག་མཐོ་རིས་ཐེམ་སྐས་ལ། །ཇི་ལྟར་ཁྱོད་ཐུགས་བག་མེད་དབང་དུ་གྱུར། །ཁྱོད་ཀྱི་བཀའ་ནི་རྒྱལ་པོ་གཞན་རྣམས་ཀྱིས། །འདི་ནི་དངོས་གྲུབ་མངོན་དུ་གྲུབ་ཡིན་ཞེས། །འབངས་དང་འདྲ་བར་རབ་ཏུ་གུས་ནོད་ན། མཆོད་སྦྱིན་དག་གི་གྲགས་འབར་ལེགས་པ་དག །ད་ནི་ཁྱོད་ཀྱི་མཛད་པའི་དུས་ལ་བབ། །སྦྱིན་པ་མཛད་ཅིང་སྡོམ་པ་གནས་པ་ཡིས། །རྟག་པར་ཁྱོད་ནི་དབང་བསྒྱུར་ལགས་གྱུར་ཀྱང་། །འོན་ཀྱང་རིག་བྱེད་གྲགས་པའི་མཆོད་སྦྱིན་གྱིས། །ལྷ་ཡི་བུ་ལོན་བྲལ་བར་མཛད་པའི་རིགས། མཆོད་སྦྱིན་ལེགས་པར་བགྱིས་པས་ལྷ་མཉེས་ན། ཆར་པ་འབབ་པས་འབྱུང་པོ་མགུ་བར་འཕྱིད། །དེ་བས་འབངས་དང་བདག་ལ་ཕན་པའི་ཕྱིར། །གྲགས་པར་འགྱུར་བའི་མཆོད་སྦྱིན་ཆོ་ག་མཛོད། དེས་བསམས་པ། ཀྱེ་མའོ་གཞན་གྱི་དྲིང་ལ་འཇོག་ཅིང་། བློ་ཆུང་ལ། དཔྱོད་མི་ནུས་པ། ཆོས་ཙམ་ལ་དགའ་ཞིང་དད་པ་སྐྱེ་བའི་འགྲོ་བ་འདི་དག་ནི་ཤིན་དུ་མ་ལེགས་པར་བསྟན་ཏོ། གང་ན་འདི་ལྟར། འཇིག་རྟེན་དག་ན་གང་ལ་སྐྱབས་བཙལ་བ། །དེ་དག་བསད་པས་ཆོས་སུ་འགྱུར་བ་ནི། དེ་ཡིས་བསྟན་པ་སྐྱེ་བོ་ལམ་ངན་སོང་། །ངན་སོང་མི་བདེ་དོག་པའི་ནང་ན་འཁོད། ཕྱུགས་རྣམས་བསད་པ་ཆོས་འགྱུར་ཞིང་། །ལྷ་ཡི་འཇིག་རྟེན་སྐྱེ་བ་དང་། །ལྷ་ཡང་མཉེས་པར་འགྱུར་བ་དག །ཅི་ལྟ་བུར་ན་དད་པར་འགྱུར། །ཕྱུགས་རྣམས་བསད་པ་བསྔགས་ཀྱི་མཐུས། །མཐོ་རིས་འགྲོ་ཕྱིར་དེ་བས་དེ་བསད་ན། །ཆོས་སུ་འགྱུར་ཞེས་ཟེར་བ་དེ་ཡང་བརྫུན། །གཞན་གྱིས་བྱས་པ་ཕ་རོལ་སུ་ཞིག་འཐོབ། །ལོག་པར་སྤྱོད་ལས་ཡིད་ནི་མ་བཟློག་ཅིང་། །དགེ་བའི་ལས་ལ་ངེས་པར་མ་བྱས་པའི། །ཕྱུགས་རྣམས་མཆོད་སྦྱིན་དག་ལ་བསད་གྱུར་ཀྱང་། བདག་བྱས་གཞི་མེད་ཇི་ལྟར་མཐོ་རིས་སྐྱེ། མཆོད་སྦྱིན་ལ་བསད་མཐོ་རིས་འགྲོ་ན་ནི། །བྲམ་ཟེ་བདག་ཉིད་ཕྱུགས་སུ་བསྒྱུར་ལ་རབ། གང་ཕྱིར་ཚུལ་འདི་གང་ནའང་མི་སྣང་བས། །དེ་ལྟར་དེ་དག་ཚིག་ནི་སུ་ཞིག་ཉན། མཚུངས་མེད་མཐུ་བསུང་རོ་དང་གཟི་ལྡན་པའི། བདུད་རྩི་ཟས་མཆོག་ལྷ་མོས་ཕུལ་བ་དག །བོར་ནས་ཕྱུགས་བསད་ཤ་ཁྲག་ལ་སོགས་པས། །ལྷ་རྣམས་མགུ་བར་འགྱུར་བ་ག་ལ་སྲིད། རྒྱལ་པོ་དེས་ད་ནི་འདིར་འདི་ལྟར་བྱ་དགོས་སོ་སྙམ་དུ་བསམས་ནས། མཆོད་སྦྱིན་བྱ་བ་ལ་མོས་པ་འདྲ་བར་བྱས་ཏེ། དེ་དག་གི་ཚིག་དེ་མཉན་ནས། དེ་དག་ལ་སྨྲས་པ། ཁྱེད་ཅག་འདི་ལྟར་བདག་ལ་ཕན་པར་སེམས་པ་ནི། བདག་མགོན་དང་བཅས་ཤིང་ཕན་འདོགས་པ་དང་ལྡན་པར་གྱུར་ཏོ། །དེ་བས་ན་བདག་ནི་མི་སྟོང་གི་མཆོད་སྦྱིན་བྱེད་འདོད་ཀྱིས་ཇི་ལྟར་བསྐོས་པའི་བློན་པོ་རྣམས་དེའི་ཡོ་བྱད་སྦྱོར་དུ་ཆུག་ཅིག །བཀང་ས་རྩིག་ཏུ་རུང་བའི་ས་ཕྱོགས་དང་། དེ་རང་མཐུན་པའི་ཚེས་གྲངས་དང་བྱེད་པ་དང་ཡུད་ཙམ་དང་། རྒྱུ་སྐར་དང་སྦྱོར་བའང་རྟོགས་ཤིག །དེ་ནས་དེ་ལ་མདུན་ན་འདོན་གྱི་སྨྲས་པ། འདོད་པའི་དོན་གྲུབ་པར་བགྱི་བའི་སླད་དུ། །རྒྱལ་པོ་ཆེན་པོ་རེ་ཤིག་ཁྲུས་མཛོད་ཅིག་དང་། མཆོད་སྦྱིན་ཅིག་བགྱིས་ལགས་ནས། སླད་མ་རྣམས་རིམ་གྱི་བརྩམ་མོ། །ཅིག་ཅར་མི་སྟོང་བཟུང་ན། ཁྱོད་ཀྱི་འབངས་རྣམས་གདོན་མི་ཟ་བར་ཡིད་འབྱུང་བར་འགྱུར་རོ། །བྲམ་ཟེ་རྣམས་ཀྱི་ཀྱང་དེ་མད་དོ་ཞེས་སྨྲས་སོ། །རྒྱལ་པོ་དེས་དེ་དག་ལ་སྨྲས་པ། ཁྱེད་འབངས་རྣམས་འཁྲུག་པར་གྱུར་དུ་མ་དོགས་ཤིག་དང་། བདག་གིས་ཅི་ནས་ཀྱང་འབངས་རྣམས་ཡིད་དབྱུང་བར་མི་འགྱུར་བ་དེ་ལྟར་བྱའོ། དེ་ནས་རྒྱལ་པོ་དེས། གྲོང་ཁྱེར་གྱི་མི་རྣམས་བསྡུས་ནས་སྨྲས་པ། ད་ནི་མི་སྟོང་གི་མཆོད་སྦྱིན་བྱེད་འདོད་ན། ཉེས་པ་མེད་པར་མི་འདོད་བཞིན་དུ། སུ་ཡང་ཕྱུགས་སུ་བྱར་ངས་མི་ནུས་ཀྱི། དེ་བས་ན་དེང་ཕན་ཆད་ཁྱེད་ཅག་ལས་གང་དང་གང་ཚུལ་དང་བཀའ་ཁྲིམས་ལས་འགལ་བར་བྱེད་ཅིང་། ངའི་བཀའ་གཅོག་པ་དེ་དང་དེ་དག །ངའི་རྟོག་ཆེན་གྱི་མིག་བག་མེད་པའི་གཉིད་ཀྱིས་མ་ལོག་ཅིང་དྲི་མ་མེད་པས་བརྟག་པར་བྱའོ། རང་གི་རིགས་ལ་གནོད་པ་དང་། ཡུལ་ན་གནོད་པ་བྱེད་པ་དག་ཡོད་ན་ངས་ཕྱུགས་ཀྱི་གོ་ར་བཟུང་བར་ཁྱེད་ཀྱིས་ཤེས་པར་གྱིས་ཤིག །དེ་ནས་དེ་དག་གི་ནང་གི་གཙོ་བོ་རྣམས་ཀྱིས་ཐལ་མོ་སྦྱར་ཏེ་དེ་ལ་སྨྲས་པ། ཁྱོད་ཀྱི་སྤྱོད་པ་ཐམས་ཅད་འབངས་ལ་ཕན་པར་གཞོལ། །མི་རྗེ་ལྷས་མཛད་དེ་ལ་འགལ་བར་ག་ལ་བགྱིད། །ཁྱོད་ཀྱི་སྤྱོད་ལ་ཚངས་པའང་རྗེས་སུ་ཡི་རང་འོས། ཁྱོད་ནི་ལེགས་པ་ཚད་མའི་ནང་ན་ཚད་མ་མཆོག །ལྷ་ཅིག་དགྱེས་པ་གང་ལགས་པ། །བདག་ཅག་ཀུན་ཀྱང་དེ་ལ་དགའ། །འོ་སྐོལ་དགྱེས་ཤིང་སྨོན་པ་ལས། །དགྱེས་པ་གུད་ན་གཞན་མ་མཆིས། དེ་ལྟར་གྲོང་ཁྱེར་གྱི་འབངས་རྣམས་ཀྱིས་བཀའ་སྩལ་པ་ཉན་པ་དང་། རྒྱལ་པོ་དེས་བློན་པོ་ཐུགས་ཆེས་པ་རྣམས་སྐྱེ་བོ་མང་པོས་མཐོང་བར་འགྱུར་བའི་ཡོ་ལང་ཆེན་པོ་དང་བཅས་པར་ལྗོངས་དང་། གྲོང་ཁྱེར་རྣམས་སུ་སྡིག་བྱེད་པའི་མི་རྣམས་འཛིན་དུ་བཀྱེའོ། ཁོ་ར་ཁོར་ཡུག་ཏུ་ཡང་ཉིན་རེ་བཞིན་འདི་སྐད་བསྒོའོ། །བརྟན་ཞིག་གཙང་ལ་ཚུལ་ཁྲིམས་ནོར་ལྡན་མི་མཆོག་ལ། རྒྱལ་པོ་མི་འཇིགས་སྦྱིན་པ་མི་འཇིགས་སྦྱིན་པར་མཛད། །འབངས་ལ་ཕན་ཕྱིར་ཚུལ་མིན་བྱེད་པའི་མི་རྣམས་ནི། ཕྱུགས་སུ་བསྒྱུར་བ་སྟོང་གིས་མཆོད་སྦྱིན་མཛད་པར་བཞེད། །དེ་བས་དེ་རིང་ཕྱིན་ཆད་གང་ཞིག་ཚུལ་མིན་རྗེས་སྤྱོད་ཅིང་། །རྒྱལ་པོའི་བཀའ་ལུང་ས་སྐྱོང་བློན་པོས་བཀུར་ཏང་འགལ་བྱེད་པ། །དེ་ནི་རང་གི་ལས་ཀྱི་མཆོད་སྦྱིན་ཕྱུགས་སུ་བྱས་གྱུར་ནས། །མཆོད་སྡོང་ལུས་བཏགས་གྲམ་ཞིང་བསྐམས་པ་སྐྱེ་བོས་མཐོང་བར་འགྱུར། །དེ་ནས་ཡུལ་དེ་ན་གནས་པའི་མི་རྣམས་ཀྱི་མཆོད་སྦྱིན་གྱི་ཕྱུགས་སུ་བྱ་བའི་ཕྱིར། རྒྱལ་པོ་ཚུལ་བཞིན་མི་བྱེད་པའི་མི་ཚོལ་དུ་འཇུག་པ་དང་། ཉིན་རེ་བཞིན་འཇིགས་འཇིགས་སྐད་བསྒོ་བ་དེ་ཐོས་པ་དང་། རྒྱལ་པོའི་མི་རྣམས་སྡིག་བྱེད་པའི་མི་བཟུང་བའི་ཕྱིར་ཐམས་ཅད་དུ་ཚོལ་ཞིང་འོང་བ་མཐོང་ནས། ཚུལ་བཞིན་མ་ཡིན་པར་བྱེད་པ་ལ་དགའ་བ་ནི་བཏང་། ཚུལ་ཁྲིམས་དང་སྡོམ་པ་ཡང་དག་པར་བླང་བ་ལ་ནི་འབད། དགྲར་འཛིན་པ་ལས་ནི་ཕྱིར་ཕྱོགས། ཅིག་ལ་ཅིག་དགའ་བ་དང་གུས་པར་ནི་བྱེད། འཐབ་པ་དང་རྩོད་པ་ནི་རབ་ཏུ་ཞི། བླ་མའི་ངག་ཉན་ཅིང་རྗེས་སུ་མཐུན་པར་ནི་བྱེད། བགོ་བཤའ་བྱེད་པ་ལ་ནི་བག་ཚ་བ་མེད། གློ་བུར་དུ་འོངས་པ་ལ་ནི་དགའ། དུལ་བ་དང་གུས་པར་བྱ་བ་ལ་ནི་འབད་བར་གྱུར་ཏེ། རྫོགས་ལྡན་གྱི་དུས་བཞིན་དུ་གྱུར་ཏོ། །ཤི་བས་འཇིགས་ཤིང་འཇིག་རྟེན་ཕ་རོལ་སེམས། །རིགས་ཀྱི་ང་རྒྱལ་གྲགས་པ་བསྲུང་བ་དང་། །བསམ་པ་དག་ཅིང་ངོ་ཚ་ཤེས་པ་ཡིས། །སྐྱེ་བོ་རང་གི་ཚུལ་ཁྲིམས་དྲི་མེད་བརྒྱན། །ཇི་ལྟ་ཇི་ལྟར་སྐྱེ་བོ་ཆོས་འབད་པ། །དེ་ལྟ་དེ་ལྟར་བསྲུངས་མ་ཁྱད་པར་དུ། །ཚུལ་བཞིན་མི་བྱེད་སྐྱེ་བོ་ཚོལ་བར་གྱུར། དེ་ནས་ཆོས་ལས་སུ་ཡང་གཡོས་མ་གྱུར། །རང་གི་ཡུལ་ནི་དེ་ལྟར་གྱུར་ཐོས་ནས། །རྒྱལ་པོ་དགའ་བའི་ཁྱད་པར་བརྒྱན་པ་ནི། །དགའ་བའི་གཏམ་སྙན་རྒྱ་ཆེར་བསྒྲགས་པ་ཡིས། །བློན་པོ་མགུ་བར་བྱས་ནས་བཀའ་སྩལ་པ། །ངག་ནི་འབངས་རྣམས་བསྲུང་བར་རབ་ཏུ་སེམས། །དེ་རྣམས་ཀུན་ཀྱང་ད་ནི་སྦྱིན་གནས་གྱུར། །ང་ནི་མཆོད་སྦྱིན་བྱེད་འདོད་བཅས་བསམས་ནས། །མཆོད་སྦྱིན་ཕྱིར་ནི་ནོར་རྫས་བསགས་པ་ནི། །གང་ཞིག་བདེ་བ་བསྐྱེད་པའི་ནོར་གང་འདོད། །ང་ཡི་དྲུང་ནས་དེ་དག་ཅི་བདེར་ཁྱེར། །འདི་ལྟར་ང་ཡི་ཡུལ་ནི་དབྱེན་སྤྱོ་བའི། །དབུལ་བ་ཅི་ནས་ཡུལ་ན་མེད་པར་གྱུར། །འབངས་རྣམས་བསྲུང་བར་སེམས་པ་ང་འདུག་ཅིང་། །གྲོགས་ལྡན་ཡོ་བྱད་ཕུན་སུམ་ཚོགས་བཞིན་དུ། །སྐྱེ་བོ་ཕོངས་བྱེད་ང་ནི་མི་བཟོད་པ། །ང་ཡི་སེམས་ནི་ཡང་ཡང་བསྲེགས་པ་བཞིན། །དེ་ནས་རྒྱལ་པོ་དེའི་བློན་པོ་རྣམས་ལེགས་སོ་སྙམ་ནས་དེའི་ཚིག་མཉན་ཏེ། གྲོང་དང་། ལྗོངས་དང་། གྲོང་ཁྱེར་ཐམས་ཅད་དང་། ལམ་གྱི་ངལ་བསོ་བའི་ས་ཕྱོགས་ཐམས་ཅད་དུ་སྦྱིན་གཏོང་གི་ཁང་པ་བརྩིགས་ནས། རྒྱལ་པོས་ཇི་སྐད་བཀའ་སྩལ་བ་བཞིན་དུ། ཉིན་རེ་བཞིན་འཕོངས་པ་རྣམས་ཅི་འདོད་པའི་ནོར་གྱིས་མགུ་བར་བྱས་སོ། །དེ་ནས་སྐྱེ་བོ་དེ་དག་དབུལ་བོར་ཏེ། །ས་བདག་ལས་ནི་མཐུན་པར་ནོར་ཐོབ་ནས། །རྣམ་མང་གོས་དང་སྣ་ཚོགས་རྒྱན་གྱིས་བརྒྱན། །དགའ་སྟོན་བཞིན་དུ་བཟང་པོས་རྒྱས་པར་གྱུར། །ཕོངས་པས་རབ་ཏུ་དགའ་བའི་བསྟོད་པའི་ཚིག །རྒྱལ་པོའི་གྲགས་པ་ཕྱོགས་སུ་རྒྱས་གྱུར་པ། །མཚོ་ནང་པདྨའི་གེ་སར་ཕྱ་མ་དག །རླབས་ཀྱིས་བསྐྱོད་དེ་ཀུན་དུ་ཁྱབ་པ་བཞིན། །དེ་ལྟར་རྒྱལ་པོའི་ཚུལ་བཟང་ཡོན་ཏན་བཞིན། སྐྱེ་བོ་མ་ལུས་ལེགས་པར་སྤྱོད་གྱུར་པས། །དགེ་བ་ཆེན་པོས་གནོད་པ་རྣམས་ཀྱི་མཐུ། །ཟིལ་གྱིས་མནན་ནས་ཆགས་མེད་ཟད་པར་གྱུར། །དུས་ཚིགས་རྣམས་ཀྱང་དུས་བཞིན་མཐུན་པར་བདེ། །རྒྱལ་པོ་བཞིན་དུ་ཆོས་ལ་གཞོལ་བར་གྱུར། །ས་གཞི་འབྲུ་རྣམས་སྣ་ཚོགས་སྐྱེ་བར་གྱུར། །ཆུ་གཞི་ཆུ་གཙང་སྔོན་པོ་པདྨར་བཅས། །འགྲོ་བ་ནད་ཆེན་དག་གིས་མི་འདེབས་གྱུར། །སྨན་རྣམས་ཡོན་ཏན་རབ་ཏུ་ཆེ་བར་གྱུར། །དུས་ཚིགས་དབང་གིས་བསེར་བུ་ངད་ཀྱང་ལྡང་། གཟའ་རྣམས་ལམ་ནི་བཟང་པོར་རྒྱུ་བར་གྱུར། །གཞན་གྱི་དམག་གི་འཇིགས་པ་མེད་པར་གྱུར། །ཕན་ཚུན་གནོད་དང་གནམ་གྱི་འཇིགས་པའང་མེད། །སྐྱེ་བོ་ངེས་པར་ཆོས་སྤྱོད་དུལ་གྱུར་བས། །རྫོགས་ལྡན་དུས་བཞིན་ཕུན་སུམ་ཚོགས་པར་གྱུར། །དེ་ནས་རྒྱལ་པོས་ཆོས་ཀྱི་མཆོད་སྦྱིན་དེ་ལྟར་བྱས་པ་དང་། སྐྱེ་བོ་ཕོངས་པ་རྣམས་ཀྱི་སྡུག་བསྔལ་དང་གནོད་པ་ནི་རབ་ཏུ་ཞི་བར་གྱུར། །ས་གཞི་ནི་སྐྱེ་བོ་རབ་ཏུ་དགའ་བ་མང་པོས་རབ་ཏུ་གང་ཞིང་མངོན་པར་མཐོ་བ་ཉམས་དགའ་བར་ནི་སྣང་། འཇིག་རྟེན་པ་རྣམས་ནི་རྒྱལ་པོའི་ཤིས་པར་བརྗོད་པ་འབའ་ཞིག་ཁ་ཏོན་དུ་བྱེད། །རྒྱལ་པོའི་གྲགས་པ་ནི་ཐམས་ཅད་དུ་རྒྱས་པར་གྱུར་པ་དང་། བློན་པོའི་གཙོ་བོ་གཅིག་གཅིག་ཡིད་རབ་ཏུ་དགའ་བར་གྱུར་ནས། རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །མཆོག་དང་འབྲིང་དང་ཐ་མ་ཡི། །དགོས་པ་རྟག་ཏུ་གཟིགས་པས་ན། དབང་ཕྱུག་རྣམས་ཀྱི་བློ་དག་ནི། །གོང་ནས་གོང་དུ་སྤྱོད་པར་འགྱུར། །ཞེས་བྱ་བ་འདི་ནི་ཤིན་ཏུ་ལེགས་པར་སྨྲས་པ་ལགས་སོ། །འདི་ལྟར་ལྷའི་ཞལ་སྔ་ནས་ཕྱུགས་དགུམ་པའི་སྐྱོན་མ་མཆིས་པར་ཆོས་ཀྱི་མཆོད་སྦྱིན་གྱིས་འབངས་རྣམས་འཇིག་རྟེན་གཉིས་ག་ལ་ཕན་པར་བགྱིས་སོ། །གནོད་པ་དང་དབུལ་བའི་སྡུག་བསྔལ་ཡང་རབ་ཏུ་ཞི་བར་གྱུར་ཏོ། །མང་དུ་གསོལ་ཡང་ཅི་འཚལ་ཏེ། འབངས་དེ་དག་ནི་སྐལ་བ་དང་ལྡན་པ་ལགས་སོ། །ཟླ་བ་བཞིན་དུ་སྐུ་ལ་ཀྲྀཥྞ་ཛི་ན་མ་གསོལ་ཅིང་། །དབང་བསྐུར་གདམས་པས་རང་བཞིན་མཛེས་པའི་སྤྱོད་པ་ཡོངས་མ་ཞུམ། །སྤྱི་བོ་གདུགས་དང་འདྲ་བའི་དབུ་མཛེས་བསྐྱིལ་བ་དེ་བཞིན་གནས། །ཁྱོད་ཀྱི་གཏོང་བས་བརྒྱ་བྱིན་གྲགས་པ་རྨད་བྱུང་ཟིལ་གྱིས་ནོན། །འཇིག་རྟེན་མཆོད་སྦྱིན་ཕལ་ཆེར་གསོད་ཅིང་དམན། །འབྲས་བུ་འཚལ་བས་མཆོད་སྦྱིན་མ་ལགས་ཀྱི། །ཁྱོད་ཀྱི་མཆོད་སྦྱིན་གྲགས་པའི་རྒྱན་གྱིས་བརྒྱན། །ཚུལ་ཁྲིམས་སྐྱོན་མེད་ཡིད་དུ་འོང་དང་མཐུན། །གང་རྣམས་སྐྱོབ་པ་ཁྱོད་བཞུགས་པའི། །སྐྱེ་དགུ་དེ་རྣམས་སྐལ་དང་ལྡན། །བུ་རྣམས་ལ་ཡང་ཕ་དག་ནི། །ངེས་པར་དེ་ལྟར་སྐྱོབ་མི་འགྱུར། །གཞན་ཞིག་གིས་སྨྲས་པ། སྦྱིན་ཞེས་བྱ་བའི་ནོར་ཡོད་སྟེར་བའི་སྐྱེ་བོ་དེ་ཡི་དབང་དུ་གྱུར། །ཚུལ་ཁྲིམས་བསྲུང་བའང་འཇིག་རྟེན་བདེ་ལ་ཕྱོགས་ཤིང་མཐོ་རིས་འདོད་ལ་ཆགས། །གཞན་གྱི་དོན་བསྒྲུབ་ཕྱིར་ནི་དེ་གཉིས་དེ་བཞིན་སྤྱོད་པ་གང་ལགས་པ། །མཁས་པ་མི་ལགས་སེམས་སྟོབས་མི་ལྡན་བ་ལ་དེ་དག་ཡོང་མ་མཆིས། །དེ་ལྟ་བས་ན་བསམ་པ་དགེ་བ་རྣམས་ནི་སྡིག་བྱེད་དུ་གཞུག་པར་བསྐུར་མི་ཚུགས་པས་བསམ་པ་དག་པར་བྱ་བ་ལ་འབད་པར་བྱའོ། །དེ་བས་འབངས་ལ་ཕན་བརྩོན་པ། ལེགས་དང་གྲགས་དང་བདེ་བ་འཐོབ། །དེ་བས་རྒྱལ་པོའི་ཚུལ་དེ་ལས། །འགལ་བར་བྱ་བའི་ཡོང་མི་རིགས། །དེ་བཞིན་དུ་རྒྱལ་པོའི་གདམ་ངག་ལའང་བརྗོད་པར་བྱའོ། ཆོས་ལ་གོམས་པར་བྱས་པ་ནི་སྐྱེ་དགུ་རྣམས་ལོངས་སྤྱོད་ཆེ་བར་འགྱུར་བས་ན། ལོངས་སྤྱོད་ཆེ་བར་འདོད་པས་ཆོས་ཀྱི་རྗེས་སུ་འབྲང་བར་བྱའོ། །ཞེས་དེ་ལྟར་ཡང་སྦྱར་བར་བྱའོ། །མངོན་པར་མཐོ་བ་ནི་སྦྱིན་པ་དང་དུལ་བ་དང་སྡོམ་པ་ལ་གནས་པས་འཐོབ་པར་འགྱུར་གྱི། ཕྱུགས་བསད་པས་ནི་ནམ་ཡང་མངོན་པར་མཐོ་བར་མི་འགྱུར་རོ། །དེ་བས་དེ་འདོད་པའི་སྦྱིན་པ་ལ་སོགས་པ་ལ་འབད་པར་བྱའོ་ཞེས་དེ་ལྟར་ཡང་སྦྱར་བར་བྱའོ། བཅོམ་ལྡན་འདས་དེ་ནི་སྐུ་ཚེ་སྔ་མ་ལའང་འཇིག་རྟེན་གྱི་དོན་སྤྱོད་པ་ལའང་ཐུགས་གཞོལ་བ་ཡིན་ནོ་ཞེས་དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་ལའང་བརྗོད་བར་བྱའོ། །མཆོད་སྦྱིན་བྱེད་ཀྱི་སྐྱེས་པའི་རབས་ཏེ་བཅུ་པའོ།། །།


previousམཆོད་སྦྱིན་བྱེད་ཀྱི་སྐྱེས་པའི་རབས་ཏེ་བཅུ་པ།next