Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
བྲམ་ཟེའི་སྐྱེས་པའི་རབས་ཏེ་བཅུ་གཉིས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྲམ་ཟེའི་སྐྱེས་པའི་རབས་ཏེ་བཅུ་གཉིས་པ།next

བྲམ་ཟེའི་སྐྱེས་པའི་རབས་ཏེ་བཅུ་གཉིས་པ།

སྐྱེས་བུ་དམ་པ་རྣམས་ནི་བདག་ངོ་ཚ་བ་ཉིད་ཀྱིས། །སྤྱོད་ཚུལ་གྱི་དུས་ལས་མི་འདའོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་བྲམ་ཟེའི་རིགས་ཆེན་པོ་རུས་དང་སྤྱོད་པ་མ་སྨད་པ། རང་གི་ཆོས་ལ་སྤྱོད་པའི་སྒྲ་གྲགས་པ། འདུལ་བ་དང་། སྤྱོད་ཚུལ་བཟང་པོ་ཞིག་ཏུ་སྐྱེ་བ་ཡོངས་སུ་བཟུང་བར་གྱུར་ཏོ་ཞེས་གྲག་གོ །དེ་གོ་རིམས་བཞིན་དུ་སྐྱེས་བུའི་ཁྲུས་བྱ་བ་དང་། སྐྲ་མཚམས་དབྱེ་བ་དང་། བཙས་པའི་ཆོ་ག་བྱ་བ་ལ་སོགས་པས་ཡོངས་སུ་སྦྱངས་ནས། རིག་བྱེད་བསླབ་པའི་ཕྱིར་བླ་མ་ཐོས་པ་དང་། རིགས་བཙུན་པ་དང་། སྤྱོད་ཚུལ་ཕུན་སུམ་ཚོགས་པ་ཞིག་ལ་བཅར་ཏེ་གནས་པར་གྱུར་ཏོ། །དེ་ནི་ཐོས་པ་ལྡོབ་ཅིང་འཛིན་གསལ་དང་། རང་རིགས་གྲགས་པའི་གུས་དང་དུལ་བ་དང་། །ལང་ཚོའི་ཚེ་ཡང་ཞི་ཞིང་ཆོས་བཟང་བས། དེ་ལ་བླ་མ་བྱམས་ཤིང་དགའ་བར་གྱུར། །ཡོན་ཏན་དབང་དུ་བྱེད་པའི་སྔགས། །རྟག་ཏུ་མི་ཉམས་མཐུ་དང་ལྡན། །ཞེ་སྡང་འཁྲུགས་པའང་དབང་བྱེད་ན། །ཐ་མལ་སེམས་ལྟ་སྨོས་ཅི་དགོས། །དེ་ནས་དེའི་མཁན་པོ་སློབ་མ་ཐམས་ཅད་ཀྱི་ངང་ཚུལ་བརྟག་པའི་ཕྱིར། །བསང་དུས་དག་ཏུ་བདག་ཉིད་དབུལ་བའི་སྡུག་བསྔལ་རྟག་ཏུ་བསྒྲགས་སོ། །དབུལ་ལ་འབྲས་བུ་རེ་བ་མེད། བདག་གིས་མི་ལའང་སྨྲས་མེད་ཅིང་། །དགའ་སྟོན་ཚེ་ཡང་དགའ་མི་མྱོང་། །ཀྱི་ཧུད་སྦྱིན་པའི་གཏམ་ཡང་ཞན། །སྨ་འབབ་གནས་གྱུར་ཉོན་མོངས་ངལ་བའི་གཞི། །བདེ་བ་ཡོངས་སྤངས་ཤིན་ཏུ་མི་བརྗིད་པ། །ཉམ་ཉེས་བཞིན་དུ་རྟག་ཏུ་མྱ་ངན་བྱེད། །ནོར་མེད་གྱུར་པ་ཤིན་ཏུ་འཇིགས་སུ་རུང་། །དེ་ནས་དེའི་སློབ་མ་དེ་དག་རྟ་བཟང་པོ་ལྕག་གིས་བསྐུལ་བ་བཞིན་དུ། བླ་མ་ལ་བྱམས་པས་མི་དགའ་བར་གྱུར་ཏེ། །བསོད་སྙོམས་རབ་ཏུ་བཟང་ཞིང་ཤིན་དུ་མང་དུ་བསླངས་སོ། །དེས་དེ་དག་ལ་སྨྲས་པ། །བསོད་སྙོམས་ཀྱི་ཁ་ཟས་ཀྱིས་སུའི་དབུལ་འཕོངས་ལའང་ཕྱིད་པར་མི་འགྱུར་གྱི། ཁྱེད་ཅག་ཉོན་མོངས་པར་བྱེད་པ་འདི་ཐོང་ཞིག །ང་ཉོན་མོངས་པ་མི་བཟོད་ན་ཁྱེད་ཀྱིས་ནོར་བསྒྲུབ་པར་བྱ་བ་ལ་འབད་པ་འདི་ནི་རིགས་སོ། །ཅིའི་ཕྱིར་ཞེ་ན། བཀྲེས་སྐོམ་ཟན་དང་ཆུ་ཡིས་ཕྱིད། །སྨན་བཅས་སྔགས་ཀྱིས་ནད་སོས་གྱུར། །རྒྱུན་གནས་ནོར་ཡིས་དབུལ་པོར་གྱུར། །སློབ་མ་རྣམས་ཀྱི་སྨྲས་པ། །བདག་ཅག་སྐལ་བ་ཆུང་བས་འདི་ཙམ་ལས་ལྷག་པར་རྔོ་མི་ཐོགས་ན། ཅི་ལྟར་བགྱི། གཞན་ཡང་། མཁན་པོ་ནོར་ཡང་བསོད་སྙོམས་བཞིན། གལ་ཏེ་རྙེད་པར་འགྱུར་ན་ནི། །ཁྱོད་ཀྱི་དབུལ་བའི་སྡུག་བསྔལ་འདི། །དེ་ལྟར་བདག་ཅག་ག་ལ་བཟོད། །བྲམ་ཟེ་རྣམས་ཀྱིས་ནོར་སྒྲུབ་ཏུ། །བླང་བའི་ཐབས་ནི་རབ་ཏུ་ཆུང་། །སྐྱེ་བོ་འདི་ཡང་སྦྱིན་མི་ཕོད། །དེ་བས་ཐབས་མེད་བདག་ཅག་ཕུང་། མཁན་པོས་སྨྲས་པ། །བྲམ་ཟེ་རྣམས་ལ་ནི་ནོར་སྒྲུབ་པའི་ཐབས་གཙུག་ལག་ལས་འབྱུང་བ་གཞན་དག་ཀྱང་ཡོད་ན། །བདག་ནི་རྒས་པས་མཐུ་མེད་པར་གྱུར་ཏེ། དེ་སྒྲུབ་མི་ནུས་སོ། །སློབ་མ་རྣམས་ཀྱིས་སྨྲས་པ། སློབ་དཔོན་བདག་ཅག་ནི་རྒས་པས་མཐུ་ཉམས་པར་མ་གྱུར་ན། །གལ་ཏེ་གཙུག་ལག་ལས་འབྱུང་བའི་ཐབས་དེ་དག་བདག་ཅག་གིས་སྒྲུབ་ཏུ་རུང་བར་དགོངས་ན་གསུངས་ཤིག་དང་། བདག་ཅག་ལ་ཆོས་འཆད་པའི་དྲིན་ལ་ལན་གླན་པར་བགྱིའོ། །མཁན་པོས་སྨྲས་པ། །གཞོན་ཡང་སྙིང་ལ་རྩོལ་མི་ཕོད་པ་རྣམས་ཀྱིས་ནི་འདི་ལྟ་བུའི་ནོར་སྒྲུབ་པར་དཀའ་མོད་ཀྱི། །འོན་ཀྱང་དེ་ལྟར་ཁྱེད་དུས་ཀྱིས་འཆུ་ན་ལེགས་ཀྱིས་ཉོན་ཅིག །ནོར་སྒྲུབ་པའི་རིམ་པ་གཅིག་གཅིག་ཡོད་པ་དེ་ཡང་གང་ཞེ་ན། བྲམ་ཟེ་རྒུད་ཚེ་རྐུ་བ་ཆོས་སུ་བཤད། །འཇིག་རྟེན་ན་ཡང་ནོར་མེད་རྒུད་པའི་མཆོག །དེ་བས་གཞན་ནོར་མ་མཐོང་བླང་བར་གྱིས། །འདི་དག་ཀུན་ཀྱང་བྲམ་ཟེའི་ནོར་ཡིན་ནོ། །ངོ་མཐོན་དུ་ནི་ནོར་ཕྲོག་ནུས་གྱུར་ཀྱང་། །བདག་གི་གྲགས་པ་བསྲུང་བར་བྱ་དགོས་པས། །ཁྱེད་ཅག་ལྟ་བུས་འདི་ལྟར་བྱར་མི་རུང་། །དེ་བས་དེ་ལྟར་མ་མཐོང་བསྒྲུབ་བར་བྱ། །དེ་ལྟར་དེས་བསྡམས་པ་གློད་པ་དང་། །སློབ་མ་དེ་དག་གིས་དེའི་ཚིག་དེ་མི་རིགས་ཀྱང་། རིག་པ་བཞིན་དུ་དེ་ལྟར་བགྱིའོ་ཞེས་མཉན་ཏོ། །བྱང་ཆུབ་སེམས་དཔའ་འབའ་ཞིག་ནི་མ་གཏོགས་སོ། །དེ་ནི་རང་བཞིན་དགེ་བས་ན། །དེ་ལ་རྗེས་སུ་ཡི་མི་རང་། །དེ་དག་གིས་ནི་མ་བརྟགས་པར། །བྱར་རུང་བཞིན་དུ་ཁས་བླངས་སོ། །བྱང་ཆུབ་སེམས་དཔའ་ནི་ངོ་ཚ་བས་མགོ་སྨད་དེ། །ཅུང་ཟད་ཅིག་ཤུགས་ནར་གྱིས་ཕྱུང་ནས། །ཅང་མི་སྨྲ་བར་འདུག་གོ །དེ་ནས་དེ་དག་གི་མཁན་པོ་དེ། །བྱང་ཆུབ་སེམས་དཔའ་ཆོ་ག་བསྟན་པ་དེ་ལ་དགའ་བར་ཡང་མ་གྱུར། །སླར་ཟློག་པར་ཡང་མ་གྱུར་པར་མཐོང་ནས། སེམས་དཔའ་ཆེན་པོ་དེ་ལ་ཡོན་ཏན་ཞིག་ཡོད་པར་བསམས་ནས། འདི་ཅི་རྩོལ་མི་ཕོད་དམ། ང་ལ་མི་བྱམས་སམ། འོན་ཏེ་ཆོས་ཀྱི་འདུ་ཤེས་ཀྱིས་རྐུན་པོ་བྱེད་དུ་མི་བཏུབ་བམ་སྙམ་ནས། དེའི་རང་བཞིན་བརྟག་པའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། ཀྱེ་བྲམ་ཟེ་ཆེན་པོ། བྲམ་ཟེ་འདི་རྣམས་ང་རྒུད་མི་བཟོད་པས། །མི་རྣམས་དཔའ་བོའི་ལམ་ལ་བརྟེན་པར་གྱུར། །ཁྱོད་ནི་སྤྲོ་བ་མེད་ཅིང་བླུན་པར་མངོན། །ང་རྒུད་པས་ནི་ངེས་པར་མ་གདུངས་སོ། །ང་ཡི་སྡུག་བསྔལ་རྒྱ་ཆེར་རབ་བསྒྲགས་ཤིང་། །ཚིག་ཏུ་སྨྲས་པས་མ་བཅབས་བསྟན་གྱུར་ཀྱང་། །ཁྱོད་ནི་ཇི་ལྟར་མི་སྒྲིབ་བརྟན་གྱུར་ནས། དེ་ལྟར་ཐ་མལ་བཞིན་དུ་གནས་པར་གྱུར། །དེ་ནས་བྱང་ཆུབ་སེམས་དཔས་གུས་པ་དང་བཅས་པར་ཕྱག་བྱས་ཏེ། མཁན་པོ་ལ་སྨྲས་པ། སྡིག་པ་ཞི་བར་གྱུར་ཅིག །བདག་ནི་མི་བྱམས་ཤིང་སྙིང་སྲ་བའི་ཕྱིར། །བླ་མའི་སྡུག་བསྔལ་གྱིས་མ་གདུངས་ཏེ། འདི་ལྟར་མཆིས་པ་མ་ལགས་ཀྱི། མཁན་པོས་བསྟན་པའི་རིམ་པ་འདི་མི་སྲིད་པའི་ཕྱིར། འདི་ལྟར་མཆིས་སོ། །སུས་ཀྱང་མ་མཐོང་བར་སྡིག་པ་སྤྱད་དུ་རུང་བ་ནི་གང་ནའང་མ་མཆིས་སོ། །ཅིའི་སླད་དུ་ཞེ་ན། དབེན་པ་ནི་མི་སྲིད་པའི་སླད་དུའོ། །སྡིག་པའི་ལས་རྣམས་བྱེད་པ་ན། །འཇིག་རྟེན་ན་ནི་དབེན་པ་མེད། །མི་སྣང་བ་ཡི་འབྱུང་པོ་རྣམས། །མི་རྣམས་ལ་ནི་ལྟ་བར་བྱེད། །ལྷ་ཡི་སྤྱན་ནི་ཕྱེ་བ་ཡིས། །ཐུབ་པ་བདག་ཉིད་སྦྱངས་པ་རྣམས། །དེ་ཡིས་མ་མཐོང་དབེན་སྙམ་ནས། །བྱིས་པ་སྡིག་པ་སྤྱོད་ལ་འཇུག །བདག་གིས་གང་ནའང་སྟོང་པ་ནི། །ཅུང་ཟད་མཆིས་པ་མ་མཐོང་ངོ་། །གང་ན་གཞན་དག་མི་སྣང་བ། །དེ་ན་བདག་གིས་སྟོང་མ་ལགས། །ཉེས་བྱས་གཞན་གྱིས་མཐོང་བ་དང་། གང་ཡང་བདག་གིས་མཐོང་བ་དག །བདག་གིས་མཐོང་བ་གང་ཡིན་པ། དེ་ནི་ལེགས་པར་མཐོང་བ་ཡིན། །བདག་གི་དགོས་པས་ཡིད་ནི་གཡེངས་གྱུར་ཕྱིར། །ཕ་རོལ་སྤྱོད་པ་གཞན་གྱི་མི་མཐོང་སྲིད། །བདག་ནི་ཆགས་པས་རྩེ་གཅིག་ཡིད་གྱུར་ཕྱིར། །སྡིག་པ་བྱེད་པ་ངེས་པར་རིག་པར་འགྱུར། །དེའི་སླད་དུ་བདག་དེ་ལྟར་མཆིས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་མཁན་པོའི་ཡིད་དགའ་བར་གྱུར་པ་རིག་ནས། །ཡང་སྨྲས་པ། ཁྱོད་ནི་དེ་ལྟར་ནོར་གྱི་ཕྱིར་ཞུགས་པར། བདག་ནི་ཡིད་ལ་ངེས་པར་མི་འཛིན་ཏོ། །སྐྱོན་དང་ཡོན་ཏན་བྱེ་བྲག་ཤེས་གྱུར་པ། །སུ་ཞིག་ནོར་ཕྱིར་ཡོན་ཏན་ཆུད་གསོན་བྱེད། །ལྷ་དབང་ཕྱིར་ཡང་ངོ་ཚ་བོར་ནས་ནི། །ཡིད་ལ་ཆོས་དང་འགལ་བར་བྱེད་པ་བས། གྱོ་མོའི་སྣོད་ཐོགས་གོས་ངན་གྱོན་ནས་ནི། །དགྲ་ཡི་ཁྱིམ་དུ་འབྱོར་པ་མཐོང་ཡང་བླ། དེ་ནས་དེའི་མཁན་པོ་དེ་སྙིང་རབ་ཏུ་དགའ་ཞིང་ཡ་མཚན་དུ་གྱུར་ནས། །སྟན་ལས་ལངས་ཏེ་དེ་ལ་ལག་པས་འཁྱུད་ནས་སྨྲས་པ། བུ་ལེགས་སོ་ལེགས་སོ། །བྲམ་ཟེ་ཆེན་པོ་ལེགས་སོ་ཁྱོད་ཀྱི་ཤེས་རབ་རབ་ཏུ་ཞི་བས་བརྒྱན་པ་འདི་ལ་ནི་དེ་རིགས་སོ། །བྱིས་པ་རྣམས་ནི་མཚན་མ་ཅུང་ཟད་ལ། །བརྟེན་ནས་རང་གི་ཆོས་ལམ་འདོར་བར་བྱེད། །དཀའ་ཐུབ་ཐོས་དང་ཤེས་པའི་ནོར་ལྡན་པ། །དགེ་བ་རྣམས་ནི་ཕོངས་ཀྱང་མི་འགྱུར་རོ། །ཁྱོད་ཀྱིས་རང་རིགས་དྲི་མེད་བརྒྱན་པ་ནི། །སྟོན་ཟླ་ཤར་བས་ནམ་མཁའ་བརྒྱན་པ་བཞིན། །ཁྱོད་ཀྱི་ཐོས་པ་རྣམས་གྲགས་དོན་དང་ལྡན། ང་ཡི་འབད་པ་དོན་ཡོད་ལེགས་པར་བྱུང་། །དེ་བས་ན་སྐྱེས་བུ་དམ་པ་རྣམས་ནི་དེ་ལྟར་བདག་ངོ་ཚ་བ་ཉིད་ཀྱི་སྤྱོད་ཚུལ་གྱི་དུས་ལས་འདའ་བར་མི་བྱེད་དོ། །དེ་བཞིན་དུ་འཕགས་པ་རྣམས་ཀྱི་ཀྱང་། ངོ་ཚ་ཤེས་པའི་སྟོབས་དང་ལྡན་པར་བྱ་བའི་རིགས་སོ། །དེ་བཞིན་དུ་འཕགས་པ་ཉན་ཐོས་རྣམས་ནི་ངོ་ཚ་ཤེས་པའི་འོབས་ཀྱི་རབ་ཏུ་བསྐོར་བས་མི་དགེ་བ་རབ་ཏུ་སྤོང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་ངོ་ཚ་ཤེས་པ་བསྔགས་པ་དང་ལྡན་པའི་མདོ་སྡེ་དང་། འཇིག་རྟེན་ལ་དབང་བྱེད་པའི་མདོ་སྡེ་དག་ལའང་སྦྱར་བར་བྱའོ། །བྲམ་ཟེའི་སྐྱེས་པའི་རབས་ཏེ་བཅུ་གཉིས་པའོ།། །།


previousབྲམ་ཟེའི་སྐྱེས་པའི་རབས་ཏེ་བཅུ་གཉིས་པ།next