Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
མྱོས་བྱེད་མའི་སྐྱེས་པའི་རབས་ཏེ་བཅུ་གསུམ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམྱོས་བྱེད་མའི་སྐྱེས་པའི་རབས་ཏེ་བཅུ་གསུམ་པ།next

མྱོས་བྱེད་མའི་སྐྱེས་པའི་རབས་ཏེ་བཅུ་གསུམ་པ།

སྐྱེས་བུ་དམ་པ་རྣམས་ནི་བདག་རང་སྲན་ཐུབ་པས་བརྟན་པའི་ཕྱིར་སྡུག་བསྔལ་མི་བཟད་པས་གདུངས་ཀྱང་ལམ་ངན་པར་འཇུག་པར་མི་འགྱུར་རོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་བདེན་པ་དང་གཏོང་བ་དང་། ཉེ་བར་ཞི་བ་དང་ཤེས་རབ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱིས་འཇིག་རྟེན་ལ་ཕན་པར་བརྩོན་པ་དེ་རེ་ཤིག་ཅིག་ཡུལ་ཤི་བི་པ་རྣམས་ཀྱི་རྒྱལ་པོར་གྱུར་ཏོ་ཞེས་གྲག་གོ །ཆོས་དང་འདུལ་བ་མངོན་སུམ་དུ་གྱུར་པ་བཞིན་དུ། སྐྱེ་དགུ་རྣམས་ལ་ཕ་མ་དང་འདྲ་བར་ཕན་འདོགས་ནུས་པར་གྱུར་ཏོ། །ཉེས་པར་སྤྱོད་ལ་རྣམ་པར་བཟློག་པ་དང་། །ཡོན་ཏན་འཕེལ་ལ་རབ་ཏུ་དགོད་པའི་ཕྱིར། །རྒྱལ་པོ་དེས་ནི་ཕ་ཡི་བུ་དགའ་བཞིན། །འཇིག་རྟེན་གཉི་གར་མི་རྣམས་དགའ་བར་གྱུར། །ནང་གི་མི་དང་ཕྱི་མི་འདྲ་བར་སྙོམས། །དེ་ཡི་བཀའ་ཁྲིམས་ཆོས་དང་རྗེས་སུ་མཐུན། །སྐྱེ་བོའི་ཆོས་མིན་ལམ་ནི་བསྒྲིབས་ནས་སུ། །མཐོ་རིས་ལམ་ནི་ཐེམ་སྐས་རིམ་པ་བཞིན། །འཇིག་རྟེན་ཕན་པ་ཆོས་ལྡན་དེ་མཐོང་ནས། །མི་རྣམས་སྐྱོང་བ་ཆོས་རྣམས་འབའ་ཞིག་སྤྱོད། །རྣམ་པ་ཀུན་དུ་ཆོས་ཀྱི་ལམ་ལ་དགའ། །གཞན་གྱི་ཆོས་ལ་གནོད་བྱས་ཡོང་མི་བཟོད། །རྒྱལ་པོ་དེའི་བློན་པོ་ཆེན་པོའི་བུ་མོ་ཞིག །དཔལ་མོ་གཟུགས་དང་ལྡན་པ་བཞིན །དགའ་བ་མངོན་སུམ་དུ་གྱུར་པ་བཞིན། ལྷའི་བུ་མོ་བཞིན་གཟུགས་དང་གཟི་མདངས་མཆོག་དང་ལྡན་པ། །ལྟ་ན་རབ་ཏུ་སྡུག་པ། བུད་མེད་རིན་པོ་ཆེར་རབ་ཏུ་བཀུར་བ་ཞིག་ཡོད་པར་གྱུར་ཏོ། །འདོད་ཆགས་མ་བྲལ་བ་ཡིས་དེ་ཡི་ལུས། །ཇི་སྲིད་མཐོང་བར་གྱུར་པ་དེ་སྲིད་དུ། དེ་ཡི་གཟུགས་དང་ཡོན་ཏན་རྣམས་ལ་ཆགས། དེ་ལ་ལྟ་བ་ཟློག་པར་ཡོང་མི་ནུས། །དེ་བས་ན་གཉེན་རྣམས་ཀྱིས་ཀྱང་། །དེའི་མིང་མྱོས་བྱེད་མ་ཞེས་བཏགས་སོ། །དེ་ནས་དེའི་ཕས་རྒྱལ་པོ་ལ་བདས་པར་གསོལ་བ། ལྷ་ཁྱོད་ཀྱི་ཡུལ་དུ་བུད་མེད་རིན་པོ་ཆེ་ཞིག་བྱུང་བར་གྱུར་ན། ཕྱག་ཏུ་བཞེས་སམ་མི་བཞེས་པ་ནི་ལྷ་ཉིད་མཁྱེན་ཏོ་ཞེས་གསོལ་ཏོ། །དེ་ནས་རྒྱལ་པོ་དེས་བུད་མེད་ཀྱི་མཚན་ཉིད་ལ་མཁས་པའི་བྲམ་ཟེ་རྣམས་ལ་འདི་ཅི་ལ་འོས་པ་ཡིན་ནམ་མ་ཡིན། །ཁྱེད་ཀྱིས་རྟོགས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་བུ་མོའི་དེའི་ཕས་བྲམ་ཟེ་དེ་དག་རང་གི་ཁྱིམ་དུ་ཁྲིད་ནས། མྱོས་བྱེད་མ་ལ་བཟང་མོ་ཁྱོད་རང་གིས་བྲམ་ཟེ་རྣམས་ལ་ཁ་ཟས་བྲིམས་ཤིག་ཅེས་སྨྲས་པ་དང་། བུ་མོ་དེས་དེ་བཞིན་དུ་བགྱིའོ་ཞེས་མཉན་ནས། །བྲམ་ཟེ་རྣམས་ལ་གོ་རིམས་བཞིན་དུ་ཁ་ཟས་བྲིམས་སོ། །དེ་ནས་བྲམ་ཟེ་དེ་དག །དེ་ཡི་གདོང་དུ་མིག་མི་འཛུམས་པར་ལྟ། །འདོད་ཆགས་ཀྱིས་ནི་བརྟན་པ་ཉམས་པར་གྱུར། །མིག་དང་ཡིད་ལ་དབང་ཡང་མེད་པར་གྱུར། །འདོད་པས་མྱོས་ནས་འདུ་ཤེས་ཉམས་པར་གྱུར། །གང་གི་ཚེ་བརྟན་ཞིང་མི་གཡོ་བར་འཁོད་པར་ཡང་མནགས་མ་ཆུས་པར་གྱུར་པ་དེའི་ཚེ་ཁ་ཟས་ཟ་བར་ལྟ་ག་ལ་ནུས་ཏེ། དེ་ནས་ཁྱིམ་བདག་དེས་རང་གི་བུ་མོ་དེ་དག་གི་མིག་ལམ་དུ་མི་སྣང་བར་བྱས་ནས། །བདག་ཉིད་ཀྱི་བྲམ་ཟེ་རྣམས་ལ་ཁ་ཟས་བྲིམས་ཏེ་སླར་བཀྱེའོ། །དེ་ནས་དེ་དག་གིས་བསམས་པ། །འདི་ནི་བཅོས་མའི་གཟུགས་བཞིན་ཏེ། བུ་མོ་འདིའི་བྱད་གཟུགས་ནི་ཡིད་འཕྲོག་པ་ཞིག་གོ་སྙམ་ནས། འདི་ནི་རྒྱལ་པོས་གཟིགས་པར་བྱ་བའང་མི་རིག་ན། བཙུན་མོར་དབུལ་དུ་ལྟ་ག་ལ་རུང་། །འདི་བྱད་བཞིན་བཟང་ཆེས་བས་གདོན་མི་ཟ་བར་རྒྱལ་པོ་དེ་སེམས་མྱོས་ནས་ཆོས་དང་སྲིད་ཀྱི་དོན་སྒྲུབ་པ་ལ་གཡེལ་བར་འགྱུར་ཞིང་། རྒྱལ་པོའི་དོན་སྒྲུབ་པ་དུས་ལས་ཡོལ་བས། འབངས་རྣམས་ལ་ཕན་པ་དང་བདེ་བ་འབྱུང་བའི་ལམ་ཆད་དེ། དེའི་ཕུང་བར་འགྱུར་རོ། །འདི་ནི་མཐོང་བར་གྱུར་པ་ཙམ་གྱིས་ཀྱང་། །དྲང་སྲོང་རྣམས་ལའང་དངོས་གྲུབ་གེགས་འགྱུར་ན། །འདོད་ཆགས་ཅན་གྱི་མིག་ལྟར་ལང་ཚོར་ལྡན། །རྒྱལ་པོ་བདེ་བར་གནས་པ་སྨོས་ཅི་དགོས། དེ་བས་ན་ད་ནི་དུས་ལ་བབ་པོ་སྙམ་ནས། སྐབས་ཤིག་ཏུ་རྒྱལ་པོའི་སྤྱན་སྔར་དོང་སྟེ། རྒྱལ་པོ་ཆེན་པོ་བུ་མོ་དེ་བདག་ཅག་གིས་མཐོང་སྟེ། དེའི་བྱད་གཟུགས་ནི་རབ་ཏུ་བཟང་ན། མཚན་ངན་ཏེ། དཔལ་དང་མི་ལྡན་པ་ཞིག་ལགས་པས། རྒྱལ་པོ་ཆེན་པོས་འདི་གཟིགས་སུ་ཡང་མི་རུང་ན། ཁབ་ཏུ་བགྱིར་ལྟ་ག་ལ་རུང་། སྨད་པའི་བུད་མེད་ཁྱིམ་ནི་གཉིས་ཀར་ཡང་། །གྲགས་པ་དང་ནི་འབྱོར་པ་མེད་པར་བྱེད། མཚན་མོའི་ཟླ་བ་སྤྲིན་རུམ་ནུབ་པ་ནི། །གནམ་སའི་བྱེ་བྲག་མཛེས་པ་མེད་པ་བཞིན། །རྒྱལ་པོ་དེས་དེའི་དོན་ཐོས་ནས་བུ་མོ་དེ་མཚན་ངན་ཅེས་གྲག་པས། ངའི་རིགས་དང་མཐུན་པ་མ་ཡིན་ནོ། །སྙམ་ནས་དེ་ལ་ཆགས་པ་མེད་པར་གྱུར་ཏོ། །རྒྱལ་པོ་མི་བཞེད་པར་ཤེས་ནས། ཁྱིམ་བདག་དེས་བུ་མོ་དེ་རྒྱལ་པོ་དེ་ཉིད་ཀྱི་བློན་པོ་ཞིག་ལ་བྱིན་ནོ། །དེ་ནས་རེ་ཤིག་ཅིག་རྒྱལ་པོ་དེ་མཐར་གྱིས་བདག་རང་གི་གྲོར་ཁྱེར་ན་མེ་ཏོག་ཀུ་མུ་དའི་དགའ་སྟོན་བཟང་པོ་བྱུང་བ་ལྟ་བར་འདོད་ནས། ཤིང་རྟ་མཆོག་ལ་ཞོན་ཏེ། ལམ་པོ་ཆེ་དང་། གྲོང་ཁྱེར་གྱི་སྲང་དང་ཚོང་ཁང་ཕྱག་དར་བྱས་ཤིང་ཆག་ཆག་བཏབ་པ། གདུགས་དང་། རྒྱལ་མཚན་དང་། བ་དན་བསྒྲེང་བ་དང་། སའི་སྟེང་ཐོག་ཐག་མེ་ཏོག་སིལ་མ་བཀྲམ་པ། གླུ་གར་དང་བཞད་གར་དང་རྩེད་མོ་དང་སིལ་སྙན་སྒྲོགས་པ། མེ་ཏོག་དང་། བདུག་སྤོས་དང་། ཕྱེ་མ་དང་། གོས་དང་། ཕྲེང་བ་དང་། ཁྲུས་དང་། བྱུག་སྤོས་ཀྱི་ངད་བསུང་ཞིམ་པོའི་ངད་ལྡང་བ། ཚོང་ཟོང་བཟང་པོ་རྣམ་པ་མང་པོ་བཀྲམ་པ། གྲོང་ཁྱེར་གྱི་མི་དར་ཅིང་དགའ་ལ་ཆས་རབ་ཏུ་བཟང་བ་རྣམས་ཀྱིས་གང་བའི་གྲོང་ཁྱེར་མཆོག་གི་ནང་ནས་སོང་སོང་བ་ལས། བློན་པོ་དེའི་ཁྱིམ་དང་ཉེ་བ་ཞིག་ཏུ་ཕྱིན་པ་དང་། དེ་ནས་མྱོས་བྱེད་མས་བསམས་པ། བདག་ནི་རྒྱལ་པོ་འདིས་མཚན་ངན་ཅེས་བཏགས་ནས་སྤངས་སོ་སྙམ་ཏེ། སྙིང་ན་བཞིན་དུ། རྒྱལ་པོ་བལྟ་འདོད་པ་འདྲ་བར་བྱས་ནས་ལུས་བྱད་མཛེས་པ་བསྟན་ནས། སྤྲིན་གྱི་སྟེང་ན་གློག་འགྱུ་བ་བཞིན་དུ། ཡང་ཏོག་གི་སྟེང་ན་རབ་ཏུ་གསལ་བར་སྣང་བར་བྱས་ཏེ་འདུག་གོ་བདག་ལྟ་བུ་མཚན་ངན་པ་མཐོང་ན་འདིས་དྲན་པ་རྣམ་པར་གཡོ་བ་བདག་རང་གིས་འཛིན་ནུས་སམ་མི་ནུས་བལྟའོ་སྙམ་མོ། །དེ་ནས་རྒྱལ་པོ་དེ་གྲོང་ཁྱེར་མཆོག་བརྒྱན་པ་ལྟ་ལྟ་བ་ལས། བུ་མོར་མིག་སྔ་ན་སྣང་བར་འདུག་འདུག་པ་མཐོང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་དེ། ཕོ་བྲང་སླས་ཀྱི་ན་ཆུང་བཟང་མོ་ཡི། །ལུས་བཟང་ཆས་པ་ཚིམ་པར་མཐོང་གྱུར་ཅིང་། །ཆོས་ལམ་རྗེས་སུ་དགའ་བས་མ་འཕྱར་བ། དབང་པོ་ཐུལ་བར་བྱེད་ལ་བརྩོན་འགྱུར་ཞིང་། །བརྟན་པའི་ཡོན་ཏན་ཆེ་ལ་ངོ་ཚ་ཤེས། །གཞན་གྱི་བུད་མེད་བལྟ་ལ་མ་མོས་ཀྱང་། །འདོད་ཆགས་ལངས་ཤིང་ཡ་མཚན་ཆེར་གྱུར་ནས། །བུ་མེད་དེ་ལ་མིག་གིས་རིང་ཞིག་བལྟས། འདི་ཅི་ཀུ་མུ་ཏ་ཡིན་ནམ། །འོན་ཏེ་ཁྱིམ་འདིའི་ལྷ་ཡིན་ནམ། །ལྷ་འམ་ལྷ་མིན་ཆུང་མ་ཡིན། འདི་ནི་མི་ལུས་མ་ཡིན་ནོ། །སྙམ་ནས་རྒྱལ་པོ་དེ་དེ་ལྟར་དཔྱོད་དཔྱོད་ནས་དེ་ལ་ལྟ་བས་ཚིམ་པར་མ་གྱུར་བཞིན་དུ་ཤིང་རྟ་དེ་ཕྱོགས་དེ་ནས་ཐལ་དུ་བྱེད་པ་དང་ཡིད་ལ་མི་འབབ་པར་གྱུར་ཏོ། །དེ་ནས་རྒྱལ་པོ་དེ་སྙིང་སྟོར་བ་བཞིན་དུ་དེ་ལ་སེམས་རྩེ་གཅིག་ཏུ་གྱུར་ཅིང་བདག་གི་གནས་སུ་ཕྱིན་པ་དང་། འདོད་ཆགས་ཀྱི་བརྟན་པ་མེད་པར་གྱུར་པ་དང་། ཁ་ལོ་བསྒྱུར་བ་རབ་ཏུ་དགའ་བ་ཞེས་བྱ་བ་ལ་གསང་སྟེ་དྲིས་པ། ཕྱི་ར་དཀར་པོས་བསྐོར་བ་ཡི། །ཁྱིམ་དེ་སུའི་ཡིན་ཁྱོད་ཤེས་སམ། སྤྲིན་དཀར་སྟེང་ན་གློག་བཞིན་དུ། དེ་ན་མཛེས་མ་སུ་ཞིག་ཡིན། ཁ་ལོ་བསྒྱུར་བས་སྨྲས་པ། ལྷ་ཉིད་ཀྱི་བློན་པོ་ཨ་བྷི་པཱ་ར་ཀ་ཞེས་བགྱི་བ་ཞིག་མཆིས་ཏེ། ཁྱིམ་དེ་ནི་དེའི་ལགས་སོ། །བུ་མོ་དེའང་དེ་ཉིད་ཀྱི་མཆིས་བྲང་ལགས་ཏེ། ཀི་རཱི་ཊ་པ་བཏབ་ཞེས་བགྱི་བའི་བུ་མོ་མྱོས་བྱེད་མ་ཞེས་བགྱི་བ་ལགས་སོ། །རྒྱལ་པོ་དེ་སྐད་ཐོས་ནས། གཞན་གྱི་ཆུང་མ་ཡིན་ནོ་སྙམ་སྟེ། རེ་ཐག་ཆད་ནས་སེམས་ཁོང་དུ་ཆུད་ཅིང་མིག་རྩ་དང་མདངས་ཉམས་ཤིང་། ཤུགས་ནར་ཞེས་ཕྱུང་ནས་དེ་ལ་སེམས་ཆགས་བཞིན་དུ། དལ་བུས་བདག་རང་ལ་སྨྲས་པ། ཨེ་མའོ་འདི་མིང་ཇི་ལྟར་བཏགས་པ་ནི། །དོན་དང་རྗེས་སུ་མཐུན་ཞིང་ཚིག་ཀྱང་སྙན། །འཛུམ་པའི་མདངས་དཀར་མྱོས་བྱེད་མ་ཞེས་པ། །འདི་ལྟར་བདག་ནི་མྱོས་པ་བཞིན་དུ་བྱེད། །དེ་ནི་བརྗེད་པར་བདག་འདོད་ན། །སེམས་ཀྱིས་མཐོང་བ་བཞིན་དུ་གྱུར། །བདག་གི་སེམས་ནི་དེ་ལ་གནས། །སེམས་དེ་དེ་ཡི་དབང་དུ་གྱུར། །གཞན་གྱི་ཆུང་མ་ཡིན་པ་ལ། །བདག་ཀྱང་དེ་ལྟར་མི་བརྟན་པ། །དེ་ནི་མྱོས་ཏེ་ངོ་ཚ་དང་། །བྲལ་བ་བཞིན་དུ་གཉིད་དང་བྲལ། དེ་ནི་ལུས་བཟང་བཅས་ཤིང་འགྲེང་དང་ལྟ་བ་ལ། ཆགས་པས་རྩེ་གཅིག་ཡིད་དུ་གྱུར་ཅིག་འདུག་པའི་ཚེ། །དོན་སྒྲུབ་གོ་རིམས་སྦྲོན་པའི་ཆབ་ཚོད་སྒྲ་གྲགས་པའི། །ཆབ་ཚོད་དེ་ནི་ང་ཡི་སེམས་ལ་ཞེ་སྡང་ལྡང་། །དེ་ལྟར་རྒྱལ་པོ་དེ་འདོད་པས་མྱོས་པའི་མཐུས། བརྟན་པ་ནི་ཉམས། བདག་རང་གིས་མནགས་ཏེ་བོར་ཡང་མདངས་ནི་སེར་སྐྱར་གྱུར་ཅིང་ལུས་ཀྱང་ཤི་བྲི་སྲབ་མོར་གྱུར། སེམས་ཁོང་དུ་ཚུད་ཅིང་ཤུགས་ཀྱང་ནར་ཞེས་འབྱུང་ལ། གླལ་ཡང་དང་ཡང་དུ་ནི་འབྱུང་། འདོད་ཆགས་ཀྱིས་མྱོས་པར་གྱུར་པའི་རྣམ་པ་ནི་རབ་ཏུ་མངོན་པར་གྱུར་ཏོ། །བརྟན་པ་ཆེན་པོས་མནགས་ཤིང་བསྒྲིབ་བྱས་ཀྱང་། རྒྱལ་པོ་དེ་ཡི་ཡིད་ནི་གྱུར་པ་དེ། སེམས་ཁོང་ཆུད་པའི་མིག་དང་བཞིན་མདངས་དང་། ཤ་བྲི་སྲབ་མོར་གྱུར་པས་མངོན་པར་གྱུར། །དེ་ནས་བློན་པོ་ཨ་བྷི་པཱ་ར་ཀ་བརྡ་དང་མཚན་མ་ལ་མཁས་པ་དེས། རྒྱལ་པོ་དེ་དེ་ལྟར་གྱུར་པར་ཤེས་ནས། སྙིང་ཉེ་བས་རྒྱལ་པོ་དེ་མ་རུང་བར་འགྱུར་དུ་དོགས་པ་དང་། འདོད་ཆགས་ཀྱང་མཐུ་ཆེ་བར་ཤེས་ནས། རྒྱལ་པོ་ལ་ཞུས་ཏེ་ནང་དུ་མཆི་བར་སྣང་བ་དང་། དབེན་པར་གསང་ཏེ་གསོལ་བ། ད་ནང་བདག་ནི་ལྷ་མཆོད་བགྱིད་པའི་ཚེ། །གནོད་སྦྱིན་གཅིག་གཅིག་མངོན་སུམ་མཆིས་ནས་ནི། །མྱོས་བྱེད་མ་ལ་རྒྱལ་པོའི་ཐུགས་ཆགས་པ། ཁྱོད་ཀྱིས་མི་ཤེས་སམ་ཤེས་བདག་ལ་མཆི། དེ་སྐད་སྦྲན་ནས་མོད་ལ་མི་སྣང་གྱུར། །བདག་ནི་རྟོག་པ་སྐྱེས་ནས་འདིར་མཆིས་ལགས། །དེ་ལྟར་མེད་ན་ལྷ་ཅིག་འདི་ལྟ་བུར། །ཅི་ཡི་སླད་དུ་བདག་ལ་བཀའ་མི་སྩལ། །དེ་བས་ན་ལྷ་བདག་ལ་ཐུགས་བརྩེ་བའི་སླད་དུ། བུ་མོ་འདི་ཕྱག་ཏུ་བཞེས་པའི་རིགས་སོ། །དེ་ནས་རྒྱལ་པོ་དེ་ལྟས་ཀྱིས་བསྐུལ་བས་ངོ་ཚ་སྟེ་མགོ་སྨད་ནས། འདོད་ཆགས་ཀྱི་དབང་དུ་གྱུར་ཀྱང་ཆོས་ལ་སེམས་པ་རབ་ཏུ་གོམས་པའི་ཕྱིར། བརྟན་པ་ཉམས་པར་མི་འདོད་པའི་ཚིག་གསལ་བས་དེ་ལ་སྨྲས་པ། དེ་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། བསོད་ནམས་ཉམས་འགྱུར་བདག་ཀྱང་མི་འཆི་མིན། །བདག་གི་སྡིག་འདིའང་གཞན་གྱིས་ཤེས་པར་འགྱུར། །དེ་དང་བྲལ་བས་འགྱོད་པར་གྱུར་པའི་མེས། །ཁྱོད་ཀྱི་སེམས་ཀྱང་རྩྭ་བཞིན་བསྲེགས་པར་འགྱུར། །འཇིག་རྟེན་འདི་དང་ཕ་རོལ་གཉིས་ཀ་ལ། བདག་ཅག་གཉིས་ལ་དེ་ལྟར་གནོད་པའི་ལས། །གང་ཕྱིར་མི་མཁས་བསྟེན་པར་བྱེད་འགྱུར་བ། །དེ་ཕྱིར་མཁས་པ་བསྟེན་པར་ཡོང་མི་བྱེད། ཨ་བྷི་པཱ་ར་ཀས་སྨྲས་པ། ལྷ་ཆོས་དང་འགལ་བར་དོགས་པ་མི་མཛད་དུ་གསོལ། །སྦྱིན་པ་བགྱིད་པའི་གྲོགས་བགྱིས་པས། ཁྱོད་ལ་བསོད་ནམས་ཉིད་དུ་འགྱུར། །དེ་ནི་བདག་ལས་མ་བཞེས་ན། །སྦྱིན་པ་འགགས་པས་ཆོས་མིན་འགྱུར། །ལྷ་ལ་བཀའ་མཆིད་ངན་བའི་སྐྱབས་ཀྱང་མ་མཐོང་ངོ་། །དེ་ཅིའི་སླད་དུ་ཞེ་ན། འོ་སྐོལ་གཉིས་ལས་མ་གཏོགས་པ། །གཞན་ནི་སུ་ཞིག་འདི་ཤེས་འགྱུར། །དེ་བས་མི་ཡིས་ཁྲེལ་འགྱུར་བའི། །ཐུགས་ལ་དོགས་པ་མ་མཛད་ཅིག །དེ་ལྟར་བགྱིས་ན་བདག་ལ་སྨན་ཡོན་བཏགས་པར་འགྱུར་གྱི། གནོད་པར་ནི་མི་འགྱུར་རོ། །རྗེའི་དོན་དུ་སྤྱད་པས་མགུ་བ་ཡིས། །སེམས་ལ་ཁྱབ་པར་གྱུར་ན་ག་ལ་གནོད། །དེ་བས་ཐུགས་ལ་བཞེད་པ་དོན་བཅས་མཛོད། །བདག་ལ་གནོད་པར་དོགས་པ་ཁྱོད་མ་མཛད། རྒྱལ་པོས་སྨྲས་པ། སྡིག་པ་ཞི་བར་གྱུར་ཅིག །ང་ལ་རབ་ཏུ་བྱམས་པའི་ཕྱིར། །ཁྱོད་ཀྱིས་འདི་ནི་མ་བརྟགས་སོ། །འདི་ལྟར་སྦྱིན་པ་ཐམས་ཅད་དུ། །ཆོས་སྒྲུབ་པ་ཡི་གྲོགས་མ་ཡིན། །རབ་ཏུ་བྱམས་པས་ང་ཡི་ཕྱིར། །སྲོག་ཀྱང་ཕངས་པར་མི་ལྟ་བ། གཉེན་བས་ལྷག་པ་དེ་ལྟ་བུའོ། །གྲོགས་པོའི་ཆུང་མ་གྲོགས་མོ་ཡིན། དེ་བས་ན་ང་འདི་ལྟར་བྱེད་དུ་གཞུག་བའི་མི་རིགས་སོ། །གང་ཡང་འདི་གཞན་སུས་ཀྱང་ཤེས་པར་མི་འགྱུར་རོ་ཞེས་ཟེར་བ་དེ་ཡང་། འདི་ཅི་སྡིག་ཏུ་མི་འགྱུར་རམ། །མ་མཐོང་བར་ནི་སྡིག་པ་བྱས་པ་དག །དུག་ཟོས་བཞིན་དུ་བདེ་བར་ཇི་ལྟར་འགྱུར། །ལྷ་དང་རྣལ་འབྱོར་ཅན་གྱི་མི་དག་ནི། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །གཞན་ཡང་། དེ་ནི་ཁྱོད་ལ་མི་ཕངས་ཞེའམ། །དེ་ནི་བཏང་མ་ཐག་ཏུ་ཡང་། སྡུག་བསྔལ་འབྱུང་བར་མི་འགྱུར་ཞེས། །སུ་ཞིག་དེ་ལ་ཡིད་ཆེས་འགྱུར། །ཨ་བྷི་པཱ་ར་ཀས་སྨྲས་པ། །བདག་ནི་བུ་སྨད་བཅས་པར་འབངས། །ཁྱོད་ནི་བདག་གི་རྗེ་དང་ལྷ། །དེ་བས་བྲན་མོ་འདི་ལྟ་ལ། །ཆོས་དང་འགལ་བ་ཅི་ཞིག་མཆིས། །འདི་བདག་ལ་ཕན་ཞེས་བགྱི་བ་དེ་ཡང་ཕངས་ན་ཕངས་སུ་བས་མོད། འདི་ནི་བདག་ལ་ཕངས་བ་ལགས་མོད་ཀྱི། །དེ་ཡི་སླད་དུ་འདི་ནི་ཁྱོད་ལ་འབུལ། །ཕངས་པ་བྱིན་ན་ཚེ་རབས་ཕྱི་མ་ལ། །རབ་ཏུ་དགའ་ཞིང་ཕངས་པ་ཐོབ་པར་འགྱུར། །ལྷ་དེ་བས་ན་འདི་བཞེས་སུ་གསོལ། །རྒྱལ་པོས་སྨྲས་པ། དེ་ལྟར་བྱར་མི་རུང་གི་དེ་སྐད་མ་ཟེར་ཅིག ཅིའི་ཕྱིར་ཞེ་ན། ཆོས་སྤྱད་པ་ལས་དཔལ་ནི་ཐོབ་འགྱུར་ན། །དེ་ཉིད་ལ་ཡང་གནོད་པ་བྱེད་པ་བས། བདག་ནི་མཚོན་ཆ་རྣོན་པོས་བཏབ་པའམ། མེ་སྟག་འཕྲོ་བའི་མེ་ནང་ཞུགས་ཀྱང་བླ། །ཨ་བྷི་པཱ་ར་ཀས་སྨྲས་པ། །གལ་ཏེ་འདི་གཞན་གྱི་མཆིས་བྲང་ལགས་པའི་སླད་དུ་ལྷ་མི་བཞེད་ནའང་། འདི་བདག་གིས་སྐྱེ་བོ་ཐམས་ཅད་ཀྱིས་བཏུས་སུ་རུང་བར་སྨད་འཚོང་མའི་ཚུལ་འཛིན་དུ་སྩལ་བར་འཚལ་ལོ། །དེ་ནས་ལྷ་འདི་བཞེས་སུ་གསོལ། །རྒྱལ་པོས་སྨྲས་པ། ཁྱོད་སྨྱོས་སམ་ཅི། སྐྱོན་མེད་ཆུང་མ་བོར་ན་ནི། །ང་ཡི་ཆད་པས་བཅད་ཏ་རེ། །སྨད་པའི་གནས་སུ་ཁྱོད་གྱུར་ན། །འདི་དག་ཕ་རོལ་བསྲེགས་པར་འགྱུར། །དེ་བས་ན་བྱར་མི་རུང་བ་ལ་དུས་མཆེས་པར་རིགས་པ་ལ་དགའ་བར་གྱིས་ཤིག །ཨ་བྷི་པཱ་ར་ཀས་སྨྲས་པ། ཁྱོད་ལ་བདེ་བས་བདག་ཡིད་བདེར་གྱུར་ན། །གལ་ཏེ་ཆོས་དང་འགལ་བར་གྱུར་ཀྱང་རུང་། །སྐྱེ་བོ་སྨད་ཅིང་བདེ་བ་ཉམས་ཀྱང་རུང་། །དེ་དག་ཐམས་ཅད་ལྟོ་བས་བཟེད་པར་བགྱི། །ས་བདག་ཆེན་པོ་འཇིག་རྟེན་འདི་ན་ནི། །ཁྱོད་ལས་ལྷག་པའི་འགྲོན་མཆོག་གཞན་མ་མཐོང་། །བདག་གི་བསོད་ནམས་འཕེལ་ཕྱིར་མྱོས་བྱེད་མ། །དུས་ཚིགས་མཆོད་པའི་ཡོན་བཞིན་བཞེས་སུ་གསོལ། །རྒྱལ་པོས་སྨྲས་པ། ང་ལ་རབ་ཏུ་བྱམས་པའི་ཕྱིར། བདག་ལ་ཕན་པ་དང་གནོད་པར་འགྱུར་བ་ལའང་མི་ལྟ་བར་ཁྱོད་འདི་ལྟར་འབད་པ་ནི་ངའི་དོན་དུ་སྤྱོད་པ་ཡིན་པས། དེའི་ཕྱིར་ཡང་ཁྱོད་ལྷག་པར་ཡལ་བར་དོར་དུ་མི་རུང་ངོ་། །འཇིག་རྟེན་པས་སྨད་པ་ལའང་འཛེམ་པ་མེད་པར་བྱ་བར་མི་རིགས་སོ། །ལྟོས་ཤིག །འཇིག་རྟེན་སྨོད་པས་འཛེམ་པ་མེད་པ་དང་། །ཆོས་དང་ཕྱི་མའི་འབྲས་བུ་མི་ལྟ་བས། །གང་ཡིན་དེ་ལ་སྐྱེ་བོ་ཡིད་མི་ཆེས། །ལྷ་དང་དཔལ་གྱིས་རབ་ཏུ་སྤངས་བར་འགྱུར། །དེ་བས་ན་ཁྱོད་ལ་ང་སྨྲའོ། །སྲོག་གི་ཕྱིར་ཡང་ཆོས་དང་ནི། འགལ་བར་འགྱུར་བ་འགའ་མ་བྱེད། །ཉེས་པ་ཆེར་འགྱུར་གདོན་མི་ཟ། །ལེགས་འབྱུང་ཆུང་ལ་དོགས་དང་བཅས། གཞན་ཡང་། དམ་པ་རྣམས་ནི་ཕ་རོལ་སྨད་ལ་སོགས། །སྡུག་བསྔལ་བྱས་ནས་བདག་ཉིད་བདེ་མི་སྒྲུབ། །དེ་བས་ང་ནི་གཅིག་ལའང་མི་གནོད་པར། །ཆོས་ལ་གནས་ནས་བདག་གི་དོན་སྒྲུབ་པོ། །ཨ་བྷི་པཱ་ར་ཀས་སྨྲས་པ། རྗེའི་དོན་དུ་གུས་པའི་དབང་གིས་སྤྱད་པ་འདི་ལ། བདག་དང་ཆོས་མ་ལགས་པར་འགྱུར་བའི་སྐབས་ཅི་ཞིག་མཆིས །འདི་བདག་གིས་ཕུལ་བ་ལྷས་བཞེས་པ་ལའང་ནོངས་པ་ཅི་མཆིས། དེའི་སླད་དུ་ཡུལ་ཤི་བི་པའི་མི་ལྗོངས་ཀྱི་མི་དང་བཅས་པས་ཀྱང་། འདི་ལ་ཆོས་མ་ལགས་པར་སྙད་གདགས་སུ་ཅི་ཞིག་མཆིས། དེ་བས་ན་ལྷ་འདི་བཞེས་སུ་གསོལ། རྒྱལ་པོས་སྨྲས་པ། ཁྱོད་ནི་ངའི་དོན་སྤྱོད་པ་ལ་རབ་ཏུ་གཞོལ་བར་སེམས་མོད་ཀྱི། འདི་ལ་འུ་བུ་ཅག་གཉིས་དང་། ཡུལ་ཤི་བི་པའི་མི་ལྗོངས་ཀྱི་མི་དང་བཅས་པའི་ནང་ན་སུ་ཆོས་ཤེས་པ་མཆོག་ཡིན་པ་འདི་དཔྱད་དགོས་སོ། །དེ་ནས་ཨ་བྷི་པཱ་ར་ཀས་གུས་པ་དང་བཅས་པར་རྒྱལ་པོ་ལ་སྨྲས་པ། རྒན་པ་བསྙེན་བཀུར་བྱ་བ་བྱས་པ་དང་། །ཐོས་པ་མང་ཞིང་བློ་ཡང་རྣོ་བ་དང་། །འཁོར་གསུམ་དོན་གྱི་དེ་ཉིད་རིག་པ་ནི། ལྷ་ཅིག་ཁྱོད་དང་བདག་པོ་ཆེ་ལ་མཆིས། རྒྱལ་པོས་སྨྲས་པ། དེ་བས་འདི་ལའང་བསླུ་བའི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་པ་ལ་ཕན་དང་གནོད་པ་ནི། རྒྱལ་པོ་རྣམས་ཀྱི་སྤྱོད་ལ་རག་ལུས་ཏེ། །དེ་བས་འབངས་རྣམས་སྙིང་ཉེ་བསམས་ནས་ནི། །གཏམ་སྙན་འབྱུང་བའི་ལམ་གྱི་མཆོག་ལ་དགའ། །ཁྱུ་མཆོག་འགྲོ་བ་དྲང་ངམ་ཡོ་བ་བཞིན། །རྗེས་སུ་འགྲོ་བ་རྣམས་ནི་དོགས་མེད་ཅིང་། །འཁྲུལ་པ་མེད་པར་རྗེས་སུ་འབྲང་བ་བཞིན། འབངས་ཀྱང་དེ་བཞིན་རྒྱལ་པོའི་རྗེས་སུ་འབྲང་། །གཞན་ཡང་ཁྱོད་ལྟོས་ཤིག །ང་བདག་རང་ཡང་བསྲུང་བར་ནི། །གང་ཚེ་ནུས་པར་མ་གྱུར་པ། །དེ་ཚེ་ང་ཡིས་བསྲུང་འདོད་པའི། །སྐྱེ་བོ་རྣམས་ནི་ཇི་ལྟར་འགྱུར། །དེ་ལྟར་འབངས་ལ་ཕན་པར་བལྟ་བ་དང་། །བདག་གི་ཆོས་དང་གྲགས་པ་དྲི་མེད་ལ། །བལྟས་ནས་སེམས་ཀྱི་དབང་དུ་ང་མི་འགྲོ། །ཁྱུ་མཆོག་བཞིན་དུ་ང་ནི་འབངས་ཀྱི་མགོན། །དེ་ནས་བློན་པོ་ཨ་བྷི་པཱ་ར་ཀ། རྒྱལ་པོས་སྲན་བཙུགས་པ་དེས་མགུ་ནས་རྒྱལ་པོ་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་སྨྲས་པ། གང་རྣམས་བསྲུང་བ་རྒྱལ་པོ་ཁྱོད་བཞུགས་པའི། །ཨེ་མའོ་འབངས་རྣམས་སྐལ་བ་ཕུན་སུམ་ཚོགས། །ཆོས་ལ་དགྱེས་ཤིང་བདེ་ལ་མ་ཆགས་པ། །དེ་ལྟ་བུ་ནི་དཀའ་ཐུབ་ནགས་ནའང་དཀོན། །རྒྱལ་པོ་ཆེན་པོ་ཆེན་པོའི་སྒྲ། །འདི་ནི་རྒྱལ་པོ་ཁྱོད་ལ་མཛེས། །ཡོན་ཏན་མེད་ལ་ཡོན་ཏན་བརྗོད། །སྨད་ཅིང་རྩུབ་པའི་ཚིག་ཏུ་འགྱུར། །རྒྱ་མཚོ་རིན་ཆེན་འབྱུང་གནས་བཞིན། །ཡོན་ཏན་འབྱུང་གནས་ཁྱོད་ལགས་པས། །ཁྱོད་ནི་དེ་ལྟར་ཞིར་གྱུར་པ། །དེ་ལ་ངོ་མཚར་ཆེར་མི་འཛིན། །དེ་ལྟར་སྐྱེ་བུ་དམ་པ་རྣམས་ནི་བདག་རང་སྲན་ཐུབ་པས་བསྟན་པ་དང་། །ཆོས་ཀྱི་འདུ་ཤེས་རབ་ཏུ་གོམས་པར་བྱས་པའི་ཕྱིར། །སྡུག་བསྔལ་མི་བཟད་པས་གདུངས་ཀྱང་ལམ་ངན་པར་འཇུག་པར་མི་འགྱུར་རོ། །དེ་བས་ན་སྲན་ཐུབ་པར་བྱ་བ་དང་། །ཆོས་ལ་གོམས་པར་བྱ་བ་ལ་བརྩོན་པར་བྱའོ། །མྱོས་བྱེད་མའི་སྐྱེས་པའི་རབས་ཏེ་བཅུ་གསུམ་པའོ།། །།


previousམྱོས་བྱེད་མའི་སྐྱེས་པའི་རབས་ཏེ་བཅུ་གསུམ་པ།next