Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
ལེགས་པར་ཕ་རོལ་དུ་ཕྱིན་པའི་སྐྱེས་པའི་རབས་ཏེ་བཅུ་བཞི་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལེགས་པར་ཕ་རོལ་དུ་ཕྱིན་པའི་སྐྱེས་པའི་རབས་ཏེ་བཅུ་བཞི་པ།next

ལེགས་པར་ཕ་རོལ་དུ་ཕྱིན་པའི་སྐྱེས་པའི་རབས་ཏེ་བཅུ་བཞི་པ།

བམ་པོ་ལྔ་པ། ཆོས་ལ་གནས་ན་བདེན་པའི་ཚིག་ཙམ་གྱིས་ཀྱང་མ་རུང་བར་འགྱུར་བ་ལས་ཐར་བར་འགྱུར་ན། དེའི་འབྲས་བུ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་ཆོས་ཀྱི་རྗེས་སུ་འཇུག་པར་བྱའོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་རབ་ཏུ་རྣོ་བ། གྲུའི་ཁ་ལོ་བསྒྱུར་བ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །འདི་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་རང་བཞིན་གྱི་ཤེས་རབ་རྣོ་བས་གཙུག་ལག་ཁྱད་པར་ཅན་གང་དང་གང་སློབ་པར་འདོད་པ་དང་། སྒྱུ་རྩལ་ཁྱད་པར་ཅན་གང་དང་གང་སློབ་པར་འདོད་པ་དེ་དང་དེ་དག་ལ་ཤེས་རབ་རྣོ་ཞིང་སྐྱེ་བོ་གཞན་ལས་ལྷག་པར་འགྱུར་རོ། །བདག་ཉིད་ཆེན་པོ་དེ་སྐར་མ་རྒྱུ་བ་ལ་མཁས་པས། །ཕྱོགས་ཀྱི་བྱེ་བྲག་ལ་བློ་མ་རྨོངས་ཤིང་ནར་མ་དང་གློ་བུར་དུ་འབྱུང་བའི་ལྟས་ཤེས་ལ་མཚན་མ་ལ་མཁས་ཤིང་དུས་དང་དུས་མ་ཡིན་པའི་གོ་རིམས་ལ་མཁས་པས། ཉ་དང་ཆུའི་ཁ་དོག་དང་སའི་བྱེ་བྲག་དང་བྱ་དང་རི་ལ་སོགས་པའི་མཚན་མས་རྒྱ་མཚོའི་ཕྱོགས་ནི་ལེགས་པར་རྟོགས། དྲན་པ་དང་ལྡན་ཞིང་ལེ་ལོ་དང་གཉིད་ནི་ཆུང་། གྲང་བ་དང་ཚ་བ་དང་ཆར་འབབ་པ་ལ་སོགས་པའི་སྡུག་བསྔལ་ལ་ནི་ཇི་མི་སྙམ། བག་ཆེ་ལ་བརྟན་པ་དང་ནི་ལྡན། དྲང་བ་དང་ཟློག་པ་ལ་སོགས་པ་ལ་མཁས་པའི་ཕྱིར་ཚོང་པ་རྣམས་འདོད་པའི་ཡུལ་དུ་ཕྱིན་པར་བྱེད་པ་ཞིག་ཏུ་གྱུར་ཏོ། །དེ་འགྲོ་བའི་དོན་རབ་ཏུ་གྲུབ་པར་གྱུར་པའི་ཕྱིར་མིང་ཡང་ལེགས་པར་ཕ་རོལ་དུ་ཕྱིན་པར་བྱེད་པ་ཞེས་བྱའོ། །དེ་གནས་པའི་ཡུལ་གྱི་མིང་ཡང་ལེགས་པར་ཕ་རོལ་དུ་ཕྱིན་པ་ཞེས་སྔོན་གྲགས་སོ། །དེང་སང་ནི་སཱུ་ར་པཱ་ར་ཀ་ཞེས་བྱའོ། །དེ་རབ་ཏུ་བཀྲ་ཤིས་ཤིང་ཕུན་སུམ་ཚོགས་པའི་ཕྱིར་རྒས་པར་གྱུར་ཀྱང་། །རྒྱ་མཚོར་འདོང་བའི་ཚོང་པ་དོན་གྲུབ་པར་འདོད་པ་རྣམས་ཀྱིས་གསོལ་བ་བཏབ་པ་དང་། བཀུར་སྟི་ཆེར་བྱས་ཏེ། གྲུ་བོ་ཆེའི་ནང་དུ་འཇོག་པར་བྱེད་དོ། །དེ་ནས་རེ་ཤིག་ཅིག་ཡུལ་བྷ་རུ་ཀཙྪ་ནས། ཚོང་པ་གསེར་གླིང་དུ་འདོད་པ་དོན་གྲུབ་པར་འདོད་པ་དག་ཅིག་ཡུལ་ལེགས་པར་ཕ་རོལ་དུ་ཕྱིན་པར་ལྷགས་ནས། སེམས་དཔའ་ཆེན་པོ་དེ་གྲུ་བོ་ཆེའི་ནང་དུ་གཞུགས་པའི་ཕྱིར་གསོལ་བ་བཏབ་པོ། དེས་དེ་ལ་སྨྲས་པ། རྒས་པའི་དབང་གིས་ལྟ་བ་ཉམས་གྱུར་ཅིང་། ཞོ་ཤ་ཆུང་བས་དྲན་པ་རབ་ཏུ་ཉམས། །བདག་གི་ལུས་ཀྱི་བྱ་བའང་ཉམ་ཆུང་ན། །བདག་ལ་གྲོགས་བྱར་རེ་བ་ག་ལ་སྲིད། །ཚོང་པ་རྣམས་ཀྱིས་སྨྲས་པ། །ཁྱོད་ཀྱི་ལུས་ཀྱི་གནས་སྐབས་ཅི་འདྲ་བ་བདག་ཅག་གིས་འཚལ་ཏེ། ཁྱོད་ལ་དྲག་ཤུལ་སྤྱད་པའི་མཐུ་མཆིས་སུ་ལགས་ཀྱང་། བདག་ཅག་ནི་ཁྱོད་ལ་འཕྲིན་ལས་བགྱི་བར་མི་གསོལ་གྱི། གཞན་དུ་ན། ཁྱོད་ཀྱི་ཞབས་ནི་པདྨ་ལ་བསྟེན་པའི། །རྡུལ་གྱིས་གྲུ་འདི་བཀྲ་ཤིས་ལྡན་གྱུར་ན། །མཚོ་ཡི་ནང་ནས་རབ་ཏུ་བགྲོད་དཀའ་ཡང་། །བདེ་བར་ཐར་འགྱུར་སླད་དུ་བདག་ཅག་མཆིས། །དེ་ནས་བདག་ཉིད་ཆེན་པོ་དེ་དེ་དག་ལ་སྙིང་བརྩེ་བའི་ཕྱིར་རྒས་པས་ལུས་ཤིག་ཤིག་པོར་གྱུར་དུ་ཟིན་ཀྱང་། གྲུ་བོ་ཆེ་དེའི་ནང་དུ་ཞུགས་སོ། །དེ་གྲུའི་ནང་དུ་ཞུགས་པ་དང་། ཚོང་པ་དེ་དག་ཐམས་ཅད་ཀྱིས་བསམས་པ། ད་ནི་གདོན་མི་ཟ་བར་བདག་ཅག་དོན་གྱི་མཆོག་གྲུབ་པར་འགྱུར་རོ་སྙམ་ནས་སེམས་རབ་ཏུ་དགའ་བར་གྱུར་ཏོ། །དེ་ནས་མཐར་གྱིས་རྒྱ་མཚོ་ཆེན་པོ་ཉའི་རིགས་རྣམས་པ་སྣ་ཚོགས་རྣམ་པར་རྒྱུ་བ། ཆུ་རླབས་ཀྱི་སྒྲ་ཆེན་པོ་གྲག་པ། རླུང་གིས་བསྐྱོད་པའི་ཆུ་རླབས་མང་པོ་བསྙེར་བ། རིན་པོ་ཆེ་རྣམ་པ་སྣ་ཚོགས་པ་དང་། སའི་ཁ་དོག་གི་ཁྱད་པར་མང་པོས་མདོག་བསྒྱུར་བ་དབུ་བ་སྦྲེངས་པས་མེ་ཏོག་གི་ཕྲེང་བ་བཞིན་དུ་མཛེས་པར་བྱས་པ། ལྷ་མ་ཡིན་དང་ཀླུ་མཆོག་རྣམས་ཀྱི་གནས་སུ་གྱུར་པ། གཏིང་དཔག་དཀའ་བ། ཆུ་ཚད་མེད་པའི་ནང་དུ་ཞུགས་སོ། །དེ་ནས་ཨནྡ་རྙིལ་གྱི་འོད་ལྟར་སྔོ། །ཉི་མའི་འོད་ཀྱི་གནམ་སྔོ་བཞུ་བ་བཞིན། །ཁོ་ར་ཁོར་ཡུག་ཆུ་འགྲམ་ལྟར་མི་སྣང་། །གཏིང་དཔག་དཀའ་བའི་མཚོ་འཇིང་ནང་དུ་ཞུགས། །དེ་ནས་དེ་དག་དེར་ཕྱིན་པ་དང་། །ཕྱི་དྲོའི་དུས་སུ་ཉི་མའི་འོད་ཀྱི་དཀྱིལ་འཁོར་ནི་ཆུང་ངུ་གྱུར། །གློ་བུར་དུ་ལྟས་ངན་ཆེན་པོ་རབ་ཏུ་འཇིགས་སུ་རུང་བ་ཞིག་བྱུང་བ་དང་། རླབས་ནི་རྣམ་པར་འཁྲུག་ཅིང་དབུ་བ་འཐོར། །དྲག་པོའི་རླུང་གིས་བསྐྱོད་པས་འཇིགས་སྒྲ་འབྱིན། །ཆུ་ཀུན་ཐ་མལ་འདུག་ལས་རབ་ཏུ་གཡོས། །རྒྱ་མཚོ་དེ་མ་ཐག་ཏུ་འཁྲུགས་པར་གྱུར། །ལྟས་ངན་གློ་བུར་ལངས་པའི་རླུང་གིས་བསྐྱོད། །རླབས་ཆེན་འཇིགས་སུ་རུང་བའི་ཤུགས་ཀྱིས་དཀྲུགས། །དུས་མཐའི་རླུང་གིས་རི་གཡོས་ས་གཞི་བཞིན། །རྒྱ་མཚོའི་འཇིང་ནི་རབ་ཏུ་འཁྲུགས་པར་གྱུར། །གློག་ཕྲན་འགྱུར་བའི་འོད་ཀྱི་ལྕེ་གཡོ་བ། །སྤྲུལ་ནག་མགོ་མངས་བཞིན་དུ་མདོག་སྔོ་བའི། །སྤྲིན་གྱིས་ཉི་མའི་ལམ་ཡང་བསྒྲིབས་པར་གྱུར། །འབྲུག་སྒྲ་འཇིགས་སུ་རུང་བ་བརྒྱུད་མར་གྲག །སྤྲིན་ཆེན་སྟུག་པོས་འོད་ཀྱི་དྲ་བ་བསྒྲིབས། །ཉི་མ་མཐར་གྱིས་ནུབ་ཏུ་ཉེ་བར་གྱུར། །ཉི་མ་ནུབ་པའི་སྐབས་ནི་རྙེད་པ་དང་། །མུན་པའང་རིམ་གྱིས་གནག་ཏུ་ཉེ་བར་གྱུར། ཆར་རྒྱུན་མདའ་ཡི་རླབས་ལ་ཕོག་པ་དང་། །རྒྱ་མཚོའི་འཇིང་ནི་གནམ་དུ་རྒལ་བ་འདྲ། །གྲུ་ཡང་འཇིགས་པ་བཞིན་དུ་རབ་གཡོས་ནས། །དེ་དག་སྙིང་ལ་འཇིགས་པ་སྐྱེད་པར་བྱེད། །དེ་དག་སྐྲག་ཅིང་སྤ་གོང་མི་སྨྲ་ཞུམ། །བརྟན་པོ་དག་ནི་ཐར་པའི་ཐབས་ལ་འབད། །ཁ་ཅིག་རང་གི་ལྷ་ལ་གསོལ་བ་འདེབས། །སེམས་སྟོབས་ཡོན་ཏན་བསམ་པ་རྣམ་པར་སྟོན། །དེ་ནས་ཚོང་པ་དེ་དག་རླུང་དང་ཆུའི་ཤུགས་ཀྱིས་བདས་པའི་གྲུ་བོ་ཆེས་གཡེངས་ནས་ཉིན་ཞག་དུ་མར་ཡང་ཆུའི་འགྲམ་མ་མཐོང་ཞིང་། །རྒྱ་མཚོའི་མཚན་མ་ཇི་ལྟར་འདོད་པ་ཡང་མ་མཐོང་ལ། རྒྱ་མཚོའི་མཚན་མ་སྔོན་མ་མཐོང་བ་ཤ་སྟག་མཐོང་བས། ཕྱི་ཕྱིར་ཞིང་སེམས་མི་དགའ་ལ་འཇིགས་ཤིང་བག་ཚ་བས་ཅི་བྱ་གཏོལ་མེད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ལེགས་པར་ཕ་རོལ་དུ་ཕྱིན་པས་དེ་དག་སྤྲོ་བསྲིང་པའི་ཕྱིར་སྨྲས་པ། རྒྱ་མཚོའི་ནང་དུ་ཞུགས་པ་རྣམས་ལ་ལྟས་ངན་གློ་བུར་དུ་བྱུང་བས་འཁྲུགས་ཤིང་ཉོན་མོངས་པར་འགྱུར་བ་འདི་ལྟ་བུ་ངོ་མཚར་མི་ཆེ་ཡི། ཁྱེད་ཅག་བག་ཚ་བར་མ་བྱེད་ཅིག །ཞུམ་པས་ཕོངས་ལས་ཐར་ལ་མི་ཕན་གྱི། །དེ་བས་མྱ་ངན་གདུང་བ་མ་བྱེད་པར། །དགོས་པ་དོན་སྒྲུབ་མཁས་ལ་བརྟན་བྱས་ན། །རབ་ཏུ་དཀའ་བའང་སླ་བས་ཐར་བར་འགྱུར། །དེ་བས་འཇིགས་ཤིང་མི་དགའ་མ་བྱེད་པར། །ཅི་ལྟར་བྱ་བའི་ཐབས་ཀྱིས་དགོས་པ་སྒྲུབས། །མཁས་པའི་གཟི་བརྗིད་བརྟན་པས་གཟེངས་བསྟོད་ན། །དོན་རྣམས་ཐམས་ཅད་འགྲུབ་པ་ལག་ན་ཡོད། །དེ་ལྟར་བདག་ཉིད་ཆེན་པོ་དེས། །ཚོང་པ་དེ་དག་སེམས་བརྟན་པར་བྱས་པ་དང་། རྒྱ་མཚོའི་འགྲམ་མཐོང་དུ་རེ་ནས། །རྒྱ་མཚོ་ལ་བལྟས་ན། །མིའི་གཟུགས་འདྲ་བ། དངུལ་གྱི་ཡ་ལད་གྱོན་པ་དག་ཅིག་ཆུའི་ནང་དུའང་བྱིང་སྟེང་དུའང་བྱུང་བ་མཐོང་ངོ་། །དེ་དག་གི་བྱད་གཟུགས་དང་མཚན་མ་ལེགས་པར་བརྟགས་ནས་ཡ་མཚན་ཆེར་གྱུར་ཏེ། ལེགས་པར་ཕ་རོལ་དུ་ཕྱིན་པ་ལ་སྨྲས་པ། །རྒྱ་མཚོ་འདིའི་ནང་ན་སྔོན་མ་མཐོང་པའི་མཚན་མ་དག་ཅིག་སྣང་སྟེ། དེ་དག་ནི། ལྷ་མིན་དམག་མི་བཞིན་དུ་དངུལ་གྱི་གོ་ཆ་བགོས། མིག་མི་སྡུག་ལ་སྣ་ཡང་སྤུ་གྲི་འདྲ་བར་སྣང་། སྟེང་དུ་འབྱུང་ཞིང་རྐྱལ་པའི་ཞར་ལ་ནི། །རྒྱ་མཚོའི་ཆུ་ལ་རྩེད་མོ་བྱེད་པ་སུ་ཞིག་ལགས། །ལེགས་པར་ཕ་རོལ་དུ་ཕྱིན་པས་སྨྲས་པ། འདི་དག་མི་ནི་མ་ཡིན་གྱི་འདི་དག་ནི་ཉ་མི་འདྲ་བར་སྣང་བ་དག་ཅིག་ཡིན་གྱི། འདི་དག་གིས་མ་འཇིགས་ཤིག་འོན་ཀྱང་བདག་ཅག་ཡུལ་ནི་གཉིས་ཀ་ལས། རབ་ཏུ་རིང་དུ་དོང་བར་གྱུར། །རྒྱ་མཚོ་འདི་ནི་སྤུ་གྲི་འཕྲེང་། །དེ་བས་བཟློག་ལ་འབད་པར་གྱིས། །ཆུ་རབ་ཏུ་དྲག་པོ་འབབ་པ་དང་། ནུབ་ཕྱོགས་ནས་ལངས་བའི་རླུང་རབ་ཏུ་དྲག་པོས་གྲུ་མགྱོགས་པར་སོང་བས། ཚོང་པ་དེ་དག་གིས་སླར་ཟློག་མ་ནུས་སོ། །དེ་ནས་ཆུས་ཁྱེར་བ་ལ་མཐར་གྱིས་དངུལ་གྱི་མདོག་འདྲ་བའི་ཆུ་དཀར་པོ་དབུ་བ་མང་པོ་འཁྲིགས་པའི་རྒྱ་མཚོ་གཞན་ཞིག་མཐོང་ནས། ཡ་མཚན་ཆེར་གྱུར་ཏེ། ལེགས་པར་ཕ་རོལ་དུ་ཕྱིན་པ་ལ་སྨྲས་པ། ཆུ་རྣམས་རང་གི་དབུ་བས་གཡོག་པ་བཞིན། །རྒྱ་མཚོ་ཆེན་པོ་གོས་དཀར་གྱོན་པ་བཞིན། ཟླ་བའི་འོད་ཟེར་ཞུ་བ་འབབ་པ་བཞིན། །ངང་པ་བཞིན་དུ་འབབ་པ་འདི་ཅི་ལགས། ལེགས་པར་ཕ་རོལ་དུ་ཕྱིན་པས་སྨྲས་པ། རབ་ཏུ་རིང་དུ་ཆུས་ཁྱེར་བས་ཤིན་དུ་དཀའོ། །འོ་མའི་རྒྱ་མཚོ་ཞེས་བྱ་སྟེ། །འདི་ནི་ཞོ་འཕྲེང་རྒྱ་མཚོ་ཡིན། །གལ་ཏེ་ཟློག་པར་ནུས་ན་ནི། །འདི་ལས་ཐལ་ཏེ་འགྲོར་མི་རུང་། །ཚོང་པ་རྣམས་ཀྱིས་སྨྲས་པ། །གྲུ་བོ་ཆེ་རབ་ཏུ་མགྱོགས་པ་དང་། །རླུང་ཡང་དྲག་ཏུ་ལངས་བས་གྲུ་དལ་བུས་བཏང་བར་ཡང་མི་ནུས་ན། །སླར་ཟློག་པར་ལྟ་ག་ལ་ནུས། །དེ་ནས་རྒྱ་མཚོ་དེ་ཡང་འདས་པ་དང་། ཡང་རྒྱ་མཚོ་གཞན་ཞིག་རླབས་ཀྱི་ཕྲེང་བ་རབ་ཏུ་འཁྲུག་པ། གསེར་གྱི་མདོག་འདྲ་བ། ཆུའི་མདོག་མེ་འབར་བ་འདྲ་བ་མཐོང་ནས། ཚོང་པ་དེ་དག་ཡ་མཚན་དང་ངོ་མཚར་ཆེར་གྱུར་ཏེ། ལེགས་པར་ཕ་རོལ་དུ་ཕྱིན་པ་ལ་དྲིས་པ། ཉི་མ་འཆར་ཀའི་ཁ་དོག་འདྲ་བ་ལ། །སྔོན་པོ་མ་ཡིན་ཆུ་རླབས་གནམ་དུ་རྒལ། །མེ་ཆེན་རབ་ཏུ་འབར་བ་འདྲ་བ་ཡི། །རྒྱ་མཚོ་འདི་མིང་འདི་ཅི་ལྟར་ཕྱིར་གྱུར། །ལེགས་པར་ཕ་རོལ་དུ་ཕྱིན་པས་སྨྲས་པ། །འདི་ལྟར་སྣང་བའི་རྒྱ་མཚོ་འདི། །མེ་ཡི་ཕྲེང་བ་ཞེས་གྲགས་ཏེ། །དེ་བས་འདི་ལས་ཟློག་ནུས་ན། །ཁྱེད་ལ་རབ་ཏུ་ལེགས་པར་འགྱུར། །དེ་ལྟར་བདག་ཉིད་ཆེན་པོ་དེས་མིང་ཙམ་ཞིག་བསྟན་ནས། །རྒྱང་རིང་དུ་བལྟས་པས་ཆུའི་ཁ་དོག་གྱུར་པའི་གཏན་ཚིགས་ནི་མ་བསྟན་ནོ། །དེ་ནས་ཡང་ཚོང་པ་དེ་དག་རྒྱ་མཚོ་དེ་ལས་ཀྱང་ཐལ་བ་དང་། ཡང་རྒྱ་མཚོ་གཞན་ཆུའི་ཁ་དོག་རིན་པོ་ཆེ་སྤུར་ལོང་ཨནྡ་རྙིལ་གྱི་མདོག་ཀྱང་འདྲ་ལ། རྩྭ་ཀུ་ཤ་སྨིན་པའི་ཁ་དོག་ཀྱང་འདྲ་བ་མཐོང་ནས་ངོ་མཚར་དུ་གྱུར་ཏེ། ལེགས་པར་ཕ་རོལ་དུ་ཕྱིན་པ་ལ་དྲིས་པ། ཀུ་ཤ་སྨིན་པའི་འདབ་མ་འདྲ་བའི་མདོག །དྲག་ཏུ་ལངས་པའི་རླུང་གིས་བསྐྱོད་པའི་རླབས། །དབུ་བ་བཀྲམ་པ་མེ་ཏོག་བཅས་པ་བཞིན། འདི་ལྟར་གདའ་བ་རྒྱ་མཚོ་གང་ཞིག་ལགས། །ལེགས་པར་ཕ་རོལ་དུ་ཕྱིན་པས་སྨྲས་པ། ཀྱེ་དེད་དཔོན་དག་སླར་ཟློག་པའི་ཕྱིར་འབད་པར་གྱིས་ཤིག །འདི་ལས་འདས་ན་ནི་མི་རུང་ངོ་། །ཀུ་ཤའི་འཕྲེང་ཅན་རྒྱ་མཚོ་འདི། །གླང་པོ་ལྕགས་ཀྱུ་མེད་པ་བཞིན། །བཟོད་པར་དཀའ་བའི་ཆུ་འབབ་པ། བདག་ཅག་དགའ་བ་འཕྲོག་པར་བྱེད། །དེ་ནས་ཚོང་པ་དེ་དག་གིས་རབ་ཏུ་འབད་ཀྱང་གྲུ་བོ་ཆེ་ཟློག་མ་ནུས་ན། རྒྱ་མཚོ་དེ་ལས་ཀྱང་ཐལ་ཏེ། ཆུའི་མདོག་སྔོན་པོ་སྨྱིག་མའི་མདོག་དང་བཻ་ཌཱུརྻའི་འོད་འདྲ་བའི་རྒྱ་མཚོ་གཞན་ཞིག་མཐོང་ནས། ལེགས་པར་ཕ་རོལ་དུ་ཕྱིན་པ་ལ་དྲིས་པ། རིན་ཆེན་མར་གད་མདོག་ལྟར་སྔོ་བའི་ཆུ། །ནེའུ་སིང་སྔོན་པོ་མཛེས་པ་བཞིན་དུ་འབབ། ཀུ་མུ་ད་དང་འདྲ་བའི་དབུ་བས་བརྒྱན། །དེ་ལྟར་གདའ་བའི་རྒྱ་མཚོ་འདི་གང་ལགས། །དེ་ནས་བདག་ཉིད་ཆེན་པོ་དེ་ཚོང་པ་དེ་དག་སྡུག་བསྔལ་དུ་གྱུར་པ་དེས་སེམས་གདུངས་ནས་མི་དགའ་ཞིང་ཤུགས་རིངས་ནར་ཞེས་བྱུང་སྟེ། །དལ་བུས་སྨྲས་པ། ད་ནི་རབ་ཏུ་རིང་དུ་ཐལ། །འདི་ལ་བཟློག་པར་རབ་ཏུ་དཀའ། །འཇིག་རྟེན་ཐ་མར་བྱེད་པ་བཞིན། །རྒྱ་མཚོ་འདི་ནི་འདམ་བུའི་འཕྲེང་། །ཚོང་པ་དེ་དག་གིས་དེ་ཐོས་ནས། །མི་དགའ་ཞིང་སེམས་ནི་ཞུམ་ལུགས་ཀྱི་ཚིགས་ནི་ཤིག་ཤིག་པོར་གྱུར། ཤུགས་ནར་ཞེས་འབྱིན་པ་ཙམ་ལ་བརྟེན་ཅིང་དེ་ཉིད་དུ་མཆིས་སོ་ཞེས་འཁོད་དོ། །རྒྱ་མཚོར་ལས་ཐལ་ནས། །ཕྱི་དྲོའི་དུས་ལ་བབ་ཅིང་ཉི་མའི་འོད་ཟེར་ཇེ་ཆུང་ཇེ་ཆུང་དུ་གྱུར་ཏེ། ཉི་མའང་རྒྱ་མཚོའི་ནང་དུ་ནུབ་པར་གྱུར་པ་འདྲ་ལ། །རྒྱ་མཚོའང་བླ་འོག་བཟློག་པ་འདྲ་ཞིང་། །རྒྱ་མཚོའི་ཆུ་སྒྲའང་སེར་བ་དྲག་པོ་འབབ་པ་དང་། སྨྱིག་མའི་ཚལ་མེས་ཚིག་སྟེ་ཏོག་ཡར་གྱིས་འགེགས་པ་དང་འདྲ་བར་སྒྲ་ཆེ་ཞིང་རབ་ཏུ་འཇིགས་པར་བྱེད་པ་ཐོས་པར་གྱུར་ཏོ། །དེ་ཐོས་ནས་ཀྱང་རབ་ཏུ་སྐྲག་ཅིང་སྙིང་འདར་བཞིན་དུ་ལ་གོར་དུ་ལངས་ནས་ཀུན་དུ་བལྟས་ན། ཆུའི་འཇིང་ཆེན་པོ་དེ་གཡང་ས་དང་གཅོང་རོང་གི་ནང་དུ་འབབ་པ་འདྲ་བ་མཐོང་ངོ་། །དེ་ལྟ་བུ་མཐོང་ནས། རབ་ཏུ་བློང་བློང་པོར་གྱུར་ཏེ། ལེགས་པར་ཕ་རོལ་དུ་ཕྱིན་པའི་དྲུང་དུ་ལྷགས་ནས་སྨྲས་པ། བདག་ཅག་རྣ་བ་གས་ཤིང་སྙིང་ཡང་འཇིགས་པས་དཀྲུགས་པ་བཞིན་དུ་གྱུར། །ཆུ་ཡི་བདག་པོ་ཁྲོས་པ་འདྲ་བའི་སྒྲ་འདི་རྒྱང་རིང་ནས་ཀྱང་གྲག །ཆུ་འདི་ཐམས་ཅད་གཅོང་རུང་འཇིགས་པའི་ནང་དུ་མདུན་དུ་འབེབ་པ་འདྲ། །རྒྱ་མཚོ་འདི་འདྲ་ཅི་ལགས་ཁྱོད་ཀྱང་འདི་ལ་ཇི་ལྟར་བགྱི་བར་དགོངས། དེ་ནས་བདག་ཉིད་ཆེན་པོ་དེ་རྟབ་རྟབ་པོར་གྱུར་ཏེ། ཨེ་མའོ་མཚར་བྱས་མཚར་བྱས་ཤེས་སྨྲས་ཏེ། རྒྱ་མཚོ་ལ་བལྟས་ནས་སྨྲས་པ། །གང་དུ་ཕྱིན་ན་སླར་མི་ལྡོག །འཆི་བདག་ཁར་ནི་སྔོན་སོང་བཞིན། །བདག་ཅག་མ་རུང་གྱུར་གྱིས་མེད། །རྒྱ་མཚོའི་ཀློང་དེ་འདི་ཡིན་ནོ། །ཚོང་པ་དེ་རྣམས་ཀྱི་དེ་སྐད་ཐོས་པ་དང་། བདག་ཅག་ནི་རྒྱ་མཚོའི་ཀློང་གི་ཁར་སོང་ངོ་སྙམ་ནས། གསོན་དུ་རེ་བ་མེད་ཅིང་། ཤི་བས་འཇིགས་པས་སེམས་བློང་བློང་པོར་གྱུར་ཏེ། ཁ་ཅིག་སྐད་ཕྱུང་ངུས་པར་གྱུར། །ཁ་ཅིག་སྨྲེ་སྔགས་འདོན་ཅིང་འབོད། ཁ་ཅིག་ཅི་ཡང་བྱེད་མ་ནུས། །ཁ་ཅིག་སྐྲག་ནས་སེམས་ཀྱང་སྟོར། །ཕོངས་པར་གྱུར་པའི་ཡིད་ཀྱིས་རབ་བསྐུལ་ནས། །ཁ་ཅིག་ལྷ་དབང་གུས་པར་ཕྱག་ཀྱང་འཚལ། །ཁ་ཅིག་ཉི་མ་དྲག་པོ་ཐད་ཀར་དང་། །ནོར་ལྷ་རྒྱ་མཚོ་ཉིད་ལ་སྐྱབས་སུ་དོང་། །ལ་ལ་དག་ནི་གསང་སྔགས་བཟླས་བརྗོད་བྱེད། །གཞན་དག་ལྷ་མོ་ཉིད་ལ་ཕྱག་འཚལ་གྱུར། །ལེགས་པར་ཕ་རོལ་ཕྱིན་ལ་ཁ་ཅིག་གིས། །དྲུང་དུ་འོངས་ནས་བསྐོར་ཏེ་སྨྲེ་སྔགས་འདོན། ཕོངས་པར་གྱུར་ལ་འཇིགས་པ་མེད་བྱེད་པ། །གཞན་ལ་ཕན་འདོགས་ཡོན་ཏན་བསགས་པ་ཡི། །ཁྱོད་ཀྱི་མཐུ་ཆེན་ཁྱད་པར་ཅན་དེ་ནི། །ད་ནི་སྦྱར་པའི་དུས་ལ་བབ་ཅིང་མཆིས། །བདག་ཅག་མགོན་མེད་ཕེབས་ནས་སྐྱབས་སུ་མཆི། །དེ་བས་བརྟན་པོར་སྐྱབ་པ་ཐུགས་ལ་དགོངས། །རྒྱ་མཚོ་འདི་ནི་ཁྲོས་བཞིན་བདག་ཅག་རྣམས། །རྒྱ་མཚོའི་ཀློང་གིས་གཅིག་ཅར་རིལ་མིད་བགྱིད། །སྐྱེ་བོ་ཆབ་ཀྱི་ནང་དུ་འགུམ་པ་འདི། །ཁྱོད་ཀྱིས་ཡལ་བར་འདོར་བར་མི་རིགས་སོ། །རྒྱ་མཚོ་འདི་ཡང་ཁྱོད་ཀྱི་བཀའ་མི་གཅོག །དེ་བས་འཁྲུགས་པར་གྱུར་པ་འདི་ལས་ཟློག །དེ་ནས་བདག་ཉིད་ཆེན་པོ་དེ་སྙིང་རྗེ་ཆེན་པོས་སེམས་གདུངས་ནས། ཚོང་པ་དེ་དག་སྤྲོ་བསྲིང་བའི་ཕྱིར་སྨྲས་པ། འདི་ལའང་བདག་ལ་བཅོས་སུ་རུང་བའི་ཐབས་འགལ་ཞིག་ཡོད་པར་མཐོང་སྟེ། དེ་རེ་ཤིག་ཇི་སྦྱར་བར་བྱས་དེའི་ཕྱིར་ཁྱེད་ཅག་རེ་ཤིག་སྤྲོ་བསྲིངས་ཤིག་ཅེས་སྨྲས་པ་དང་། དེ་ནས་ཚོང་པ་དེ་དག་འདི་ལའང་བཅོས་སུ་རུང་བའི་ཐབས་ཡོད་ཅེས་ཟེར་རོ་སྙམ་ནས། རེ་ཐགས་མ་ཆད་དེ་བརྟན་པ་རྟས་པར་གྱུར་ནས། དེ་ལ་ཡིད་རྟོན་ཅིང་ཁ་རོག་སྟེ་འཁོད་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་ལེགས་པར་ཕ་རོལ་དུ་ཕྱིན་པས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་གྲུ་བོ་ཆེ་ལ་བཙུགས་ནས། ལུས་ཐམས་ཅད་ཀྱིས་བཏུད་ནས། དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ཏེ། ཚོང་པ་དེ་དག་ལ་སྨྲས་པ། ཚོང་པ་ཁྱེད་རྣམས་དང་། རྒྱ་མཚོ་དང་ནམ་མཁའ་ལ་གནས་པའི་ལྷ་ཁྱད་པར་ཅན་རྣམས་བསོན་ཅིག །བདག་ནི་ཤེད་བྱེ་ཚུན་ཆད་དུ། །ནམ་ཡང་ཆེད་དུ་བསམས་ནས་ནི། སྲོག་ཆགས་རྣམས་ནི་གང་དུ་ཡང་། བསད་པར་བདག་ནི་ཡོང་མི་དྲན། །བདེན་པའི་ཚིག་ནི་འདི་དག་དང་། བདག་གི་བསོད་ནམས་མཐུ་དག་གིས། །རྒྱ་མཚོའི་ཀློང་དུ་མ་སོང་བར། །གྲུ་འདི་བདེ་བར་སླར་ལོག་ཅིག །དེ་ནས་བདག་ཉིད་ཆེན་པོ་དེའི་བདེན་པའི་བྱིན་གྱི་རླབས་ཀྱི་མཐུ་དང་། བསོད་ནམས་ཀྱི་མཐུས། རླུང་དེ་ཆུའམ་ཤུགས་དང་བཅས་པར་སླར་ལོག་པ་དང་། གྲུ་དེ་ཡང་སླར་ལོག་པར་གྱུར་ཏོ། །གྲུ་དེ་དེ་ལྟར་སླར་ལོག་པ་མཐོང་ནས། ཚོང་པ་དེ་དག་རབ་ཏུ་ཡ་མཚན་ཆེ་ཞིང་ཡིད་རབ་ཏུ་དགའ་བར་གྱུར་ནས། །ལེགས་པར་ཕ་རོལ་དུ་ཕྱིན་པ་ལ་ཕྱག་འཚལ་ཞིང་ཞེ་ས་བསྐྱེད་དེ། གྲུ་སླར་ལོག་གོ་སླར་ལོག་གོ་ཞེས་སྨྲས་སོ། །དེ་ནས་བདག་ཉིད་ཆེན་པོ་དེས་ཚོང་པ་དེ་དག་ལ་སྨྲས་པ། བ་དན་མྱུར་དུ་ཚུགས་ཤིག་ཅེས་དེས་བསྒོ་བ་དང་། དེའི་ལས་སུ་བསྐོས་པ་དེ་དག་རབ་ཏུ་དགའ་ཞིང་སྟོབས་དང་སྤྲོ་བ་བསྐྱེད་ཏེ། བསྒོ་བ་བཞིན་དུ་བྱས་སོ། །དེ་ནས་སྐྱེ་བོ་དགའ་བའི་སྒྲ་འབྱིན་པ། །བ་དན་དཀར་པོ་ཕྱར་བའི་འདབ་མ་མཛེས། །རྒྱ་མཚོའི་ནང་ན་འདུག་པའི་གྲུ་མཛེས་པ། །སྤྲིན་མེད་མཁའ་ལ་ངང་མོ་མཛེས་པ་བཞིན། །གྲུ་དེ་དེ་ལྟར་སླར་ལོག་སྟེ། ཆུ་དང་རླུང་མཐུན་པར་འབབ་ཅིང་ལངས་པས་གཞལ་མེད་ཁང་མཛེས་པའི་ཚུལ་དུ་རང་དགར་ནི་འགྲོ །ནམ་སྲོས་སུ་ཉེ་བའི་མཚམས་ཀྱི་དུས་ནི་ཁད་ཀྱི་སྔོ་ཞིང་། ཕྱོགས་རྣམས་མུན་ནག་གི་བླ་རེས་ཁེབས་ཤིང་སྐར་མའི་རྒྱན་གྱིས་ནི་རྒྱན་པར་སྣང་། ཉི་མ་ནུབ་པའི་ལམ་གྱི་འོད་ནི་ཅུང་ཟད་སྣང་། ནམ་སྲོས་པའི་དུས་ལ་ནི་བབ་པ་དང་། ལེགས་པར་ཕ་རོལ་དུ་ཕྱིན་པས་ཚོང་པ་དེ་དག་ལ་སྨྲས་པ། ཀྱེ་དེད་དཔོན་དག་འདམ་བུའི་འཕྲེང་བ་ཚུན་ཆད་ཀྱི་རྒྱ་མཚོ་ལ་བྱེ་མ་དང་རྡོ་བ་ཅི་མཐོང་བ་རྣམས་ལོང་ལ་གྲུས་ཅི་ཐེག་པ་གྲུའི་ནང་དུ་རྫོངས་ཤིག །དེ་ལྟར་བྱས་ན་གྲུ་འདི་ལྕིད་ཀྱིས་ནོན་པས་ལྡོག་པར་ཡང་མི་འགྱུར་རོ། །བྱེ་མ་དང་རྡོ་བ་འདི་དག་ཀྱང་བཀྲ་ཤིས་པར་བཀུར་བ་ཤ་སྟག་ཡིན་པས། །ཁྱེད་གདོན་མི་ཟ་བར་རྙེད་པ་གྲུབ་པར་འགྱུར་རོ། །ལེགས་པར་ཕ་རོལ་དུ་ཕྱིན་པ་ལ་ཡིད་དགའ་ཞིང་གུས་པར་གྱུར་པའི་ལྷ་རྣམས་ཀྱིས་བསྟན་པའི་གླིང་རྣམས་ལས་དེ་དག་གིས་བྱེ་མ་དང་རྡོ་བ་ཡིན་སྙམ་པའི་བློས། བཻ་ཌཱུརྻ་ལ་སོགས་པ་རིན་པོ་ཆེ་རྣམས་བླངས་ནས། གྲུ་བོ་ཆེའི་ནང་དུ་བརྫངས་སོ། །དེ་ཉིད་ཀྱི་མཚན་མོ་ལ་གྲུ་དེ་ཡུལ་བྷཱ་རུ་ཀཙྪར་ཕྱིན་ཏོ། །དེ་ནས་ནང་པར་དངུལ་དང་ཨནྡ་རྙིལ། བཻ་ཌཱུརྻ་དང་གསེར་གྱིས་གྲུ་བཀང་སྟེ། །དེ་དག་བདག་ཡུལ་ཆུ་འགྲམ་ཕྱིན་པར་གྱུར། །རབ་དགའ་བྱམས་པས་དེ་ལ་མཆོད་པ་བྱས། དེ་བས་ན་དེ་ལྟར་ཆོས་ལ་གནས་ན། བདེན་པའི་ཚིག་ཙམ་གྱིས་ཀྱང་མ་རུང་བར་འགྱུར་པ་ལས་ཐར་བར་འགྱུར་ན། དེའི་འབྲས་བུ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་ཆོས་ཀྱི་རྗེས་སུ་འཇུག་པར་བྱའོ། །དགེ་བའི་བཤེས་གཉེན་ལ་བསྟེན་ན། དེ་ལྟར་བདེ་བ་ཐོབ་པར་འགྱུར་བས་ན། དགེ་བའི་བཤེས་གཉེན་ལ་བསྟེན་པའི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །ལེགས་པར་ཕ་རོལ་དུ་ཕྱིན་པའི་སྐྱེས་པའི་རབས་ཏེ་བཅུ་བཞི་པའོ།། །།


previousལེགས་པར་ཕ་རོལ་དུ་ཕྱིན་པའི་སྐྱེས་པའི་རབས་ཏེ་བཅུ་བཞི་པ།next