Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
ཉའི་སྐྱེས་པའི་རབས་ཏེ་བཅོ་ལྔ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཉའི་སྐྱེས་པའི་རབས་ཏེ་བཅོ་ལྔ་པ།next

ཉའི་སྐྱེས་པའི་རབས་ཏེ་བཅོ་ལྔ་པ།

ཚུལ་ཁྲིམས་དང་ལྡན་པ་རྣམས་ནི། ཚེ་འདི་ཉིད་ལའང་དགེ་བའི་བསམ་པ་གྲུབ་པར་འགྱུར་ན་ཚེ་རབས་གཞན་ལ་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་ཚུལ་ཁྲིམས་རྣམ་པར་དག་པ་ལ་འབད་བར་བྱའོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་རེ་ཤིག་ཅིག་མཚོ་མི་ཆེ་བ་མེ་ཏོག་ཀ་ལྷ་ར་དང་། པདྨ་དམར་པོ་དང་པདྨ་དཀར་པོ་དང་། ཨུཏྤ་ལ་རྣམས་ཀྱིས་ཆུ་བཟང་པོ་བརྒྱན་པ། ངང་པ་དང་། བྱ་ཀ་རན་ད་བ་དང་། ངུར་བ་ཤུག་ཏུ་འགྲོགས་པ་རྣམས་ཀྱིས་མཛེས་པར་བྱས་པ། ཆུ་འགྲམ་ན་ཤིང་ལྗོན་པ་དང་། མེ་ཏོག་མང་པོ་ཡོད་པ་ཞིག་ན། ཉའི་རྒྱལ་པོ་ཞིག་ཏུ་གྱུར་ཏོ་ཞེས་གྲག་གོ །ཚེ་རབས་མང་པོར་གཞན་གྱི་དོན་སྦྱང་པ་ལ་གོམས་པར་བྱས་པས། དེ་ན་གནས་པའི་ཚེའང་། གཞན་ལ་ཕན་པ་དང་། བདེ་བ་བྱེད་པ་འབའ་ཞིག་ཏུ་གྱུར་ཏོ། །དགེ་དང་མི་དགེའི་ལས་རྣམས་གོམས་བྱས་ན། །མི་རྣམས་ལ་ནི་འདྲིས་པ་ཉིད་དུ་འགྱུར། །དེ་ལྟ་བུ་དག་ཆེད་དུ་མ་བསྒྲིམས་ཀྱང་། ཚེ་རབས་གཞན་ལ་རྨི་ལམ་བཞིན་དུ་སྦྱོང་། སེམས་དཔའ་ཆེན་པོ་དེ་ཉ་དེ་རྣམས་ལ་བདག་གི་བུ་སྡུག་པ་རྣམས་ལ་བྱམས་པ་བཞིན་དུ། སྦྱིན་པ་དང་། ཚིག་འཇམ་པོ་དང་དོན་སྤྱོད་པ་ལ་སོགས་པའི་རིམ་པས་རབ་ཏུ་ཕན་འདོགས་པར་གྱུར་ཏོ། །ཕན་ཚུན་གནོད་པ་བྱེད་ལས་རབ་ཏུ་ཟློག །གཅིག་ལ་གཅིག་ནི་བྱམས་པ་རབ་ཏུ་བསྐྱེད། ཐབས་ལ་མཁས་ཤིང་རིགས་པས་དེ་དག་ལ། །ཉ་ཡི་ཆོས་ཚུལ་རབ་ཏུ་རྗོད་པར་བྱེད། །དེ་ཡིས་དེ་དག་ལེགས་པར་བསྐྱངས་པས་ན། །ཉ་རིགས་དེ་དག་རབ་ཏུ་དར་བར་གྱུར། །མི་ཡི་བདག་པོ་ཚུལ་བཞིན་སྤྱོད་པ་ཡིས། །འབངས་རྣམས་བསྐྱངས་པས་གནོད་པ་མེད་པ་བཞིན། །དེ་ནས་རེ་ཤིག་ཅིག་སེམས་ཅན་རྣམས་སྐལ་བ་མེད་པར་གྱུར་པ་དང་། ཆར་འབེབས་པའི་ལྷའི་བུ་རྣམས་བག་མེད་པར་གྱུར་པས། ཆར་ལེགས་པར་མ་བབ་པར་གྱུར་ཏོ། །དེ་ལྟར་ཆར་ལེགས་པར་མ་བབ་པ་དང་། མཚོ་དེ་མེ་ཏོག་རྒྱས་པ་དཀར་པོ་དང་ལྡན་པའི་ཆུ་གཙང་མས་སྔོན་བཞིན་དུ་གང་བར་མ་གྱུར་ཏོ། །དེ་ནས་རིམ་གྱིས་དཔྱིད་ཀྱི་དུས་ལ་བབ་པ་དང་། ངལ་ཞིང་ལེ་ལོའི་དབང་གིས་བུལ་བར་གྱུར་པ་འདྲ་བའི་ཉི་མའི་འོད་ཟེར་རྣོ་ཞིང་ཚ་བས་ས་གཞི་མངོན་པར་གདུངས་ཤིང་འབར་བར་གྱུར་བའི་རྗེས་སུ་འབྲང་བའི་རླུང་སྐོམ་པའི་དབང་གིས་བསིལ་བར་འདོད་པས་ཉིན་རེ་ཞིང་འཐུངས་བ་བཞིན་དུ་མཚོ་དེ་ལྟེང་ཀ་བཞིན་དུ་གྱུར་ཏོ། །དཔྱིད་ཀྱི་དུས་ཀྱི་ཉི་མ་འབར་བ་དང་། འབར་བའི་རྗེས་འབྲང་རླུང་ནི་དྲག་པོ་དང་། རིམས་ནད་གདུངས་འདྲའི་ས་གཞི་ཚ་བ་ཡིས། །ཁྲོས་པ་བཞིན་དུ་ཆུ་ནི་སྐམས་པར་བྱས། །དེ་ནས་བྱང་ཆུབ་སེམས་དཔས་ཉ་མང་པོ་རྣམས་ལ་ཁ་རྣམས་ཀྱིས་ཀྱང་གླགས་ལྟ་བར་གྱུར་ན། ཆུ་འགྲམ་ན་རྒྱུ་བའི་བྱ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྤ་གོང་ཞིང་མི་དགའ་བའི་དབང་དུ་ནི་གྱུར། ཅུང་ཟད་འགུལ་ནུས་པ་ཙམ་ལ་བལྟས་ནས། སྙིང་རྗེ་བཞིན་དུ་བསམས་པ། ཀྱི་ཧུད་ཀྱེ་ཉ་འདི་རྣམས་ནི་མ་རུང་བར་གྱུར་གྱིས་མེད་དོ་སྙམ་ནས། ཆུ་ཡང་ཉིན་རེ་བྲི་བར་གྱུར། །ཚེ་ཟད་པ་དང་འགྲན་པ་བཞིན། ཆར་སྤྲིན་འདུ་བར་འགྱུར་བ་ཡང་། །ཅུང་ཟད་རབ་ཏུ་དཀའ་བ་འདྲ། །བྲོས་ཏེ་འདོང་བའི་ལམ་ཡང་མེད། །གཞན་དུ་ཁྱེར་བའང་སུ་ཡང་མེད། །བདག་ཅག་བརླག་པར་དགའ་བ་ཡི། །ངེད་ཀྱི་དགྲ་ཡང་དེའུ་རེ་འོང་། ཆུ་ཡི་ལྷག་མ་འདི་བསྐམས་ན །གདོན་མི་ཟ་བར་གཡོ་བཞིན་ཡང་། བདག་གིས་མངོན་སུམ་མཐོང་བཞིན་དུ། དགྲ་རྣམས་ཀྱིས་ནི་ཟོས་ཡང་དག །དེ་ལ་འདིར་ཇི་ལྟར་བྱས་ན་རུང་སྙམ་དུ་བདག་ཉིད་ཆེན་པོ་དེས་རྣམ་པར་བརྟགས་ན། བདེན་པའི་བྱིན་གྱི་བརླབས་འབའ་ཞིག་གིས་ཕོངས་པ་ལས་ཕན་ཐོགས་པར་མཐོང་ངོ་། །སྙིང་རྗེས་ཀྱང་སེམས་གདུངས་པས་ཤུགས་ནར་ཞེས་ཕྱུང་སྟེ། གནམ་དུ་བལྟས་ནས་སྨྲས་པ། རབ་ཏུ་ཕོངས་པར་གྱུར་ཀྱང་བདག་གིས་ནི། བསམས་བཞིན་སྲོག་ཆགས་བསད་པར་མི་དྲན་ཏེ། བདེན་པ་འདིས་ནི་ལྷ་ཡི་རྒྱལ་པོ་རྣམས། ཆར་པ་འབེབས་ཤིང་མཚོ་ནི་གང་བར་གྱུར། །དེ་ནས་བདག་ཉིད་ཆེན་པོ་དེའི་བསོད་ནམས་བསགས་པའི་ཡོན་ཏན་དང་། བདེན་པའི་བྱིན་གྱི་བརླབས་ཀྱི་མཐུ་དང་། ང་ལ་དགའ་བར་གྱུར་པའི་ལྷ་དང་ཀླུ་དང་གནོད་སྦྱིན་རྣམས་ཀྱི་མཐུས། དུས་མ་ཡིན་པའི་སྤྲིན་ཆུས་གང་བའི་གཟུགས་ཅན་རྣམས་སྒྲ་སྙན་པ་ཟབ་མོ་ནི་སྒྲོགས། གློག་འགྱུ་བས་ནི་བརྒྱན་སྤྲིན་མགོ་སྔོན་པོ་རྒྱ་ཆེན་པོ་རབ་ཏུ་འཕྲོ་བ་ནི་ཁ་གླལ་བ་བཞིན། སྤྲིན་གྱི་རྩེ་མོ་ཕན་ཚུན་དུ་འདུས་པ་ནི་ལག་པས་འཁྱུད་པ་འདྲ་བར་སྤྲིན་ནག་པོ་རྣམས་བྱུང་བར་གྱུར་ཏོ། །ནག་པོའི་སྤྲིན་རྣམས་རི་བོའི་གྲིབ་མ་བཞིན། །ཕྱོགས་ཀྱི་ཐག་གྲུའི་ཚད་ནི་འཇལ་བ་འདྲ། །སྤྲིན་མགོ་ནག་པོས་མུན་ནག་སྦལ་བ་བཞིན། །མེ་ལོང་ནང་བཞིན་ནམ་མཁའི་དཀྱིལ་ན་མཛེས། རྨ་བྱ་རབ་དགའ་ཟེ་བ་འབྲེལ་བ་རྣམས། །གླུ་གར་མཛེས་པས་རབ་ཏུ་བསྟོད་པ་བཞིན། སྤྲིན་ཚོགས་དེ་དག་དཔའ་བོ་དགོང་པ་བཞིན། །རྒྱུན་ཆགས་ཟབ་མོའི་སྒྲ་འབྱིན་རྣམ་པར་མཛེས། །དེ་ཡིས་ཆར་ཕབ་མུ་ཏིག་གཏོར་བ་བཞིན། །ཆུ་རྒྱུན་བབ་པས་རྡུལ་རྣམས་རབ་ཏུ་ཞི། །ཆར་སྤྲིན་ལངས་པའི་རླུང་གིས་རབ་བསྐྱོད་པས། །ས་གཞི་དྲི་ཞིམ་ངད་ཀྱིས་ཁྱབ་པར་གྱུར། །དཔྱིད་ཀྱི་དུས་ལ་བབ་པས་རྣམ་སྤེལ་ཀྱང་། །ཉི་མའི་འོད་ཟེར་སྣང་བ་མེད་པར་གྱུར། །དབུ་བའི་འཕྲེང་བའི་ཁྲིགས་པས་བསྐོར་བ་ཡི། །ཆུ་རྣམས་གཤོང་བུ་དམའ་བར་འབབ་བར་གྱུར། །འབྲུག་གི་རྔ་སྒྲག་རབ་ཏུ་དགར་གྱུར་ནས། །གློག་ཕྲན་འགྱུ་བ་བྲོ་གར་བྱེད་པ་བཞིན། །ཡང་དང་ཡང་དུ་གསེར་འོད་གསལ་བ་ཡི། འོད་ཟེར་འཕྲོ་བས་ཕྱོགས་རྣམས་ཁྱབ་པར་གྱུར། །དེ་ནས་ཆར་པའི་རྒྱུན་མདོག་སྐྱ་བོ་ཀུན་དུ་ཁྱབ་པར་བབ་པས་མཚོ་གང་བར་གྱུར་ཏེ། ཆར་གྱི་རྒྱུན་བབ་མ་ཐག་ཏུ། བྱ་ཁཱ་ལ་སོགས་པ་བྱ་མང་པོ་རྣམས་ནི་བྱེར། ཉ་མང་པོ་རྣམས་ནི་གསོན་དུ་རེ་བའི་བསམ་པ་གྲུབ་ཅིང་རབ་ཏུ་དགའ་བར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སྙིང་རབ་ཏུ་དགའ་བར་གྱུར་ཀྱང་ཆར་ཆད་དུ་དོགས་ནས། ཡང་ཆར་སྤྲིན་ལ་སྨྲས་པ། ཆར་སྤྲིན་འབྲུག་སྒྲ་ཟབ་ཅིང་བརྟན་པ་སྒྲོགས། ཁྭ་རྣམས་རབ་ཏུ་དགའ་བ་མེད་པར་མཛོད། གློག་རྒྱུན་འབར་བ་འགྱུར་བའི་འོད་ཟེར་ཅན། །ཆར་པའི་རྒྱུན་རྣམས་རིན་ཆེན་འདྲ་བ་ཕོབ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚིག་དེ་ཐོས་ནས་ཡིད་ཡ་མཚན་རབ་ཏུ་ཆེ་བར་གྱུར་ཏེ། དེའི་དྲུང་དུ་མངོན་སུམ་དུ་འོངས་ནས་མགུ་བར་བྱས་ཏེ་སྨྲས་པ། ཆར་སྤྲིན་འབྲུག་སྒྲ་སྙན་པ་རབ་སྒྲོགས་ཤིང་། །བུམ་པ་བཏུད་པ་བཞིན་དུ་གང་འབབ་པ། །འདི་ནི་ཉ་དབང་མཐུ་ཆེན་ཁྱོད་ཉིད་ཀྱི། །བདེན་པ་ཁྱད་པར་ཅན་གྱི་མཐུ་ཡིན་ཏེ། །འཇིག་རྟེན་དོན་ལ་བརྩོན་པར་གྱུར་པའི་ཡིད། །སྐྱེས་བུ་ཁྱེད་ལྟ་བུ་ཡི་སྤྱོད་པ་ལ། །ངན་གྲོགས་བྱ་བ་བདག་གིས་མ་བྱས་པ། །བདག་གིས་བག་མེད་འཁྲུལ་པ་མཚར་ཅིག་བྱས། །སྐྱེས་བུ་དམ་པའི་སྲོག་ནི་བདག་བགྱིད་ཀྱི། །དེ་རིང་སླན་ཆད་དེ་ལྟར་ཁྱོད་མ་དགོངས། །ཡུལ་ཕྱོགས་འདིར་ཡང་ཁྱོད་ཀྱི་ཡོན་ཏན་གཞེས། །སླན་ཆད་འདི་ལྟར་ཕོངས་པར་ཡོང་མི་འགྱུར། དེ་ལྟར་ཚིག་སྙན་པས་མགུ་བར་བྱས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །མཚོ་དེ་ཡང་ཆུས་གང་ཞིང་རབ་ཏུ་འབྱོར་པར་གྱུར་ཏོ། །དེ་ལྟར་ན་ཚུལ་ཁྲིམས་དང་ལྡན་པ་རྣམས་ནི་ཚེ་འདི་ཉིད་ལའང་དགེ་བའི་བསམ་པ་འགྲུབ་པར་འགྱུར་ན། ཚེ་རབས་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན་ཚུལ་ཁྲིམས་རྣམ་པར་དག་པ་ལ་འབད་པར་བྱའོ། །ཉའི་སྐྱེས་པའི་རབས་ཏེ་བཅོ་ལྔ་པའོ།། །།


previousཉའི་སྐྱེས་པའི་རབས་ཏེ་བཅོ་ལྔ་པ།next