Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
བུམ་པའི་སྐྱེས་པའི་རབས་ཏེ་བཅུ་བདུན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབུམ་པའི་སྐྱེས་པའི་རབས་ཏེ་བཅུ་བདུན་པ།next

བུམ་པའི་སྐྱེས་པའི་རབས་ཏེ་བཅུ་བདུན་པ།

ཆང་འཐུང་བ་ནི་ཉེས་པ་དུ་མ་འབྱུང་ཞིང་ཤིན་དུ་མ་རུང་པར་འགྱུར་བའི་ཕྱིར་དགེ་བ་རྣམས་ནི་གཞན་དག་ཀྱང་འདི་ལས་ཟློག་པར་བྱེད་ན། བདག་ཉིད་ལྟ་སྨོས་ཀྱང་ཅི་དགོས། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ཡོངས་སུ་བསྒོམས་པའི་བློ་ཅན་གཞན་ལ་ཕན་ཅིང་བདེ་བར་བྱེད་པ་ལ་དགའ་བ། སྦྱིན་པ་དང་དུལ་བ་དང་ཞི་བ་ལ་སོགས་པས་བསོད་ནམས་སྤེལ་བ་ཉམས་སུ་ལེན་པ་དེ་རེ་ཤིག་ཅིག་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དུ་གྱུར་ཏེ་ཞེས་གྲག་གོ །དེ་ལྷའི་ལོངས་སྤྱོད་ཀྱི་བདེ་བ་རྣམས་ཕུན་སུམ་ཚོགས་ཀྱང་སྙིང་རྗེའི་དབང་དུ་གྱུར་པས་འཇིག་རྟེན་གྱི་དོན་བྱ་བ་ལ་བརྩོན་པ་ལྷོད་པར་མ་གྱུར་ཏོ། །འཇིག་རྟེན་ཡོངས་ཀྱི་ཕལ་ཆེར་དཔལ་ལྡན་ན། །ཆང་གིས་མྱོས་བཞིན་བདག་གི་དོན་ཀྱང་འདོར། །བག་ཡོད་རྣམས་ནི་གཞན་གྱི་དོན་ལ་ཡང་། །ལྷ་དབང་དཔལ་དང་ལྡན་ཡང་དེས་མི་མྱོས། །སྡུག་བསྔལ་མང་པོས་གདུངས་བའི་སེམས་ཅན་ལ། །གཉེན་བཤེས་སྡུག་པ་རྣམས་ལ་བྱམས་པ་བཞིན། །བརྟན་ཞིང་དཔལ་གྱི་རང་བཞིན་ཤེས་པས་ན། །དེ་ནི་གཞན་གྱི་དོན་སྤྱོད་ཡོང་མི་བརྗེད། །དེ་ནས་རེ་ཤིག་ཅིག་བདག་ཉིད་ཆེན་པོ་དེ་མིའི་འཇིག་རྟེན་དུ་ཉུལ་བའི་ཚེ། །སྙིང་བརྩེ་བ་དང་བྱམས་ཤིང་མཐུ་ཆེ་བའི་མིག་གིས་མཐོང་བ་ནི། །ཐམས་ཅད་ཀྱི་མཛའ་བོ་ཞེས་བྱ་བའི་རྒྱལ་པོ་ཞིག་མི་དགེ་བའི་བཤེས་གཉེན་ལ་བརྟེན་པའི་སྐྱོན་གྱིས། བློན་པོ་དང་འབངས་སུ་བཅས་པ་ཆང་འཐུང་བ་ལ་དགའ་བར་གྱུར་ཏེ། དེ་ལ་སྐྱོན་དུའང་མི་ལྟ་བར་གྱུར་པ་ལ་ཆང་འཐུང་བ་ལའང་སྐྱོན་ཆེ་བར་མཐོང་ནས། བདག་ཉིད་ཆེན་པོ་དེ་སྙིང་རྗེ་ཆེན་པོས་སྙིང་མི་དགའ་བར་གྱུར་ཏེ་བསམས་པ། ཀྱེ་མའོ་འཇིག་རྟེན་འདི་དག་ནི་རབ་ཏུ་མ་རུངས་པར་གྱུར་ཞིང་འཁོད་དོ་སྙམ་ནས། འཐུངས་ན་ཐོག་མར་རབ་ཏུ་ཞིམ། སྐྱོན་དུ་ལྟ་བ་རྨོངས་པར་འགྱུར། །ལེགས་བར་འགྱུར་བ་མེད་པར་བྱས། །ལོག་པའི་ལམ་ནི་བཟང་པོ་བཞིན། །དེ་ལ་འདི་ཇི་ལྟར་བྱས་ན་རུང་སྙམ་པ་དང་། །མཐོང་བ་དོན་ཡོད་དོ་སྙམ་ནས། །གཙོ་བོར་གྱུར་པ་རྣམ་པར་གང་སྤྱོད་པ། །སྐྱེ་བོ་རྣམས་ཀྱང་དེ་ཡི་རྗེས་སུ་འཇུག །དེ་བས་འདིར་ནི་རྒྱལ་པོ་ཉིད་བཅོམ་ན། །འཇིག་རྟེན་དག་ན་དགེ་སྡིག་དེ་ལས་འབྱུང་། །དེ་ལྟར་རྣམ་པར་ངེས་པར་བྱས་ནས་སེམས་དཔའ་ཆེན་པོ་དེ་གསེར་བཙོ་མའི་མདོག་ལྟར་ཡིད་དུ་འོང་བ། སྐྲའི་ཐོར་ཚུགས་ཅུང་ཟད་རྩུབ་ལ་འཁྱིལ་བ་ཅན་ཤིང་གི་ཤུན་ལྤགས་དང་། རི་དྭགས་ཨ་ཛི་ནའི་པགས་གྱོན་པ། ཚངས་པའི་ལུས་གཟི་བརྗིད་དང་ལྡན་པ་ཞིག་ཏུ་མངོན་པར་སྤྲུལ་ནས་ཆང་གིས་གང་བའི་བུམ་པ་ཧ་ཅང་ཡང་མི་ཆེ་བ་ཞིག་ནི་ལག་པ་གཡོན་པ་ན་ཐོགས་ཏེ་འོངས་བ་དང་། དེ་ནས་ཐམས་ཅད་མཛའ་བོའི་རྒྱལ་པོའི་འཁོར་གྱི་ནང་དུ་འདུས་ཏེ། ཆང་དང་སྦྲང་ཆང་དང་། བུ་རམ་ཤིང་གི་ཆང་དང་། ཆང་བཅོས་མ་དང་། རྒུན་ཆང་གི་གཏམ་གྱི་སྐབས་གླེང་བསླང་བའི་ཚེ་མདུན་གྱི་ནམ་མཁའ་ལ་བྱུང་སྟེ་འདུག་པར་གྱུར་ཏོ། །དེ་ནས་སྐྱེ་བོ་དེ་དག་ངོ་མཚར་ཆེ་ཞིང་རབ་ཏུ་གུས་པར་ལངས་ཏེ་ཐལ་མོ་སྦྱར་ཏེ་རིམ་གྲོ་བསྐྱེད་པ་དང་། ཆར་སྤྲིན་འབྲུག་སྒྲ་ཟབ་མོའི་སྒྲ་འབྱིན་པ་བཞིན་དུ། གསང་བསྟོད་དེ་སྨྲས་པ། །མེ་ཏོག་ཕྲེང་བ་མགུལ་ན་བཀོད། །མགྲིན་པ་མན་ཆད་རབ་ཏུ་གང་། བུམ་པའི་རྒྱན་གྱིས་བརྒྱན་པ་ཡི། །བུམ་པ་འདི་ནི་སུ་ཉོ་འདོད། མེ་ཏོག་ཕྲེང་བས་གདུ་བུ་བཏགས་པ་བཞིན། །བུམ་པའི་ཁ་རྒྱན་ལྡུམ་བུས་བརྒྱན་པ་དག །རླུང་གིས་བསྐྱོད་པས་རབ་ཏུ་གཡོ་བ་ཡི། །བུམ་པ་འདི་ནི་རིན་གྱི་སུ་ཉོ་འདོད། །དེ་ནས་དེ་ལ་རྒྱལ་པོ་དེ་ཡང་ཡ་མཚན་དང་ངོ་མཚར་ཆེར་གྱུར་ཏེ། རབ་ཏུ་གུས་པར་ལྟ་ཞིང་ཐལ་མོ་སྦྱར་ཏེ་སྨྲས་པ། གཟི་ཆེན་ཉི་མ་འཆར་འདྲ་མཛེས་པ་ཟླ་བ་བཞིན། །ཁྱོད་ཀྱི་སྐུ་མཛེས་ཐུབ་པ་འགའ་ཞིག་ལགས་པར་གདའ། །དེ་བས་འཇིག་རྟེན་ཀུན་གྱིས་འཚལ་བར་གསུང་བའི་རིགས། །ཁྱོད་ཀྱི་ཡོན་ཏན་མཚར་ཞིག་མཆིས་པར་བདག་ཅག་རེ། །བརྒྱ་བྱིན་གྱིས་སྨྲས་པ། ང་ནི་སུ་ཡིན་ཕྱིས་ཀྱང་ཤེས་འགྱུར་གྱི། །ཁྱེད་ཅག་འཇིག་རྟེན་གཞན་ལ་མི་འཇིགས་ཤིང་། །ཚེ་འདི་ལའང་བརླག་པས་མི་འཇིགས་ན། །བུམ་པ་འདི་ནི་ང་ལས་ཉོ་བར་གྱིས། །རྒྱལ་པོས་སྨྲས་པ། །ཨེ་མའོ་ཁྱོད་ཀྱི་ཚོང་ཟོང་བཙོང་བ་འདི་ནི་སྔོན་མ་བྱུང་བ་ཞིག་གོ །འཇིག་རྟེན་ན་ནི་ཚོང་ཟོང་རྣམས། །གང་ལ་ངན་ཡང་ཡོན་ཏན་བརྗོད། །ཉེས་པའི་སྐྱོན་ནི་བཅབ་པ་ཡིན། །ཚོང་ཟོང་བཙོང་བ་དེ་ལྟར་གྲགས། །བརྫུན་དུ་སྨྲ་བས་འཇིགས་པ་རྣམས། །ཁྱོད་ལྟ་བུ་ཡི་ཚུལ་འཛིན་ཏེ། དགེ་བ་རྣམས་ནི་བདེན་པ་དག །ཕོངས་པར་གྱུར་ཀྱང་མི་གཏོང་ན། བུམ་པ་འདི་ནི་ཅི་ཡིས་གང་། །ཁེ་སྤོགས་ཆེན་པོ་ཅི་ཡོད་ན། །ཁྱོད་ལྟ་བུ་ཡང་ངེད་ལ་འཚོང་། །བདག་ཉིད་ཆེན་པོ་དེ་སྨྲོས་ཤིག །བརྒྱ་བྱིན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་གསོན་ཅིག །འདི་ནི་ཆུ་དང་ཞོ་དང་དར་བའམ་མུ་སྟེགས་ཆུ་ཡིས་གང་བ་མིན། །གེ་སར་དྲི་ཞིམ་ཁུ་བའི་ཆང་དང་མར་གྱིས་གང་བའང་མ་ཡིན་ལ། །ཀུ་མུ་ད་དང་སྤྲིན་མེད་ཟླ་འོད་འདྲ་བའི་འོ་མས་གང་བའང་མིན། སྡིག་པའི་རང་བཞིན་ཅན་གྱིས་གང་བའི་བུམ་པ་འདི་ཡི་ཡོན་ཏན་ཉོན། །གང་ཞིག་འཐུངས་ན་ར་རོ་སློང་ནས་གོམ་པའང་དབང་མེད་འདོར་ཞིང་འགྲོ །ཡུལ་ཕྱོགས་མ་འདྲིས་པར་ཡང་འཁྱམ་ཞིང་རྡེག་འཆོས་དྲན་པ་ཉམས་པར་འགྱུར། བཟའ་དང་མི་བཟའ་དཔྱད་པ་མེད་པར་དེ་དང་དེ་དག་ཟར་འགྱུར་བ། །དེ་དང་དེ་ཡིས་གང་བའི་བུམ་པ་ཐ་ཤལ་འདི་ཉོས་ཤིག །གང་གིས་བདག་གི་སེམས་ལ་དབང་མེད་བློ་ཉམས་རྣམ་པར་འཁྱམ། །ཕྱུགས་དང་འདྲ་བར་བླུན་ཞིང་དགྲ་བོས་འཕྱས་ཀྱང་བྱས་པར་འགྱུར། །གང་གིས་འདུན་སར་གར་བྱེད་འགྱུར་ཞིང་རང་གི་ཁ་རྔ་བརྡུང་། །དགེ་བ་མེད་པ་བུམ་པའི་ཆང་འདི་ཁྱོད་ཀྱིས་ཉོ་བའི་རིགས། །འཐུངས་ན་གང་གིས་བདག་གི་ངོ་ཚ་འོས་པ་འདོར། །གོས་དང་བྲལ་ཞིང་གཅེར་བུར་བྱུང་ཡང་མི་དགའ་མེད། །གྲོང་ཁྱེར་སྐྱེ་བོ་མང་པོའི་ལམ་དུ་ཡིད་རྟོན་འགྲོ །བུམ་པ་འདིར་ནི་བཙོང་བར་འོས་པ་དེ་བླུགས་སོ། །གང་འཐུངས་ན་ནི་སྐྱུགས་པའི་ཟས་ཀྱི་གོས་འགྱུར་ཞིང་། །ཁྱི་ཡིས་ཁ་ཡང་དོགས་པ་མེད་པར་ལྡག་པར་འགྱུར། དྲན་པ་མེད་པར་ལམ་པོ་ཆེ་ནའང་ཉལ་འགྱུར་བ། །བཙོང་ན་བྲིམ་པ་དེ་ནི་བུམ་པ་འདིར་བླུགས་སོ། །གང་ཞིག་འཐུངས་ན་མྱོས་ཏེ་དབང་མེད་པར། ཕ་མ་དག་ཀྱང་ཤིང་ལ་འཆིང་བར་བྱེད། ནོར་གྱི་བདག་པོ་དག་ཀྱང་ཁྱད་དུ་གསོད། །ཕན་རླག་དེ་ནི་བུམ་པ་འདིར་བླུགས་སོ། །གང་ཞིག་འཐུངས་ན་མྱོས་པས་དྲན་བརླག་སྟེ། །བྲྀཥྞ་ཨན་དྷ་དག་ཀྱང་དམེ་བྱུང་ནས། དབྱིག་ཆེན་ཐོགས་ཏེ་ཕན་ཚུན་ཐལ་མར་ཕྱུང་། མྱོས་འགྱུར་དེ་ནི་བུམ་པ་འདིར་བླུགས་སོ། །གང་ལ་ཆགས་ན་དཔལ་གྱི་གཞིར་འགྱུར་རིགས། །ཇེ་མཐོ་ཇེ་མཐོར་འགྱུར་བའང་བརླག་པར་འགྱུར། །ནོར་གྱི་དབྱིག་ལྡན་རིགས་ཀྱང་ཕུང་འགྱུར་བ། །བཙོང་རྒྱུ་དེ་ནི་བུམ་པ་འདི་ན་འདུག །གློ་བུར་ངུ་ཞིང་འདུག་ལ་དགོད་ཅིང་མ་ངེས་སྨྲ། །གདོན་གྱི་ཟིན་པ་བཞིན་དུ་མིག་ནི་མཆི་མས་གང་། སྨད་ཅིང་བརྙས་པར་འགྱུར་བའི་གནས་སུ་ངེས་འགྱུར་བ། བློ་ཉམས་འགྱུར་བ་འདི་ནི་བུམ་པ་འདི་ན་ཡོད། །རྒས་པར་གྱུར་ཀྱང་གང་གིས་སེམས་ཉམས་ཤིང་། བདག་ལ་ཕན་པའི་ལམ་དུ་མི་འཇུག་ལ། མ་བརྟགས་མང་དུ་སྨྲ་བར་ངེས་འགྱུར་བ། བཙོང་རྒྱུ་དེ་ནི་བུམ་པ་འདི་ན་ཡོད། གང་གིས་ཉེས་པས་སྔོན་གྱི་ལྷ་རྣམས་མྱོས། །ལྷ་ཡི་རྒྱལ་པོའི་དཔལ་ན་ཉམས་བྱས་ནས། །སྐྱབས་འདོད་ཕྱིར་ནི་རྒྱ་མཚོའི་ནང་དུ་གབ། །དེ་ཡིས་གང་དེའི་བུམ་པ་འདི་ཉོས་ཤིག མི་བདེན་པ་ཡང་བདེན་པ་བཞིན་དུ་ངོ་མཐོན་སྨྲ། །མི་བྱ་བ་ཡང་བྱ་བ་བཞིན་དུ་དགའ་བཞིན་བྱེད། །གང་གིས་ལན་གྱི་ཡོད་མེད་ཕྱིན་ཅི་ལོག་ཏུ་ཤེས། །དེ་ནི་སྨོད་པའི་ལུས་བཞིན་བུམ་པ་འདི་ན་འདུག །མྱོས་འགྱུར་རིག་སྔགས་སྡུག་བསྔལ་རྒྱུར་འགྱུར་བ། སྡིག་པའི་མ་མོའི་བྱུར་ངན་མངོན་སུམ་བཞིན། །རྩོད་པའི་ལམ་དང་ཐ་དད་མ་ཡིན་པ། །སྙིང་གི་མུན་པ་མི་བཟོད་དེ་ཉོས་ཤིག །གང་གི་བློ་ནི་རབ་ཏུ་ཉམས་གྱུར་ནས། །ཕ་མ་ཉེས་པ་མེད་པའང་གསོད་འགྱུར་ཞིང་། བདེ་ལ་མ་ཆགས་དཀའ་ཐུབ་ཅན་ཡང་གསོད། །བཙོང་པའི་ཆོ་གས་རྒྱལ་ལ་ཕུལ་བ་བཞེས། །མི་ཡི་བདག་པོས་ཆང་ནི་དེ་འདྲ་ཡང་། །འཇིག་རྟེན་ན་ནི་ལྷ་ཞེས་རབ་ཏུ་གྲགས། །ཡོན་ཏན་ལ་ནི་གང་དག་མི་དགའ་བ། །དེ་དག་ཆང་འདི་ཉོ་ལ་འབད་པར་གྱིས། །གང་ཞིག་བསྟེན་ན་ངན་པ་སྤྱོད་པར་འགྱུར། །རབ་ཏུ་འཇིགས་པའི་སེམས་ཅན་དམྱལ་བར་ལྟུང་། །དུད་འགྲོའི་གནས་དང་ཡི་དྭགས་དབུལ་འགྱུར་བ། །མཐོང་བར་འདོད་པའང་དེ་ནི་སུ་ཞིག་ཡོད། །ཆང་དེ་ཉུང་ངུའང་འཐུང་ཀྱང་རྣམ་པར་སྨིན་པ་ནི། །མི་ཡི་གནས་སུ་སྐྱེས་ཀྱང་ཚུལ་ཁྲིམས་ལྟ་བ་ཉམས། །གང་གིས་ཕྱིས་ཀྱང་མནར་མེད་འབར་བས་བསྲེགས་པར་འགྲོ། ཡི་དྭགས་ཡུལ་དང་དུད་འགྲོ་དམན་པར་གནས་པར་འགྱུར། །ཚུལ་ཁྲིམས་ཉམས་པར་འགྱུར་ཞིང་གཏམ་ངན་མངོན་དུ་འབྱུང་། །ངོ་ཚ་མེད་ཅིང་བློ་གྲོས་དྲི་མ་ཅན་དུ་འགྱུར། །གང་ཞིག་འཐུངས་ན་ཡོན་ཏན་དེ་དང་དེ་དག་ཉམས། །དེ་བས་རྒྱལ་པོ་ཁྱེད་ཀྱིས་ཆང་འཐུང་ག་ལ་རིགས། །དེ་ནས་རྒྱལ་པོ་དེ་སྙིང་ལ་བབ་པའི་ཚིག་རྣམས་ཀྱིས་ཆང་འཐུང་བའི་ཉེས་པ་ཁོང་དུ་ཆུད་པར་བྱས་པ་དང་། ཆང་འཐུང་བ་ལ་ཆགས་ཤིང་ཞེན་པ་མེད་པར་གྱུར་ནས། བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །བྱམས་པའི་ཕ འམ་འདུལ་བས་མཉེས་བྱས་བླ་མ་བཞིན། །ཚུལ་དང་ཚུལ་མིན་མཁས་པའི་ཐུབ་པས་སྨྲས་པ་བཞིན། །ཁྱེད་ཀྱིས་བདག་ལ་ཕན་ཕྱིར་ལེགས་པར་གདམས་པ་དེ། །སྤྱོད་པ་ཉམས་སུ་བླངས་ཏེ་ཚུལ་བཞིན་མཉེས་པར་བགྱིའོ། །ལེགས་པས་སྨྲས་པའི་ལན་དུ་མཆོད་པ། །འདི་བདག་ལས་ཁྱོད་ཀྱིས་བཞེས་པའི་རིགས་སོ། །ཡུལ་གྲུ་བཟང་པོ་ལྔ་ཡང་ཁྱོད་ལ་འབུལ། །བྲན་མོ་བརྒྱ་དང་བ་བཞོན་ལྔ་བརྒྱ་འབུལ། །རྟ་མཆོག་སྦྱར་བའི་ཤིང་རྟ་འདི་བཅུ་བཞེས། །བདག་གི་བླ་མ་ཕན་པ་སྟོན་པར་འགྱུར། །གཞན་ཡང་བདག་གིས་གང་དང་གང་བགྱི་བ་འདིར་སྤྲིང་ཞིང་སླན་ཆད་ཀྱང་བདག་ལ་སྤྱན་རས་ཀྱིས་བཙའ་བར་གསོལ། བརྒྱ་བྱིན་གྱིས་སྨྲས་པ། ཡུལ་གྲུ་མཆོག་ལ་སོགས་པའང་ང་མི་འདོད། །ལྷ་དབང་ང་ཡིན་རྒྱལ་པོས་ཤེས་པར་བྱོས། །ཕན་པར་སྨྲ་ལ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། གྲགས་དང་དཔལ་གྱི་ལམ་ནི་འདི་ཡིན་ཏེ། །ཚེ་རབས་གཞན་ལ་བདེ་བ་དེ་ཡང་འཐོབ། །དེ་བས་ཆང་ལ་ཆགས་པ་རབ་སྤོངས་ལ། །ཆོས་ལ་གནས་པས་ང་ཡི་ཡུལ་ལ་སྟེན། །དེ་སྐད་ཅེས་སྨྲས་ནས། བརྒྱ་བྱིན་དེ་ཉིད་དུ་མི་སྣང་བར་གྱུར་ཏེ། རྒྱལ་པོ་དེ་ཡང་བློན་པོ་དང་འབངས་སུ་བཅས་པ་ཆང་མི་འཐུང་བར་གྱུར་ཏོ། །དེ་ལྟར་ན་ཆང་འཐུང་བ་ནི་ཉེས་པ་དུ་མ་འབྱུང་ཞིང་ཤིན་དུ་མ་རུངས་པར་འགྱུར་བའི་ཕྱིར། དགེ་བ་རྣམས་ནི་གཞན་དག་ཀྱང་འདི་ལས་ཟློག་པར་བྱེད་ན་བདག་ཉིད་ལྟ་སྨོས་ཀྱང་ཅི་དགོས། །བཅོམ་ལྡན་འདས་དེ་ཚེ་རབས་སྔ་མ་ལའང་འཇིག་རྟེན་ལ་ཕན་པ་འབའ་ཞིག་མཛད་པའོ་ཞེས་དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པ་ལའང་བརྗོད་པར་བྱའོ། །བུམ་པའི་སྐྱེས་པའི་རབས་ཏེ་བཅུ་བདུན་པའོ།། །།


previousབུམ་པའི་སྐྱེས་པའི་རབས་ཏེ་བཅུ་བདུན་པ།next