Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་རིགས་ཕྱུག་པོའི་སྐྱེས་པའི་རབས་སྟེ་བཅོ་བརྒྱད་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་རིགས་ཕྱུག་པོའི་སྐྱེས་པའི་རབས་སྟེ་བཅོ་བརྒྱད་པ།next

རྒྱལ་རིགས་ཕྱུག་པོའི་སྐྱེས་པའི་རབས་སྟེ་བཅོ་བརྒྱད་པ།

ཁྱིམ་ན་གནས་པ་རྣམས་ནི་ཚུལ་ཁྲིམས་ཀྱི་གཉེན་པོར་འགྱུར་ཞིང་གནོད་པའི་ཕྱིར་བདག་ལ་ཕན་པར་འདོད་པ་རྣམས་ནི་ཁྱིམ་ན་གནས་པ་ཡོངས་སུས་གཏོང་ངོ་། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་རེ་ཤིག་ཅིག་རྒྱལ་རིགས་ཕྱུག་པོའི་རིགས་འཚོ་བའི་ཚུལ་དང་སྤྱོད་པ་ཕུན་སུམ་ཚོགས་པ། ཆོ་རིགས་མཐོན་པོ་ལ་དགའ་བ་རྣམས་ཀྱིས་གཉེན་བྱ་བར་གསོལ་བ་གདབ་པ། དགེ་སྦྱོང་དང་བྲམ་ཟེ་རྣམས་ཀྱི་རེ་བའི་གནས་སུ་གྱུར་པ། བང་མཛོད་རྣམས་ནི། གཉེན་བཤེས་དང་ཐུན་མོང་དུ་སྤྱོད་པ། ཕོངས་ཤིང་སློང་བ་རྣམས་ནི་མངོན་པར་འཁོར་བ། ལས་བཟོ་རྣམས་ཀྱིས་འཚོ་བའི་གནས་སུ་གྱུར་པ། དཔལ་གྱི་གཞིར་གྱུར་པ་རྒྱལ་པོས་བཀུར་སྟི་བྱ་ཞིང་ཕན་གདགས་པར་གྱུར་པ། འཇིག་རྟེན་པས་མངོན་པར་བཀུར་བའི་ཁྱིམ་ཞིག་ཏུ་སྐྱེས་པར་གྱུར་ཏོ་ཞེས་གྲག་གོ །དེ་རིམ་གྱིས་ནར་སོན་པར་གྱུར་པ་དང་། འཇིག་རྟེན་པས་བསྔགས་པའི་རིག་པའི་གནས་རྣམས་ནི་བསླབས། སྒྱུ་རྩལ་གྱི་ཐབས་རྣམ་པ་སྣ་ཚོགས་ལ་ནི་བློ་གསལ་བར་གྱུར། །ལུས་བྱད་བཟང་པོ་སྐྱེ་བོའི་མིག་ཏུ་སྡུག་པ་དང་། ཆོས་དང་མི་འགལ་བའི་འཇིག་རྟེན་ཚུལ་ལ་མཁས་པས་འཇིག་རྟེན་པ་རྣམས་ཀྱི་ནང་མི་བཞིན་དུ་སྙིང་ལ་ཆགས་པར་གྱུར་ཏོ། །ནང་མི་རྣམས་ནི་ནང་མི་ཞེས། ལྷག་པར་དགའ་བར་གྱུར་པ་མེད། །ཕྱི་མི་རྣམས་ཀྱང་ཕྱི་མི་ཞེས། །ནང་མི་དག་ལས་གཞན་དུ་མིན། །སྐྱོན་དང་ཡོན་ཏན་ལས་བརྟགས་ནས། །ནང་མིའམ་ཡང་ན་ཕྱི་མིའང་རུང་། འཇིག་རྟེན་ན་ནི་བཀུར་སྟི་དང་། སྨད་པར་བྱ་བའི་གནས་སུ་འགྱུར། སེམས་དཔའ་ཆེན་པོ་དེ་སྔོན་རབ་ཏུ་བྱུང་བ་ལ་གོམས་པར་བྱས་པས། །ཁྱིམ་ན་གནས་པ་འཚོལ་བའི་སྡུག་བསྔལ་དང་། ཆོས་དང་འགལ་བ་རབ་ཏུ་ཤེས་གྱུར་ཅིང་། དཀའ་ཐུབ་ནགས་ཚལ་བདེ་འབྱུང་གནས་རིག་ནས། །ཁྱིམ་གྱི་བདེ་ལ་ཡིད་ནི་ཆགས་མ་གྱུར། །དེ་ཕ་མ་གཉིས་ཚེ་འདས་པས། །སྙིང་མི་དགའ་བར་གྱུར་ནས། །ཁྱིམ་གྱི་རྫས་དང་དབྱིག་བརྒྱ་སྟོང་དུ་མ་ཡོད་པ། དེ་ཡང་གཉེན་བཤེས་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། ཕོངས་པ་དང་སློང་བ་རྣམས་ལ་ཇི་ལྟར་རིགས་པར་བྱིན་ནས་རབ་ཏུ་བྱུང་བར་གྱུར་ཏོ། །དེ་རིམས་ཀྱིས་གྲོང་དང་ལྗོངས་དང་ཕོ་བྲང་འཁོར་དུ་རྒྱུ་ཞིང་སོང་སོང་བ་ལས། གྲོང་ཁྱེར་ཞིག་ཏུ་བརྟེན་ནས་ནགས་ཚལ་གྱི་གནས་ཤིག་ཏུ་གནས་པར་གྱུར་ཏོ། །དེ་བསམ་གཏན་གྱི་ཡོན་ཏན་ལ་གོམས་པས་ཚུལ་བཅོས་པ་མ་ཡིན་པར། དབང་པོ་རང་བཞིན་གྱིས་དང་བ་དང་། མ་ཁེངས་པ་དང་། རྙེང་པ་ལ་རེ་བའི་བརྐམ་པ་དང་། ཞུམ་པ་མེད་པ་དང་། དུལ་ཞིང་གཟི་བྱིན་ཆེ་བ་དང་། ཇི་ལྟར་རིགས་པར་འཇམ་པོར་སྨྲ་ཞིང་གསལ་བ་དང་། ཆོས་དང་ཆོས་མ་ཡིན་པ་རབ་ཏུ་འབྱེད་པ་ལ་མཁས་པ་དང་། རྣ་བ་དང་སྙིང་ཚིམ་པར་བྱེད་པའི་ཚིག་མཁས་པ་ཡིན་པར་མངོན་པར་སྨྲ་བ་དང་། རབ་ཏུ་བྱུང་བའི་སྤྱོད་ཚུལ་བཟང་པོ་དང་། ཡ་རབས་རྣམས་དགའ་བའི་སྤྱོད་པས་དེ་ན་ཡང་རབ་ཏུ་གྲགས་པར་གྱུར་ཏོ། །སྐྱེ་བོ་རྟོག་དཔྱོད་ཅན་རྣམས་ཀྱིས་ཀྱང་དེ་ཚེ་རིགས་བཙུན་པ་ལས་རབ་ཏུ་བྱུང་བར་ཤེས་ནས་དེ་ན་འཇིག་རྟེན་པ་རྣམས་ཀྱིས་བཀུར་སྟི་ཆེར་བྱས་པར་གྱུར་ཏོ། །རིགས་དང་གཟུགས་ཀྱི་ཡོན་ཏན་ལས། ཡོན་ཏན་རབ་ཏུ་བརྗོད་པར་གྱུར། །ས་གཞི་རབ་ཏུ་བཟང་པོ་ལ། །ཟླ་བའི་འོད་ཟེར་ཤར་བ་བཞིན། །དེ་ནས་དེ་དེར་འོངས་བར་དེའི་ཕའི་མཛའ་བོས་ཤེས་ནས། དེའི་དྲུང་དུ་འོངས་ཏེ་ཡོན་ཏན་བརྗོད་ཅིང་གུས་པར་ནད་དྲིས་ནས། །དེ་ལ་བདག་དེའི་ཕའི་མཛའ་བོ་ཡིན་པར་ཡང་ཤེས་པར་བྱས་ཏེ། གཏམ་གྱི་གླེང་བསླང་ནས། །དེ་ལ་ཚིག་འཇམ་པོས་སྨྲས་པ། ན་ཚོད་འདི་ཙམ་ལ་ཆོ་རིགས་ལའང་མི་ལྟ་བར་འདི་ལྟར་རབ་ཏུ་བྱུང་བ་ནི་བཙུན་པ་ཁྱོད་ཀྱིས་མི་བརྟན་པ་བཞིན་དུ་བྱས་སོ། །ཁྱིམ་ན་འདུག་གམ་དགོན་པར་སོང་ཡང་རུང་། ལེགས་པར་བསྒྲུབས་པས་ཆོས་ནི་མཉེས་འགྱུར་ན། །ཁྱིམ་བཟང་དཔལ་དང་ལྡན་པ་བོར་ནས་ནི། །ཅི་ལྟར་ཁྱོད་བློ་དགོན་པར་དགའ་བར་འགྱུར། །གཞན་གྱི་དྲིང་ལ་ལྟོས་ཤིང་སློངས་མོ་སྤྱོད། །ངན་པ་བཞིན་དུ་སྐྱེ་བོ་རྣམས་ཀྱིས་སྨད། ངན་པའི་གོས་གྱོན་གཉེན་བཤེས་རྣམས་དང་བྲལ། །བས་མཐའི་ས་ན་ལུས་ནི་བསྐྱུར་ཏེ་བོར། །དབུལ་པོའི་ལུས་ནི་ཉེ་བར་བླངས་པ་བཞིན། །ཁྱོད་ཀྱི་གནས་སྐབས་འདི་ལ་བལྟས་ན་ནི། །དགྲ་ཡི་མིག་ཀྱང་མཆི་མས་གང་འགྱུར་ན། །མྱ་ངན་དབང་དུ་ཇི་ལྟར་མ་གྱུར་ཀྱེ། །དེ་བས་ཁྱེད་ནི་ཕ་ཡི་ཁྱིམ་དུ་འདོང་། །ཐོས་པའི་དོན་ནི་ཁྱོད་ཀྱིས་ཡོད་པར་བྱོས། །བུ་མཆོག་ཁྱོད་ཀྱིས་དེར་ནི་གནས་བཅས་ནས། །ཆོས་དང་ཡིད་ལ་བསམ་པ་གྲུབ་པར་གྱིས། །འཇིག་རྟེན་ནའང་འདི་སྐད་དུ་གྲགས་ཏེ། །གཞན་གྱི་ལས་བྱེད་པ་དག་ཀྱང་། བདག་གི་ཁྱིམ་ནི་རེ་གནས་བདེ། །འབྱོར་བའི་དཔལ་ནི་འབར་འགྱུར་བ། བདེ་བ་འཐོབ་པ་སྨོས་ཅི་དགོས། །དེ་ནས་བྱང་ཆུབ་སེམས་དཔའ་དབེན་པ་ན་གནས་པ་བདེ་བའི་བདུད་རྩིས་བློ་གོམས་པར་བྱས་པ། །སྙིང་དེ་ལ་གཞོལ་བར་གྱུར་པ་ཁྱིམ་ན་གནས་པ་དང་ནགས་ཚལ་ན་གནས་པའི་བྱེ་བྲག་ཤེས་པར་འགྱུར་བ་ལྟོ་འདྲངས་ཟིན་པ་ལ་ཁ་ཟས་ཀྱི་གཏམ་ཟེར་བ་ཡིད་དུ་མི་འོང་བ་བཞིན་དུ་འདོད་པ་ལ་ལྟོས་པ། ཡིད་དུ་མི་འོང་བར་གྱུར་ནས་སྨྲས་པ། །ཁྱོད་ཀྱི་ཚིག་འདི་བྱམས་པ་ཡིས། །སྨྲས་པ་ཉེས་པ་ཆུང་མོད་ཀྱི། །བཙོན་ར་འདྲ་བའི་ཁྱིམ་ལ་ནི། །ནམ་ཡང་བདེ་བར་མ་སེམས་ཤིག །ཕྱུག་གམ་ཡང་ན་དབུལ་ཡང་རུང་། ཁྱིམ་ན་གནས་པ་ནད་དུ་ཆེ། །གཅིག་ནི་བསྲུང་བས་ཉོན་མོངས་ལ། གཉིས་པ་འཚོལ་བས་ཤ་ཐང་ངོ་། །ཕྱུག་གམ་ཡང་ན་དབུལ་ཡང་རུང་། །གང་ན་བདེ་བ་མེད་གྱུར་བ། །དེ་ལ་དགའ་བར་རྨོངས་པ་ནི། །སྡིག་པའི་འབྲས་བུ་སྨད་པ་ཉིད། །ཁྱིམ་ན་གནས་པས་ཀྱང་ཆོས་འདི་མཉེས་པར་བྱར་རུང་ངོ་ཞེས་གང་ཟེར་བ་དེ་ཡང་ཁྱིམ་ནི་ཆོས་ཀྱི་གཉེན་པོ་དང་འདོམ་པ་དང་ལས་སུ་བྱ་བ་མང་ཆེ་བས་རབ་ཏུ་དཀའོ། ཁྱོད་ལྟོས་ཤིག །ཁྱིམ་གྱི་སོ་ནམ་བྱས་ན་ནི། རྫུན་དུ་མི་སྨྲར་མི་རུང་ཞིང་། ཕ་རོལ་ཉེས་པ་བྱེད་པ་ལ། །ནན་ཐུར་མི་བྱར་མི་རུང་ངོ་། །དེ་ལྟ་བས་ན་སྐྱེ་བོ་འདི་དག་ཁྱིམ་གྱི་བདེ་བ་ལ་སྙིང་ཆགས་ནས། །སྒྲུབ་པ་ལ་འབད་པ་ནི། གལ་ཏེ་ཆོས་སྤྱོད་ཁྱིམ་གྱི་སོ་ནམ་འཆོར། ཁྱིམ་ལ་ཕྱོགས་ན་ཆོས་ཀྱང་ག་ལ་འགྲུབ། །ཆོས་ཀྱི་ལམ་ནི་རབ་ཏུ་ཞི་བ་ཡིན། །ཁྱིམ་གྱི་དོན་ནི་དྲག་ཤུལ་ཅན་གྱིས་འགྲུབ། དེ་བས་ཆོས་དང་། དེ་འགལ་བའི་སྐྱོན་ཡོད་ཕྱིར། །བདག་ལ་ཕན་འདོད་སུ་ཞིག་ཁྱིམ་ན་གནས། །ཆོས་ནི་བདེ་ལ་ཆགས་པ་སྤོང་བ་ཡིན། །བདེ་བ་འགྲུབ་པའང་ངེས་པ་ཡོད་མ་ཡིན། །གདོན་མི་ཟ་བར་གྲགས་པ་མེད་པར་འགྱུར། །ཡིད་ལ་གདུང་བ་སྐྱེ་ཞིང་ངན་འགྲོར་ལྟུང་། །དེ་བས་ཆོས་དང་འགལ་བ་བདེ་བའི་ཐབས། །ཚུལ་ལ་མཁས་པ་རྣམས་ཀྱིས་མི་སྒྲུབ་པོ། །གཞན་ཡང་ཁྱིམ་ན་གནས་པ་བདེའོ་ཞེས་བྱ་བ་འདིའང་དད་པས་ཡིད་ཆེས་པ་བྱ་བ་ཡིན་པར་བདག་གིས་མ་མཐོང་ངོ་། །བསྒྲུབ་ཅིང་བསྲུང་ལ་སོགས་པའི་སྡུག་བསྔལ་དེས། །བཅིང་ཞིང་གསོད་པའི་སྡུག་བསྔལ་གཞིར་གྱུར་པ། །རྒྱལ་པོ་དག་ཀྱང་འབྱོར་བས་ཆོག་མི་ཤེས། །ཆར་ཆུ་བབ་པས་རྒྱ་མཚོ་མི་གང་བཞིན། །ཡོངས་སུ་རྟོག་པའི་དབང་དུ་མ་གྱུར་ན། །འདི་ལ་ཇི་ལྟར་ནས་ཞིག་ག་ལ་བདེ། །རྨོངས་པས་འདོད་ཆགས་ཉེ་བར་སྤྱོད་པ་ཡང་། །རྨ་གཡའ་ཕྲུགས་པའི་བདེ་བ་བཞིན་དུ་ཟད། །གཞན་ཡང་ཕལ་ཆེར་ནི་འདི་ལྟ་བུ་ཡིན་ནོ། །ཁྱིམ་ནི་འབྱོར་ན་ཕལ་ཆེར་རྒྱགས་པར་འགྱུར། །རིགས་བཙུན་ང་རྒྱལ་ཆེ་ཞིང་སྟབས་ཀྱིས་བསྙེམས། །སྡུག་བསྔལ་ཁྲོ་ཞིང་རྒུད་ན་ཞུམ་པར་འགྱུར། །དེས་ན་ནམ་ཞིག་རབ་ཏུ་ཞི་བར་འགྱུར། དེ་བས་ན་འདིར་བཙུན་པ་ཁྱོད་ལ་གདམས་ངག་ཏུ་བྱ་བ་ནི། དྲེགས་དང་ང་རྒྱལ་གཏི་མུག་སྦྲུལ་གྱི་ཚང་། རབ་ཏུ་ཞི་ལ་དགའ་བའི་བདེ་འཇིག་པ། སྡུག་བསྔལ་མི་བཟད་མང་པོའི་གནས་གྱུར་ཁྱིམ། ཁུང་དང་འདུ་བར་སུ་ཞིག་གནས་པར་བྱེད། །སྐྱེ་བོ་ཆོས་ཤེས་རྣམས་ཀྱི་ཁྱིམ། །རབ་ཏུ་བདེ་བ་དབེན་པའི་ཚལ། །ཇི་ལྟར་སེམས་ནི་དགའ་འགྱུར་བ། །དེ་འདྲ་ལྷའི་ཡུལ་ནའང་མེད། །དེ་བས་ཚལ་ན་ངན་པའི་གོས་གྱོན་ཏེ། །གཞན་གྱི་དྲིང་ལ་འཇོག་ཅིང་འཚོ་ཡང་རུང་། །བདག་ལ་ཕན་འདོད་དུག་ཅན་མི་ཟ་བཞིན། །ཆོས་མིན་འདྲེས་པའི་བདེ་བ་མི་འདོད་དོ། །དེ་ལྟར་དེས་ཡིད་དུ་འོང་བའི་ཚིག་གིས། ཕའི་མཛའ་བོ་དེ་ཡིད་ཆེས་པར་བྱས་པ་དང་། སེམས་དཔའ་ཆེན་པོ་དེ་ལ་རབ་ཏུ་གུས་ཤིང་བཀུར་སྟི་བྱ་བ་ཁྱད་པར་ཅན་གྱིས་རབ་ཏུ་མགུ་བར་བྱས་སོ། །དེ་ལྟ་བས་ན་ཁྱིམ་ན་གནས་པ་ནི་ཚུལ་ཁྲིམས་དང་རབ་ཏུ་ཞི་བའི་གཉེན་པོར་གྱུར་ལ། གནོད་པ་ཡིན་པས་བདག་ལ་ཕན་པར་འདོད་པས་ཁྱིམ་རྣམས་ཡོངས་སུ་གཏོང་ངོ་། །རབ་ཏུ་དབེན་པའི་རོ་མྱོང་ནས་འདོད་པ་ལས་སླར་ལྡོག་གོ་ཞེས་རབ་ཏུ་དབེན་པའི་གཏམ་བྱ་བ་ལའང་སྦྱར་བར་བྱའོ། །རྒྱལ་རིགས་ཕྱུག་པོའི་སྐྱེས་པའི་རབས་སྟེ་བཅོ་བརྒྱད་པའོ།། །།


previousརྒྱལ་རིགས་ཕྱུག་པོའི་སྐྱེས་པའི་རབས་སྟེ་བཅོ་བརྒྱད་པ།next