Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
པདྨའི་རྩ་བའི་སྐྱེས་པའི་རབ་ཏེ་བཅུ་དགུ་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousཔདྨའི་རྩ་བའི་སྐྱེས་པའི་རབ་ཏེ་བཅུ་དགུ་པ།next

པདྨའི་རྩ་བའི་སྐྱེས་པའི་རབ་ཏེ་བཅུ་དགུ་པ།

བམ་པོ་དྲུག་པ། རབ་ཏུ་དབེན་པའི་བདེ་བའི་རོ་མྱོང་བ་རྣམས་ནི་འདོད་པ་ལ་ཕྱས་ཀྱི་གནས་དང་གནོད་པ་ལྟ་བུར་མི་མཐུན་པར་སེམས་སོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་རེ་ཤིག་ཅིག་བྲམ་ཟེའི་རིགས་ཆེན་པོ་ཡོན་ཏན་གྱི་གྲགས་པ་རྒྱས་པ་ཕྱས་སུ་བྱ་བའི་སྐྱོན་མེད་པ་ཞིག་ཏུ་སྐྱེས་པར་གྱུར་ཏོ་ཞེས་གྲག་གོ །དེ་ལ་ནུ་བོ་དྲུག་ཅིག་ཡོད་པའང་དེའི་གཟུགས་དང་ཡོན་ཏན་དང་མཐུན་པར་བྱམས་ཤིང་གུས་པའི་ཡོན་ཏན་དང་ལྡན་པ། རྟག་ཏུ་རྗེས་སུ་འབྲང་བ་དག་ཅིག་དང་། སྲིང་མོ་དང་བརྒྱད་འཁོད་པ་ལས། དེ་ནི་རིག་བྱེད་ཡན་ལག་དང་བཅས་པ། ཉེ་བའི་རིག་བྱེད་དང་བཅས་པ་ནི་ལོབས། མཁས་པའི་གྲགས་པ་ནི་ཐོབ། སྐྱེ་བོ་རྣམས་ཀྱིས་ནི་བཀུར་སྟི་བྱས། ཕ་མ་གཉིས་ལ་ནི་ལྷ་བཞིན་དུ་རབ་ཏུ་གུས་པར་བསྙེན་བཀུར་བྱེད། ནུ་བོ་དེ་རྣམས་ལ་ནི་སློབ་དཔོན་དང་ཕ་བཞིན་དུ་རིག་པ་སློབ་ཅིང་སྦྱོར། ཚུལ་དང་འདུལ་བ་ལ་མཁས་པར་བྱས་ནས་ཁྱིམ་ན་གནས་སོ། །དེ་ཡུན་རིང་ཞིག་ན་ཕ་མ་གཉིས་དུས་བྱས་པའི་མྱ་ངན་གྱིས་གདུངས་པ་ལས། ཕ་མ་གཉིས་ཀྱི་ཤིད་བྱས་ཟིན་ཏེ་མྱ་ངན་བྱེད་པའི་ཉིན་ཞག་འདས་པ་དང་། ནུ་བོ་དེ་དག་བསོགས་ནས་སྨྲས་པ། ཡུན་རིང་ལྷན་ཅིག་འཁོད་འཁོད་ཀྱང་། འཆི་བས་སོ་སོར་འབྲལ་འགྱུར་ཞིང་། །མྱ་ངན་ཆེན་པོས་གདུངས་འགྱུར་བ། །འདི་ནི་འཇིག་རྟེན་འདི་ན་ངེས། །བདག་ནི་ཁྱིམ་ལ་ཆགས་བཞིན་དུ། །འཆི་བའི་དགྲ་ཡིས་དེའུ་རེ་བསད། །དེ་བས་ཕན་པའི་ལམ་བཟང་པོས། །བདག་ནི་རབ་ཏུ་འབྱུང་བར་འདོད། །དེ་བས་ན་ཁྱེད་ཐམས་ཅད་ཤེས་པར་གྱིས་ཤིག །བྲམ་ཟེའི་ཁྱིམ་འདི་ན་ཆོས་ཀྱི་ལམ་གྱིས་རྙེད་པའི་ལོངས་སྤྱོད་ཙམ་ཡོད་དེ། འདིས་འཚོ་བ་འབྱོར་གྱིས། དེ་བས་ན་ཁྱེད་ཀུན་ཕན་ཚུན་བྱམས་པ་དང་བཀུར་སྟི་ནི་བྱེད། ཚུལ་ཁྲིམས་དང་གཙང་སྦྲ་སྤྱད་པ་ལ་ནི་འབད་རིག་བྱེད་སློབ་པ་ལ་ནི་འགྲུས། མཛའ་བོ་དང་མགོན་དང་གཉེན་བཤེས་དང་སློང་བ་རྣམས་ནི་རེ་ཐག་མི་གཅོད། ཆོས་ལ་ནི་གཞོལ་བར་བྱོས་ལ་ཁྱིམ་ན་ལེགས་པར་འཁོད་ཅིང་། འདུལ་བ་ལ་ནི་རྟག་ཏུ་འབད། ཁ་ཏོན་སློབ་པ་དག་ལ་འགྲུས། སྦྱིན་པ་ལེགས་པར་རབ་བྱིན་ཞིང་། །ཁྱིམ་གྱི་དཀའ་ཐུབ་སྤྱད་པར་གྱིས། །དེ་ལྟར་བྱས་ན་ཁྱེད་ལ་གྲགས་པ་འཕེལ། །ཆོས་དང་སྲིད་དང་བདེ་བའང་འཕེལ། །འཇིག་རྟེན་ཕྱི་མ་ལ་ཡང་བདེ་བར་འགྱུར། དེ་བས་བག་ཡོད་ཁྱིམ་ན་གནས་པར་གྱིས། །དེ་ནས་དེའི་ནུ་བོ་དེ་རྣམས་ཀྱིས་དེ་རབ་ཏུ་འབྱུང་ཞེས་ཟེར་བ་ཐོས་ནས། བྲལ་དུ་དོགས་པའི་མྱ་ངན་གྱིས་སེམས་གདུངས་ཏེ། མྱ་ངན་གྱི་མཆི་མས་གདོང་ཁེབས་བཞིན་དུ་བྱ་བ་འཚལ་ཏེ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཅག་ཕ་མ་དང་བྲལ་བའི་མྱ་ངན་ཟུག་རྔུའི་རྨ་མ་སོས་པར་སྡུག་བསྔལ་གཞན་གྱིས་མནན་ཏེ། ཁྱོད་ཀྱིས་འདིར་རྨ་དཀྲུག་པ་མི་རིགས་སོ། །ཕ་མའི་མྱ་ངན་ཟུག་རྔུ་ད་ཅུང་དུ། བདག་ཅག་ཡིད་ལ་རྨ་ནི་མ་སོས་བཞིན། །དེ་བས་བརྟན་པོའི་བློ་ཅན་འདི་བཏང་ལེགས། །བདག་ཅག་རྨ་ནི་འཇིག་པར་མ་མཛད་ཅིག །འོན་ཏེ་ཁྱིམ་ན་གནས་པ་མི་བཞེད་ལ། །ནགས་ཚལ་གནས་པ་བདེ་བའི་ལམ་ལགས་ན། བདག་ཅག་མགོན་མེད་ཁྱིམ་དུ་བོར་ནས་སུ། །ཅི་ཕྱིར་གཅིག་པུ་ནགས་སུ་བཞུད་པར་དགྱེས། དེ་བས་ན་ཁྱོད་གང་དུ་གཞུད་པ་དེར་བདག་ཅག་ཀྱང་མཆིས་ཏེ། བདག་ཅག་ཀྱང་རབ་ཏུ་འབྱུང་ངོ་ཞེས་སྨྲས་པ་དང་། བྱང་ཆུབ་སེམས་དཔས་སྨྲས་པ། དབེན་པར་གནས་ལ་མ་གོམས་ཤིང་། འདོད་ལ་ཆགས་བའི་རྗེས་འབྲང་བའི །སྐྱེ་བོ་ཕལ་ཆེར་རབ་བྱུང་ལ། གཡང་སར་ལྷུང་བ་བཞིན་དུ་ལྟ། །དེ་ལྟ་བས་ན་ཁྱིམ་ན་གནས་པ་དང་། །ནགས་ཚལ་ན་གནས་པའི་བྱེ་བྲག་ཤེས་བཞིན་དུ། །རབ་ཏུ་འབྱུང་བ་ལ་གནས་པར་བདག་གིས་ཆེད་དུ་མ་སྨྲས་སོ། །དེ་ལྟར་ཁྱོད་རབ་ཏུ་འབྱུང་བར་འདོད་ན་འུ་ཅག་རབ་ཏུ་འབྱུང་གིས་འདོད་དོ། །དེ་ནས་སྤུན་བདུན་པོ་དེ་དང་སྲིང་མོ་དང་བརྒྱད་ཆར་གྱི། །ཁྱིམ་གྱི་ལོངས་སྤྱོད་ཆེན་པོ་བཟང་པོ་དང་། མཛའ་བོ་དང་། ནང་མི་དང་། ཉེ་དུའི་འཁོར་གདོང་མཆི་མས་གང་བ་རྣམས་བོར་ཏེ། དཀའ་ཐུབ་ཅན་དུ་རབ་ཏུ་བྱུང་ངོ་། །དེ་དག་གི་གྲོགས་པོ་གཅིག་དང་། བྲན་པོ་དང་བྲན་མོ་སྙིང་ཉེ་བ་ཞིག་ཀྱང་དེའི་ཕྱི་བཞིན་དུ་རབ་ཏུ་བྱུང་ངོ་། །དེ་དག་དགོན་པའི་གནས་ཆེན་པོ་ཞིག་ན། །མཚོ་ཆེན་པོ་མེ་ཏོག་པདྨ་མང་པོ་ཁ་བྱེ་བ་མཛེས་པ་ནི་འབར་བ་བཞིན། མེ་ཏོག་ཀུ་མུད་མང་པོ་ཁ་འབུས་པ་ནི་བཀོད་པ་བཞིན། །བུང་བ་མང་པོ་ནི་དིར་དིར་ཟེར། ཆུ་གཙང་མ་སྔོན་པོས་ནི་གང་བ་ཞིག་གི་འགྲམ་དུ་བརྟེན་ནས། །ཤིང་ལོའི་སྤྱིལ་པོ་རབ་ཏུ་གཙང་ཞིང་ཡིད་དུ་འོང་བར་གྲིབ་ཤིང་གིས་བསྒྲིབས་པ། སོ་སོར་བར་མི་ཉེ་བར་བྱས་པ་རྣམས་སུ་བརཏལ་ཞུགས་དང་སྡོམ་པ་ལ་འབད་ཅིང་ཡིད་བསམ་གཏན་ལ་སྦྱོར་བས་གནས་པར་གྱུར་ཏོ། །ཞེས་ལྔ་ལྔ་ཞིང་། བྱང་ཆུབ་སེམས་དཔའི་དྲུང་དུ་ཆོས་མཉན་པའི་ཕྱིར་འདུའོ། །བྱང་ཆུབ་སེམས་དཔའ་དེ་ཡང་དེ་དག་ལ་བསམ་གཏན་གྱི་མན་ངག་ལ་འཇུག་པ། འདོད་པའི་ཉེས་དམིགས་སྟོན་པ། སྐྱོ་ཞིང་ཡིད་འབྱུང་བར་འགྱུར་བ། རབ་ཏུ་དབེན་པ་དང་ཆོག་ཤེས་པའི་བསྔགས་པ་མང་དུ་འབྱུང་བ། ཚུལ་འཆོས་བ་དང་གཡོ་སྒྱུ་དང་ལེ་ལོ་ལ་སོགས་པའི་སྐྱོན་ལ་སྨོད་པ། ཉེ་བར་ཞི་བ་དང་རབ་ཏུ་དང་བའི་ལམ་དུ་གྱུར་པའི་ཆོས་ཀྱི་གཏམ་དེ་དང་དེ་དག་ཟེར་རོ། །དེ་དག་གི་བྲན་མོ་དེ་ཡང་རབ་ཏུ་གུས་ཤིང་སྙིང་ཉེ་བས་དེ་བཞིན་དུ་གཡོག་བྱེད་དོ། །དེས་མཚོ་དེའི་ནང་ནས་པདྨའི་རྩ་བ་བཏོན་ཏེ། པདྨའི་ལོ་མ་ཆེན་པོ་ལ་མཚོ་འགྲམ་དུ་གཙང་མར་ཆ་མཉམ་པར་བཀོད་ནས། །ཏོག་བརྡུངས་པའི་སྒྲས། །དུས་བསྟན་ཏེ་སླར་སོང་ངོ་། །དེ་ནས་དྲང་སྲོང་དེ་དག་བཟླས་བརྗོད་དང་སྦྱིན་སྲེག་གི་ཆོ་ག་བྱས་ཟིན་ནས། །རྒན་རིམས་ཀྱི་རེ་རེ་ནས་སོང་སྟེ། པདྨའི་རྩ་བ་ཆེར་དགོས་ཏེ་བཞག་པ་ལས་གོ་རིམས་བཞིན་དུ་རེ་རེ་བླངས་ནས། རང་རང་གི་ཤིང་ལོའི་སྤྱི་པོར་ཆོས་བཞིན་དུ་ཟོས་ཏེ། བསམ་གཏན་ལ་བརྩོན་པའི་བློས་གནས་སོ། །དེ་དག་དེ་ལྟར་འཁོད་པ་ན་ཆོས་ཉན་པའི་དུས་ལ་བབ་པ་མ་གཏོགས་པར་ཅིག་ལ་ཅིག་ལྟར་མི་འདོད་དོ། །དེ་དག་དེ་ལྟར་ཚུལ་ཁྲིམས་དང་སྤྱོད་ཚུལ་དེ་ལྟ་བུ་དང་རབ་ཏུ་དབེན་པ་ལ་དགའ་བ་དང་། བསམ་གཏན་ལ་གཞོལ་བས་གྲགས་པ་ཆེར་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་གྱིས་དེ་ཐོས་ནས་དེ་བརྟག་པའི་ཕྱིར་དེར་སོང་ངོ་། །དེས་ཀྱང་དེ་དག་བསམ་གཏན་ལ་མངོན་པར་ཕྱོགས་པ་དང་། བྱ་བ་ངན་པ་དང་མ་འབྲེལ་ཞིང་གདུང་བ་མེད་ལ་རབ་ཏུ་ཞི་བ་ལ་མངོན་པར་དགའ་ཞིང་འཁོད་པར་མཐོང་ནས། ཡོན་ཏན་རབ་ཏུ་བརྟན་པ་ཡོད་པར་རེ་ཞིང་། དེ་བརྟག་པ་ལ་ཡིད་གཞོལ་བར་གྱུར་ཏོ། །རྩོལ་བ་མེད་བར་བས་མཐའ་ན། །ཞི་ལ་རབ་ཏུ་གཞོལ་ཞིང་འཁོད། །དགེ་བ་རྣམས་ནི་ཡོན་ཏན་ལ། །རེ་བ་སྙིང་ལ་འཇོག་པར་བྱེད། །དོན་ནས་པདྨའི་རྩ་བ་གླང་པོ་ཆེའི་ཕྲུ་གུའི་མཆེ་བ་ལྟར་དཀར་ལ་འཇམ་པ་རྣམས་བཏོན་ཏེ་བཀྲུས་ནས། པདྨའི་ལོ་མ་སྔོན་པོ་རིན་པོ་ཆེ་མར་གད་འདྲ་བ་གཙང་མ་པདྨའི་མེ་ཏོག་གི་འདབ་མ་དང་ཟེ་བའི་རྒྱན་གྱིས་བརྒྱན་པ་ལ་ཆ་མཉམ་པར་བཀོད་ནས། ཏོག་བརྡུངས་བའི་སྒྲས། དྲང་སྲོང་དེ་དག་ལ་དུས་བསྟན་ཏེ། བྲན་མོ་དེ་སླར་ལོག་པ་དང་། བྱང་ཆུབ་སེམས་དཔའ་དེ་བརྟག་པའི་ཕྱིར་ལྷའི་དབང་པོ་བརྒྱ་བྱིན་གྱི་པདྨའི་རྩ་བའི་ཆ་དང་པོ་མི་སྣང་བར་བྱས་སོ། །སྡུག་བསྔལ་བྱུང་བར་གྱུར་པ་དང་། བདེ་བ་མེད་པར་གྱུར་ཀྱང་རུང་། དགེ་བ་རྣམས་ནི་བརྟན་པའི་རྒྱུ། །རྣམ་པར་འཕྲོ་བ་བཞིན་དུ་མངོན། །དེ་ནས་བྱང་ཆུབ་སེམས་དཔའ་སོང་སོང་ན། ཆ་དང་པོའི་གནས་ན་པདྨའི་རྩ་བ་ནི་མེད། པདྨའི་ལོ་མ་ནི་རྒྱན་འཁྲུགས་ཤིང་འདུག་པ་མཐོང་ནས། བདག་གི་པདྨའི་རྩ་བའི་སྐལ་བ་ཅིག་གིས་ཁྱེར་རོ་སྙམ་ཏེ་སེམས་འཁྲུགས་པ་དང་། ཁྲོ་བ་མེད་པར་དེ་ནས་སླར་ལོག་ནས་ཤིང་ལོའི་སྤྱིལ་པོར་ཞུགས་ཏེ་བསམ་གཏན་གྱི་ཆོ་ག་ཚུལ་བཞིན་དུ་རྩོམ་མོ། །དྲང་སྲོང་གཞན་རྣམས་སྙིང་མི་དགའ་བར་མི་འགྱུར་བར་བྱ་བའི་ཕྱིར་དོན་དེ་མ་སྨྲས་སོ། །དེའི་ནུ་བོ་གཞན་གྱི་སྙིང་ལམ་ན་འདིས་རང་གི་སྐལ་བ་ངེས་པར་བླངས་དྲངས་སྙམ་ནས། རང་རང་གི་པདྨའི་རྩ་བའི་སྐལ་བ་བླངས་ནས། རང་རང་གི་ལོ་མའི་སྤྱིལ་པོར་ཆོ་ག་བཞིན་དུ་ཟོས་ཏེ་བསམ་གཏན་བྱེད་ཅིང་འཁོད་དོ། །དེ་བཞིན་དུ་ཞག་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ཞག་ལྔ་པའི་བར་དུའང་དེའི་པདྨའི་རྩ་བའི་སྐལ་པ་བརྒྱ་བྱིན་གྱི་མི་སྣང་བར་བྱས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡང་དེ་བཞིན་དུ་སེམས་འཁྲུག་པ་མེད་ཅིང་རབ་ཏུ་ཞི་བར་གྱུར་ཏོ། །དམ་པ་རྣམས་ནི་སེམས་འཁྲུག་པས། །ཚེ་ཟད་ནས་ནི་ཤི་ཡང་བླ། །དེ་བས་མཁས་པ་སྲོག་ཕྱིར་ཡང་། །ཡིད་ནི་འཁྲུག་པར་མི་འགྱུར་རོ། །དེ་ནས་ཕྱི་དྲོའི་དུས་ལ་བབ་སྟེ། །དང་སྲོང་དེ་དག་ཆོས་ཉན་པའི་ཕྱིར། །བྱང་ཆུབ་སེམས་དཔའི་ཤིང་ལོའི་སྤྱིལ་པོར་གོ་རིམ་བཞིན་དུ་ལྷགས་པ་དང་། །དེའི་ལུས་ནི་རབ་ཏུ་རིད། །འགྲམ་པ་དག་དང་མིག་ནི་ཀོང་། བཞིན་གྱི་མདངས་ནི་ངན། སྐད་ཀྱི་གདངས་ཟབ་མོ་ནི་ཆུང་། ཉམས་དམས་ཀྱང་བརྟན་པ་དང་རབ་ཏུ་ཞི་བའི་ཡོན་ཏན་ཟླ་བ་ཚེས་པ་མཐོང་ན་དགའ་བ་དང་འདྲ་བ་མཐོང་བ་དང་ཉེ་བར་བསྙེན་ནས། ཞེ་ས་བསྐྱེད་དེ་བརྟབས་པ་བཞིན་དུ་འདི་ཅི་ནོངས་ཞེས་རིད་པར་གྱུར་པའི་རྒྱུ་དེ་ལ་དྲིས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་དེས་དེ་དག་དེའི་དོན་ཇི་ལྟར་གྱུར་པ་སྨྲས་སོ། །དེ་ནས་དཀའ་ཐུབ་ཅན་དེ་དག་འདི་ལྟ་བུའི་ཆོས་མ་ཡིན་པ་འདི་དག་མི་སྲིད་དོ་སྙམ་ནས། དེ་ཉམས་ཐག་པས་ཀྱང་མི་དགའ་བར་གྱུར་ཏེ། མཚར་བྱས་སོ་ཅེས་ཅིག་ལ་ཅིག་སྨྲས་ནས་ངོ་ཚ་ཞིང་མགོ་སྨད་ནས་འཁོད་དོ། །ཤེས་པ་འཇུག་པའི་ཡུལ་ཡང་བརྒྱ་བྱིན་གྱི་མཐུས་བསྒྲིབས་པས་འདི་ཅི་ལས་གྱུར་པའང་ཤེས་པར་མ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའི་ནུ་བོ་འོག་མས་རང་གི་ཡིད་ལ་གཅགས་པ་དང་། བདག་ཉིད་གཙང་མར་བསྟན་པའི་ཕྱིར། མནའ་ཁྱད་པར་ཅན་བོར་བ། བྲམ་ཟེ་ཁྱོད་ཀྱི་རྩ་བ་སུས་ཁྱེར་བ། །འབྱོར་པའི་མཚན་མས་བརྒྱན་པའི་ཁྱིམ་བདག་དང་། །ཆུང་མ་ཡིད་དུ་འོང་བའང་རྙེད་པར་ཤོག །བུ་དང་ཚ་བོ་རྣམས་དང་ལྡན་པར་ཤོག །དེའི་འོག་མས་སྨྲས་པ། བྲམ་ཟེ་ཁྱོད་ཀྱི་རྩ་བསུས་ཁྱེར་བ། ཕྲེང་བ་དོ་ཤལ་ཙན་དན་གོས་བཟང་དང་། བུ་ཡིས་རེག་པའི་རྒྱན་རྣམས་ཐོགས་པ་ཡི། །འདོད་པ་མི་ཟད་པ་ལ་སྤྱོད་པར་ཤོག །ཡང་ཅིག་གིས་སྨྲས་པ། ཁྱོད་ཀྱི་རྩ་བ་གང་གིས་ཁྱེར་བ་དེ། །ཞིང་རྨོས་པ་ལ་ནོར་དང་བྲན་རྙེད་ཅིང་། བུ་དང་སྨྲ་བས་རབ་ཏུ་དགའ་བར་གྱུར། །ཚེ་ལའང་མི་ལྟ་ཁྱིམ་ལ་དགའ་བར་གྱུར། །ཡང་ཅིག་གིས་སྨྲས་པ། ཁྱོད་ཀྱི་རྩ་བ་བསམ་པས་གང་ཁྱེར་བ། །རྒྱལ་པོའི་བྲན་བཞིན་དུལ་བར་སྤྱོད་པ་ཡི། །གཙུག་ཏོར་བཏུང་བས་རབ་ཏུ་ཕྱག་བྱས་ཤིང་། རྒྱལ་པོའི་ཚུལ་གྱི་མ་ལུས་ས་སྐྱོང་གྱུར། །ཡང་ཅིག་གིས་སྨྲས་པ། ཁྱོད་ལྟ་བུ་ཡི་རྩ་བ་གང་ཁྱེར་བ། །དེ་ནི་རྒྱལ་པོའི་མདུན་ན་འདོན་གྱུར་ཏེ། སྔགས་ལ་སོགས་པས་བདེ་ལེགས་བྱེད་གྱུར་ཅིང་། དེ་བཞིན་རྒྱལ་པོས་བཀུར་སྟི་བྱ་བར་ཤོག །ཡང་ཅིག་གིས་སྨྲས་པ། །རྩ་བ་འདོད་ཅིང་ཡོན་ཏན་མི་འདོད་པ། །ལེགས་བྱེད་ལེགས་པར་སློབས་ནས་སྟོན་པར་བྱེད། །དཀའ་ཐུབ་ཅན་དུ་རེ་བ་ཆེན་པོ་ཡིས། །ཡུལ་མི་ཀུན་གྱིས་དེ་ལ་མཆོད་པར་ཤོག གྲོགས་པོས་སྨྲས་པ། ཁྱོད་ལྟ་བུ་ཡི་རྩ་བ་ལ་ཆགས་གང་། །ཡུལ་གྲུ་དམ་པ་འབྱོར་བ་བཞི་བརྒྱ་ཙམ། །རྒྱལ་པོ་དག་ལས་ཐོབ་ནས་སྤྱོད་གྱུར་ཅིང་། །འདོད་ཆགས་མ་བྲལ་བར་ནི་ཤི་བར་གྱུར། །བྲན་གྱིས་སྨྲས་པ། རྩ་བའི་ཕྱིར་ནི་བདག་དོན་ཆུད་གསོན་པ། །གྲོགས་པོའི་ནང་ན་དེ་ནི་གྲོང་དཔོན་གྱུར། །རྒྱལ་པོའི་ཆད་པ་དག་གིས་མེ་ཆོད་བར། །བུད་མེད་གླུ་གར་དག་གིས་དགའ་བར་གྱུར། །སྲིང་མོས་སྨྲས་པ། ཁྱོད་ལྟ་བུ་ཡི་རྩ་བ་གང་ཁྱེར་བ། དེ་ནི་རྒྱལ་པོའི་བཙུན་མོར་གྱུར་ནས་སུ། །གཟུགས་དང་དཔལ་གྱི་གཟི་བྱིན་འབར་གྱུར་ཅིང་། །བཙུན་མོ་དམ་པ་སྟོང་གི་མཆོག་ཏུ་གྱུར། །བྲན་མོས་སྨྲས་པ། གང་གིས་རྩ་བ་མཐོང་ལ་ཆོས་མ་མཐོང་། དེ་ནི་གཅིག་ཏུ་དགེ་བ་རྣམས་དང་བྲལ། བཀུར་སྟི་བྱས་པས་མྱོས་པར་བྱས་ནས་སུ། ཁ་ཟས་ཞིམ་པོར་དག་ལ་དགའ་བར་གྱུར། །དེ་ནས་ནགས་ཚལ་དེ་ན་འཁོར་བའི་གནོད་སྦྱིན་དང་གླང་པོ་ཆེ་དང་། སྤྲེའུ་དག་ཅིག་དེར་ཆོས་ཉན་དུ་ལྷགས་པས། གཏམ་དེ་ཐོས་ནས་རབ་ཏུ་ངོ་ཚ་ཞིང་མི་དགའ་བར་གྱུར་ཏེ། དེ་ནས་གནོད་སྦྱིན་གྱིས་བདག་གཙང་མར་བསྟན་པའི་ཕྱིར། དེ་དག་གི་མདུན་དུ་མནའ་བོར་བ། ཁྱོད་ཀྱི་རྩ་བའི་ཕྱིར་ནི་གང་འཁྲུལ་པ། གཙུག་ལག་ཁང་ཆེན་དག་ན་རྐྱེན་པར་གྱུར། །བཀྲུ་བཤལ་སྟོར་ཁུང་དག་གི་ཞིག་རལ་འཆོས། །ཉི་མའི་འོད་ཀྱི་སྣང་བ་བྱེད་པར་གྱུར། །གླང་པོ་ཆེས་སྨྲས་པ། ཐུབ་མཆོག་ཁྱེད་ཀྱི་རྩ་བ་གང་རྐུ་བ། །དེ་ནི་ཞགས་པ་དམ་པོ་དྲུག་བརྒྱས་བཅིངས། །ལྕགས་ཀྱུ་རྣོན་པོས་བཀུག་པའི་རྨ་ན་ཞིང་། །ནགས་ཚལ་ཉམས་དགའ་བོར་ནས་གྲོང་འདབ་སོང་། སྤྲེའུས་སྨྲས་པ། ཁྱོད་ཀྱི་རྩ་བ་བརྐམ་པས་གང་རྐུ་བ། དེ་ནི་མེ་ཏོག་ཕྲེང་ཅན་ཞ་ཉེ་ཐོགས། །དབྱིག་པས་རྡེག་ཅིང་སྦྲུལ་གྱི་ཁར་གཏོང་ཞིང་། །སེ་རལ་ཁར་བཅིངས་ཁྱིམ་ན་གནས་པར་ཤོག །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ལ་འཇམ་ཞིང་དུལ་བ་དང་། བཟོད་པ་དང་། ཟབ་པ་སྟོན་པའི་ཚིགས་གིས་འདི་སྐད་ཅེས་སྨྲས་སོ། །གང་གིས་མ་བརླག་བར་ནི་བརླག་ཅེའམ། གང་ཞིག་འདི་འདྲར་ཁྱེད་ལ་དོགས་གྱུར་པ། །འདོད་པ་ཡིད་འོང་ཅི་བདེར་སྤྱད་ནས་སུ། ཁྱིམ་ན་གནས་བཞིན་འཆི་བའི་དུས་བྱེད་གྱུར། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེ་དག་གི་འདོད་པ་ལ་ཉེ་བར་སྤྱོད་པ་དང་མི་མཐུན་པར་སྨོད་པ། ཞི་གནས་ཁྱད་པར་ཅན་དུ་གྱུར་པར་སྨྲ་བ་དེ་གུས་པ་དང་ཡ་མཚན་སྐྱེས་པར་གྱུར་ཏེ། བདག་རང་གི་གཟུགས་འབར་བ་དྲང་སྲོང་དེ་རྣམས་གྱི་དྲུང་ཏུ་བསྟན་ནས། མི་བཟོད་པ་བཞིན་དུ་སྨྲས་པ། ཁྱེད་རེ་ཤིག་སྟོད་ཅིག །གང་དག་ཐོབ་ཕྱིར་ཡིད་ལ་རྩོལ་བྱེད་ཅིང་། བདེ་བ་འདོད་ཕྱིར་ཡིད་ལ་གཉིས་ཀྱང་མེད། །དཀའ་ཐུབ་འབར་བས་གང་དག་ཐོབ་འདོད་པའི། འདོད་པ་དེ་དག་ཅི་ཕྱར་སྨོད་པར་བྱེད། །བྱང་ཆུབ་སེམས་དཔའ་སྨྲས་པ། གྲོགས་པོ་འདོད་པ་ནི་ཉེས་དམིགས་མཐའ་ཡས་ཏེ། གང་ལ་བརྟགས་ནས་ཐུབ་པ་རྣམས་འདོད་པ་ལ་མི་སྤྱོད་པ་དེ་མདོ་ཙམ་ཤིག་ཉོན་ཅིག །འདོད་པའི་ཕྱིར་ནི་འཇིག་རྟེན་བཅིང་ཞིང་གསོད་པར་འགྱུར། མྱ་ངན་གདུངས་ཤིང་འཇིགས་པ་མང་པོའི་སྡུག་བསྔལ་མྱོང་། །རྒྱལ་པོ་རྣམས་ཀྱང་འདོད་པའི་ཕྱིར་ནི་བརླག་པར་འགྱུར། །ཕྱི་མ་ལ་ཡང་ཆོས་ཉམས་སེམས་ཅན་དམྱལ་བར་ལྟུང་། །གང་གིས་མཛའ་བོ་རྣམས་དང་མྱུར་དུ་འཁོན་འབྱུང་འགྱུར། །གང་གིས་གཡོ་སྒྱུ་དྲི་མ་ཅན་གྱི་ལམ་དུ་འགྲོ། །གྲགས་པ་ཉམས་ཤིང་ཕྱི་མ་ལའང་སྡུག་བསྔལ་མྱོང་། །དེ་དག་འཐབ་པར་འགྱུར་བའི་རྒྱུ་ནི་འདོད་པ་ཡིན། །དེ་བས་རབ་དང་འབྲིང་དང་ཐ་མ་རྣམས། །འདི་དང་ཕ་རོལ་དུ་ཡང་འདོད་པས་གསོད་པར་བྱེད། །བདག་ལ་ཕན་འདོད་སྦྲུལ་གདུག་ཁྲོས་པ་བཞིན། །ཐུབ་པ་རྣམས་ནི་དེ་ལ་མི་བརྟེན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས། །ཚིགས་དེ་བདེན་ནོ་སྙམ་ནས་མངོན་པར་བསྟོད་དེ། །དྲང་སྲོང་དེ་དག་གི་མཐུས་དེ་ཡིད་དགའ་བར་གྱུར་ནས། །དེ་དག་ལ་བདག་གི་ཉེས་པ་ཁས་བླངས་སོ། །གང་དག་བརྟགས་ནས་ཡོན་ཏན་རྣམས། །རེ་བ་བཞིན་དུ་རྟོགས་པར་འགྱུར། །བརྟག་པའི་ཕྱིར་ནི་བདག་གིས་འདིར། །པདྨའི་རྩ་བ་སྦས་པ་བཞིན། །པདྨའི་རྩ་བ་འདི་དག་གིས། །ཁྱེད་ཅག་རྣམ་དག་སྤྱོད་པ་བསྟན། །ཐུབ་པ་བདེན་པར་སྨྲ་བ་ཡིས། །འགྲོ་བ་མགོན་དང་བཅས་པར་མཐོང་། །དེ་སྐད་ཅེས་སྨྲས་ནས། པདྨའི་རྩ་བ་དེ་དག་བྱང་ཆུབ་སེམས་དཔའ་ལ་ཕུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་དེའི་སྤྱོད་པ་བཟང་པོ་དེ་ལ། གཟི་བྱིན་གྱི་ནོན་པའི་ཚིག་དྲག་པོས་སྤྱོས་སོ། །ངེད་ཅག་ཁྱོད་ཀྱི་གྲོགས་དང་གཉེན་མ་ཡིན། །གར་མཁན་ཁྱོད་མིན་ངེད་ཅག་འཕྱས་གདགས་མིན། ལྷ་དབང་ཅི་ཕྱིར་ཁྱད་དུ་བསད་ནས་སུ། །དྲང་སྲོང་རྣམས་ལ་རྩེད་མོའི་ལམ་བཞིན་བྱ། །དེ་སྐད་ཅེས་སྨྲས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་རབ་ཏུ་གུས་པས་རྣ་ཆ་དང་། ཅོད་པན་འགུལ་བའི་འོད་ཀྱི་གདོང་གསལ་བར་གྱུར་ཏེ། རབ་ཏུ་གུས་པར་ཕྱག་འཚལ་ནས་དེ་ལ་བཟོད་པ་གསོལ་བ། བདག་གིས་འདི་ལྟར་མི་བརྟན་པ། །བགྱིས་པའི་དགོས་པ་སྔར་སྨྲས་ལགས། །ཕ་དང་སློབ་དཔོན་འདྲ་བ་རུ། །བདག་ལ་ཁྱོད་ཀྱི་གཟོད་པར་མཛོད། །ཤེས་པའི་མིག་ནི་བཙུམ་པར་གྱུར་བ་རྣམས། །རང་བཞིན་གྱི་ནི་མཉམ་ལའང་འཁྲུལ་བར་གྱུར། བདག་ལ་ཕན་པས་དེ་ལ་བཟོད་པ་མཛོད། །དེ་བས་བདག་ལ་ཐུགས་ལ་མི་བཅང་གསོལ། །དེ་ལྟར་བཟོད་པར་གསོལ་ནས་དེ་ཉིད་མི་སྣང་བར་གྱུར་ཏོ། །དེ་ལྟ་བས་ན་རབ་ཏུ་དབེན་པའི་བདེ་བའི་རོ་མྱོང་བ་རྣམས་ནི་འདོད་པ་ལ་ཕྱས་ཀྱིས་གནས་དང་། གནོད་པ་ལྟ་བུར་མི་མཐུན་པར་སེམས་སོ། །དེ་ལ་སྐྱེས་པའི་རབས་འདི་ཡང་བཅོམ་ལྡན་འདས་ཀྱི་ལུང་བསྟན་ཏེ། ང་དང་ཤཱ་ར་དྭཱ་ཏིའི་བུ། མོའུ་གལ་བུ་དང་འོད་སྲུངས་དང་། །གང་པོ་མ་འགགས་ཀུན་དགའ་བོ། །དེ་ཡི་ཚེ་ན་སྤུན་དུ་གྱུར། །སྲིང་མོ་ཨུཏྤལ་མདོག་ཡིན་ནོ། །བྲན་མོ་ཀུ་བ་ཛ་ཨུཏ་ཏ་ར། །བྲན་ཕོ་ཁྱིམ་བདག་མཛེས་པ་ཡིན། །གནོད་སྦྱིན་རི་བོང་བདེ་བ་ཡིན། །གླང་པོ་བ་རི་ལེ་ཡ་ཡིན། །སྤྲེའུ་ནི་སྤང་རྩེ་འབུལ་བ་ཡིན། །བརྒྱ་བྱིན་ནག་པོ་འཆར་ཀ་ཡིན། །སྐྱེས་པའི་རབས་ནི་དེ་ལྟར་ཟུང་། །པདྨའི་རྩ་བའི་སྐྱེས་པའི་རབ་ཏེ་བཅུ་དགུ་པའོ།། །།


previousཔདྨའི་རྩ་བའི་སྐྱེས་པའི་རབ་ཏེ་བཅུ་དགུ་པ།next