Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཙུག་ཕུད་བྱང་ཆུབ་ཀྱི་སྐྱེས་པའི་རབས་ཏེ་ཉི་ཤུ་གཅིག་པ།
   
   
   
   
   
   
   
   
   
   
   
   
   


 
previousགཙུག་ཕུད་བྱང་ཆུབ་ཀྱི་སྐྱེས་པའི་རབས་ཏེ་ཉི་ཤུ་གཅིག་པ།next

གཙུག་ཕུད་བྱང་ཆུབ་ཀྱི་སྐྱེས་པའི་རབས་ཏེ་ཉི་ཤུ་གཅིག་པ།

སྡོམ་ལ། བརྒྱ་བྱིན་བྲམ་ཟེ་མྱོས་བྱེད་མ། ལེགས་པར་ཕ་རོལ་ཕྱིན་དང་ཉ། །བྱ་དང་བུམ་པ་ཕྱུག་པོའི་བུ། དཀའ་ཐུབ་ཅན་དང་ཚོང་དཔོན་ནོ། །བཅུ་ཚན་གཉིས་པའོ། །ཁྲོ་བ་ཐུལ་ན་དགྲ་ཞི་བར་འགྱུར་གྱི་གཞན་དུ་བྱས་ན་དགྲ་འཕེལ་ལོ། །དེ་ཡང་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྲམ་ཟེའི་རིགས་ཆེན་པོ་ཡོན་ཏན་ལ་གོམས་པའི་མཐུས་གྲགས་པ་རྒྱས་པ་འབྱོར་པས་ཡོན་ཏན་ངེས་པ་རྒྱལ་པོ་བཀུར་སྟི་བྱས་པ་འཇིག་རྟེན་པས་ལྷ་བཞིན་དུ་བཀུར་བ་ཞིག་ཏུ་སྐྱེས་པར་གྱུར་ཏེ་ཞེས་གྲག་གོ །དེ་ཡུན་རིང་དུ་གྱུར་ནས་ཆོ་གའི་ལས་སུ་བྱ་བ་རྣམས་ནི་བྱས་པ་དང་། མང་དུ་ཐོས་པའི་ཡོན་ཏན་ལ་གོམས་པར་བྱས་པས་མཁས་པ་རྣམས་ཀྱི་ནང་དུ་མིང་གྲགས་པར་གྱུར་ཏོ། །མཁས་པ་རྣམས་ཀྱི་གྲགས་པ་ནི། མཁས་པ་ཉིད་ཀྱི་ནང་དུ་འཕེལ། །རིན་ཆེན་ཤེས་ལ་རིན་ཆེན་དང་། །གཡུལ་ངོ་དག་ཏུ་དཔའ་བོ་བཞིན། དེ་ནས་བདག་ཉིད་ཆེན་པོ་དེའི་ཚེ་རབས་སྔ་མ་ལ་རབ་ཏུ་བྱུང་བ་ལ་གོམས་ཤིང་ཆོས་ལ་སེམས་པ་གོམས་པར་བྱས་པ་དང་། བློ་དང་ཤེས་རབ་ཤིན་དུ་གསལ་བའི་ཕྱིར་ཁྱིམ་ན་གནས་པ་ལ་དགའ་བར་མ་གྱུར་ཏེ། དེ་འདོད་པ་རྣམས་ལ་འཐབ་མོ་དང་རྩོད་པ་དང་གྲགས་པ་དང་ཁོ ན་དང་མི་མཐུན་པ་མང་བ་དང་། རྒྱལ་པོ་དང་རྐུན་པོ་དང་། ཆུ་དང་། མེ་དང་། དགྲ་དང་། བགོ་སྐལ་ལ་དབང་བ་རྣམས་དང་། ཐུན་མོང་ཡིན་པ་དང་། ཆོག་མི་ཤེས་པར་འགྱུར་བ་དང་། ཉེས་པ་མང་པོའི་གནས་སུ་གྱུར་པའི་ཕྱིར། བདག་ལ་ཕན་པར་འདོད་པ་རྣམས་ཟས་དུག་ཅན་སྤོང་བ་བཞིན་དུ་ཡོངས་སུ་སྤངས་ཏེ་སྐྲ་དང་ཁ་སྤུ་བཟང་པོ་བྲེགས་ཏེ། གོས་ཁ་དོག་བསྒྱུར་བ་ངུར་སྨྲིག་ནི་གྱོན། ཁྱིམ་པའི་ཆ་ལུགས་ནི་བོར་ནས། རབ་ཏུ་བྱུང་བའི་འདུལ་བ་དང་སྡོམ་པའི་དཔལ་ལ་གནས་པར་གྱུར་པ་དང་། དེའི་ཆུང་མ་དེ་ལ་སྙིང་ཉེ་བའི་དབང་དུ་གྱུར་པའང་སྐྲ་བྲེགས་ཏེ། ལུས་ལ་རྒྱན་དང་ལྷབ་ལྷུབ་ནི་མེད་པར་བྱས། རང་བཞིན་གྱི་ཡོན་ཏན་བཟང་པོས་ནི་བརྒྱན། གོས་ངུ་སྨྲིག་ནི་གྱོན་ནས་ངའི་ཕྱི་བཞིན་དུ་རབ་ཏུ་བྱུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དཀའ་ཐུབ་ཀྱི་ནགས་ཚལ་དུ་འགྲོ་བའི་རྗེས་སུ་འབྲང་བར་ཤེས་ནས། བུད་མེད་སྡུག་མ་མྱོང་བ་དཀའ་ཐུབ་ཀྱི་ནགས་ཚལ་ན་གནས་མི་ནུས་པའི་ཕྱིར་དེ་ལ་སྨྲས་པ། བཟང་མོ་ཁྱེད་ང་ལ་བྱམས་པའི་རང་བཞིན་འདི་བསྟན་ཟིན་གྱིས། ཁྱོད་ངའི་ཕྱི་བཞིན་དུ་འགྲོ་བར་ཆས་པ་འདི་ཐོང་ཞིག །བུད་མེད་རབ་ཏུ་བྱུང་བ་གཞན་དག་གང་ན་འཁོད་པ་དེར་ཁྱོད་ཀྱང་དེ་དག་དང་ལྷན་ཅིག་ཏུ་འདུག་པར་རིགས་སོ། །དགོན་པའི་གནས་ན་འདུག་པ་ནི་རབ་ཏུ་དཀའོ་ལྟོས་ཤིག །དུར་ཁྲོད་དང་ནི་ཁང་སྟོང་རི་བོ་དང་། །ནགས་ཚལ་གཅན་ཟན་ཁྲོ་བོས་གང་བ་ན། །ཉི་མ་གང་དུ་ནུབ་པར་གྱུར་པ་དེར། །དཀའ་ཐུབ་ཅན་རྣམས་གནས་མེད་འཁོད་པར་འགྱུར། །བསམ་གཏན་བྱེད་ཅིང་རྟག་པར་གཅིག་པུར་གནས། །བུད་མེད་དག་ནི་བལྟར་ཡང་མེད་པར་བྱེད། །ཁྱོད་ཀྱི་འབད་པ་འདི་ནི་ཅི་ཞིག་དགོས། །དེ་བས་ཁྱོད་བློ་སླད་དུ་ལྡོག་པར་གྱིས། །དེ་ཡང་དེའི་ཕྱི་བཞིན་དུ་འགྲོ་བར་ཡིད་དམ་བཅས་པས་མིག་མཆི་མས་གང་བཞིན་དུ་ཅུང་ཟད་ཅིག་འདི་སྐད་ཅེས་སླར་སྨྲས་སོ། །ཁྱོད་ཀྱི་ཕྱི་བཞིན་འགྲོ་བ་ལ། བདག་ནི་གལ་ཏེ་ཉོན་མོངས་ན། བདག་སྡུག་ཁྱོད་ཀྱང་མི་དགྱེས་བཞིན། ཅི་ཡི་སླད་དུ་དེ་ལྟར་བགྱིད། །བདག་ནི་ཁྱོད་དང་བྲལ་བཞིན་དུ། །མཆིས་པར་ནུས་པ་མ་ལགས་ཀྱིས། །དེ་ལྟར་བཀའ་དང་འགལ་བ་འདི། །བདག་ལ་བཟོད་པར་མཛད་དུ་གསོལ། །དེ་ལྟར་ལན་གཉིས་ལན་གསུམ་དུ་བསྒོ་ཡང་སླར་ལྡོག་ཏུ་མ་རུང་བ་དང་། དེ་ནས་བྱང་ཆུབ་སེམས་དཔའ་དེ་ལ་ཅང་མ་སྨྲས་པ་དང་བྱ་ངུར་བའི་ཕྱི་བཞིན་དུ་ངུར་བ་མོ་འབྲངས་བ་དང་འདྲ་བར་དེ་ཡང་དེའི་ཕྱི་བཞིན་དུ་འབྲངས་ཏེ། གྲོང་དང་ལྗོངས་རྒྱུ་ཞིང་སོང་སོང་བ་ལས། ཟས་ཀྱི་བྱ་བ་བྱས་ནས། རེ་ཤིག་ན་ནགས་ཚལ་རབ་ཏུ་དབེན་པ་ཉམས་དགའ་བ། ཤིང་ལྗོན་པ་སྣ་ཚོགས་ཀྱིས་བརྒྱན་པ། གྲིབ་མ་སྟུག་པ་ལ་ལ་དག་ན་ཉི་མའི་འོད་ཟེར་ཏིག་ཏིག་བོ་དེ་དག་གིས་མེ་ཏོག་སིལ་མ་བཀྲམ་པ་ལྟར་འདུག་པ། མེ་ཏོག་སྣ་ཚོགས་ཀྱི་ཕྱེ་མས་ཁེབས་པའི་ས་གཞི་གཙང་མ་ཞིག་ཏུ་བསམ་གཏན་གྱི་ཆོ་ག་བྱས་ནས། ཕྱི་དྲོའི་དུས་སུ་ཏིང་ངེ་འཛིན་ལས་ལངས་ཏེ། ཕྱག་དར་ཁྲོད་ཀྱི་ཚེམ་བུ་འདྲུབ་ཅིང་འདུག་གོ །བུད་མེད་རབ་ཏུ་བྱུང་བ་དེ་ཡང་དེ་དང་མི་རིང་བ་ཞིག་ན། རང་གི་ལུས་ཀྱི་གཟི་མདངས་ལྷ་མོ་དང་འདྲ་བར་མཛེས་པས་ཤིང་དྲུང་བརྒྱན་པ་བཞིན་དུ་འདུག་ཅིང་། ཡིད་ལ་བྱ་བའི་མན་ངག་དེས་བསྟན་པའི་ཚུལ་བཞིན་དུ་བསམ་གཏན་བྱེད་ཅིང་འདུག་གོ །དེ་ནས་ཡུལ་དེའི་རྒྱ་པོས་ཕྱོགས་དེ་དང་ཉེ་བའི་ནགས་ཚལ་དཔྱིད་ཀྱི་དུས་ལ་བབ་པའི་ཤིང་ལོ་ལྷག་པར་མཛེས་པ་དང་ནི་ལྡན། །བུང་བ་ཆེ་ཕྲ་མང་པོ་ནི་སྒྲ་དི་རི་རི་ཟེར། །བྱ་ཀོ་ཀི་ལ་མང་པོ་ནི་སྒྲ་སྙན་པ་འབྱིན། །མཚོའི་གནས་རབ་ཏུ་ཉམས་དགའ་བ། མེ་ཏོག་པདྨ་དང་། ཨུཏྤལ་ཁ་བྱེ་བ་ནི་བགོད་པ་བཞིན་དུ་འདུག་པ། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱི་བསུང་གིས་བགོས་པའི་བསེར་བུའི་ངད་ཉམས་སུ་བདེ་བ་ལྡང་བ་ཡོད་པ་ན། །མཐར་གྱིས་རྒྱུ་ཞིང་སོང་སོང་བ་ལས་ས་ཕྱོགས་དེར་ཕྱིན་ཏོ། མེ་ཏོག་སྣ་ཚོགས་ཚོམ་བུ་རབ་ཏུ་མཛེས། དཔྱིད་ཀྱི་དཔལ་གྱིས་ཆེད་དུ་བཤམས་པ་བཞིན། །ཀོ་ཀིལ་ཕོ་དང་རྨ་བྱ་སྒྲ་ཡང་འབྱིན། །མཚོ་གནས་བཟང་པོ་མེ་ཏོག་ཆུ་སྐྱེས་ལྡན། །ནེའུ་སིང་སྔོན་པོ་མཛེས་པའི་རྩྭ་འཇམ་ཡོད། །བུང་བ་མྱོས་པའི་སྒྲ་འབྱིན་ནགས་ཚལ་དག །འདོད་པའི་ལྷ་ཡི་རྩེད་མོའི་གནས་གྱུར་འདྲ། །ཡིད་ལ་ལྟ་བར་རབ་ཏུ་འདོད་པར་གྱུར། །དེ་ནས་རྒྱལ་པོ་དེ་དུལ་ཞིང་ཞེ་ས་བསྐྱེད་དེ། །བྱང་ཆུབ་སེམས་དཔའ་ལ་དགའ་བའི་གཏམ་བྱས་ནས། །དེ་དང་ཉེ་བའི་ཕྱོགས་ཅིག་ཏུ་འདུག་གོ །དེས་བུད་མེད་རབ་ཏུ་བྱུང་བ་མཐོང་ན་ཡིད་རབ་ཏུ་འཕྲོག་པར་འགྱུར་པ་དེ་མཐོང་ནས། དེའི་གཟུགས་བཟང་མོ་དེ་ལ་སྙིང་ཆགས་པར་གྱུར་ཏེ། འདི་ནི་འདིའི་ཆུང་མ་ཡིན་ཡང་དག་གོ་སྙམ་ནས། འདོད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་དེ་འཕྲོག་པའི་ཐབས་བསམས་སོ། །དཀའ་ཐུབ་ཅན་གྱི་དམོད་པ་མེ་འབར་བའི། །མཐུ་ནི་ཁྲོ་བོའི་མེ་འདྲ་དེས་ཤེས་ནས། ཡིད་ལ་འདོད་པས་བརྟན་པ་གཡེངས་གྱུར་ཀྱང་། །དེ་ལ་འཕྲལ་དུ་བརྙས་ཐབས་མ་བྱས་སོ། །དེས་བསམས་པ། །དེའི་དཀའ་ཐུབ་ཀྱི་མཐུ་ཤེས་པར་བྱས་ལ། ནུས་ན་ནི་དེ་བྱ་བར་རིགས་ཀྱིས་དེ་ལྟར་མ་ཡིན་ན་ནི་མི་རུང་ངོ་སྙམ་ནས། གལ་ཏེ་འདི་དེ་ལ་སེམས་ཆགས་པའི་དབང་དུ་གྱུར་ན་ནི། །དེ་ལ་དཀའ་ཐུབ་ཀྱི་མཐུ་མེད་གོར་མ་ཆག་གོ །དེ་སྟེ་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ནི་དེ་ལ་མི་ལྟ་བའི་རིགས་སོ། །དེ་བས་ན་དེའི་དཀའ་ཐུབ་ཀྱི་མཐུ་ཆེའམ་ཆུང་བ་བརྟག་གོ་སྙམ་ནས། རྒྱལ་པོ་དེས་དཀའ་ཐུབ་ཀྱི་མཐུ་བརྟག་པའི་ཕྱིར། བྱང་ཆུབ་སེམས་དཔའ་ལ་ཕན་པར་དགའ་བ་བཞིན་དུ་སྨྲས་པ། ཀྱེ་རབ་ཏུ་བྱུང་བ་ཁྱོད་འཇིག་རྟེན་འདི་ན་མི་གཡོན་ཅན་དང་ཐུབ་ཆོད་ཅན་རབ་ཏུ་མང་ན་ནགས་ཚལ་དབེན་པར་ར་མདའ་བཟློག་ཏུའང་མེད་པ་འདི་ལྟ་བུ་ན། ཆུང་མ་འདི་ལྟ་བུ་དང་ལྷན་ཅིག་འཁོད་དུ་རུང་ངམ། ཁྱོད་ཀྱི་ཆུང་མ་འདི་ལ་འགའ་ཞིག་གིས་གཙེས་ན་ནི་ང་ལའང་གཤེ་བར་འགྱུར་རོ་ལྟོས་ཤིག །དབེན་པ་འདི་ནི་དཀའ་ཐུབ་ཆུང་མ་ཁྱོད། །འགའ་ཞིག་ཆོས་དང་བཅས་ཏེ་བརྙས་བྱས་ནས། །ཆུང་མ་འདི་ནི་མངོན་སུམ་ཕྲོགས་གྱུར་ན། །མྱ་ངན་བྱེད་ལས་གཞན་ནི་ཅི་བྱར་ཡོད། །ཁྲོ་བ་བསྐྱེད་ནའང་ཡིད་ནི་འཁྲུག་འགྱུར་ཞིང་། །ཆོས་དང་འགལ་ལ་གྲགས་པའང་མེད་པར་འགྱུར། །དེ་བས་འདི་ནི་གྲོང་དུ་བཞག་པའི་རིགས། །དཀའ་ཐུབ་ཅན་ལ་བུད་མེད་བསྙེན་ཅི་དགོས། །བྱང་ཆུབ་སེམས་དཔས་སྨྲས་པ། །རྒྱལ་པོ་ཆེན་པོ་གསུང་བ་ཡང་མང་ན། །གལ་ཏེ་དེ་ལྟར་གྱུར་ན་བདག་གིས་ཇི་ལྟར་བགྱི་བ་གསན་དུ་གསོལ། །བརྒྱགས་པས་བསྙེམས་སམ་གལ་ཏེ་མ་བརྟགས་པར། །བདག་ལ་གནོད་པ་བྱེད་པ་འདིར་བྱུང་ན། །ས་རྡུལ་སྟུག་པོ་ཆེར་གྱིས་མནན་པ་བཞིན། །བདག་ཉིད་གསོན་བཞིན་དེ་ནི་ཡོང་མི་གཏོང་། །དེ་ནས་རྒྱལ་པོ་དེས་བསམས་པ། །འདི་ནི་ཆུང་མ་འདི་ལ་རབ་ཏུ་ཆགས་པས་དཀའ་ཐུབ་ཀྱི་མཐུའང་མེད་དོ་སྙམ་ནས། སེམས་དཔའ་ཆེན་པོ་དེ་ལ་བརྙས་པར་གྱུར་ཏེ། དེས་གནོད་པ་བྱས་སུའང་མི་དོགས་ལ། །འདོད་པའི་འདོད་ཆགས་ཀྱི་དབང་དུ་གྱུར་པས། བུད་མེད་དེ་མཐོང་བའི་མི་རྣམས་ལ་བསྒོ་བ། ཁྱེད་དེ་ལ་བུད་མེད་རབ་ཏུ་བྱུང་བ་དེ་ཕོ་བྲང་ནང་དུ་ཁྲིད་ཅིག་ཅེས་བསྒོའོ། །བུད་མེད་རབ་ཏུ་བྱུང་བ་དེས་དེ་སྐད་ཟེར་བ་ཐོས་ནས། ནགས་ཚལ་གྱི་དགོ་བ་མོ་གཅན་གཟན་མ་རུངས་པས་གཙེས་པ་བཞིན་དུ་འཇིགས་ཤིང་བག་ཚ་བས་ངོ་འཛུམ་ནི་འགྱུར། མིག་ནི་མཆི་མས་གང་སྐད་ནི་འཛེར་ཞིག་ཕོངས་ནས་སྨྲེ་སྔགས་འདི་སྐད་འདོན་ནོ། །འཇིག་རྟེན་ཕོངས་ཤིང་དགྲ་ཡིས་གཙེས་གྱུར་ན། །རྒྱལ་པོ་དག་ལ་ཕ་བཞིན་སྐྱབས་ཚོལ་ན། །དེ་ཉིད་གང་ལ་མི་རིགས་བྱེད་གྱུར་ན། །དེ་ཡིས་སུ་ལ་ཕན་སྐྱབས་བཙལ་བར་བྱ། །ཀྱེ་མའོ་འཇིག་རྟེན་སྐྱོང་བའང་ཚུལ་ལས་ཉམས། །གང་དག་ཕོངས་པ་ལེགས་པར་མི་སྐྱོང་བ། །འོན་ཏེ་མེད་དམ་ཤི་བར་གྱུར་ཏམ་ཅི། །ཆོས་ཀྱང་གྲགས་པ་ཙམ་དུ་ཟད་པ་ལྟ། །ཇོ་བོ་བཞུགས་ཤིང་ལྷ་ཡིས་ཅི་ཞིག་བྱ། གཞན་ཞིག་ཡིན་ནའང་རྗེས་སུ་བསྲུང་རིགས་ན། །སྡིག་ཅན་རྣམས་ཀྱིས་བདག་ནི་ཁྲིད་བཞིན་དུ། །བདག་ལ་སྐལ་བ་མེད་པས་ཅང་མི་གསུང་། །གང་གི་དམོད་པའི་སེར་བ་བབ་གྱུར་ན། །རི་ཡི་གཟུགས་ཀྱང་མི་སྣང་དྲལ་གྱུར་ན། །བདག་ནི་འདི་ལྟར་གྱུར་ཡང་དེ་མི་སྨྲ། །འོན་ཀྱང་བྱུར་ངན་མ་ནི་ད་ཅུང་གསོན། །བདག་ནི་འདི་ལྟར་རབ་ཏུ་ཕོངས་གྱུར་ཀྱང་། སྙིང་རྗེའི་སྣོད་དུ་མ་གྱུར་སྡིག་རེ་ཆེ། །ཕོངས་ལ་སྙིང་རྗེ་ཅན་གྱིས་བསྐྱབས་བྱ་བ། །འདི་ནི་དཀའ་ཐུབ་ཅན་གྱི་ཚུལ་མིན་ནམ། །བདག་ཉིད་སླད་དུ་བཟློག་ཀྱང་མ་ལོག་པ། །དེ་ཉིད་ད་རུང་ཐུགས་ལ་བཅངས་པ་འདྲ། །ཁྱོད་ནི་མི་དགྱེས་བཞིན་དུ་བདག་མཆིས་པ། །ཀྱེ་མའོ་བདག་དགར་བགྱིད་པ་ག་ལ་སྲིད། དེ་ལྟར་བུད་མེད་རབ་ཏུ་བྱུང་བ་དེ་སྙིང་རྗེ་རྗེ་སྐད་དུ་སྨྲ་ཞིང་སྨྲེ་སྔགས་འདོན་ལ་ངུ་བ་ཙམ་ལ་བརྟེན་པ་རྒྱལ་པོས་བསྒོ་བའི་མི་དེ་རྣམས་ཀྱིས་སེམས་དཔའ་ཆེན་པོ་དེས་མཐོང་བཞིན་དུ། ཤིང་རྟའི་སྟེང་དུ་བཞག་སྟེ་ཕོ་བྲང་གི་ནང་དུ་ཁྲིད་པར་གྱུར་ཏོ། །བྱང་ཆུབ་སེམས་དཔས་ཀྱང་སོ་སོར་བརྟགས་པའི་མཐུས། ཁྲོ་བོའི་སྟོབས་བཅིལ་ཏེ། དེ་བཞིན་དུ་སེམས་འཁྲུག་པ་མེད་ཅིང་རབ་ཏུ་ཞི་བས་ཕྱག་དར་ཁྲོད་ཀྱི་ཚེམ་བུ་འདྲུབ་ཅིང་འདུག་གོ །དེ་ནས་དེ་ལ་རྒྱལ་པོས་སྨྲས་པ། མི་བཟོད་ཁྲོས་པའི་དབང་དུ་གྱུར་པའི་ཚིག །ཁྱོད་ཀྱིས་བསྙེམས་ཤིང་གསང་སྟོད་སྨྲས་ཟིན་ན། །ཉོན་མོངས་མ་དེ་མཐོང་བཞིན་ཕྲོགས་གྱུར་ཀྱང་། །མཐུ་མེད་ཞུམ་ནས་རབ་ཏུ་ཞི་བར་འདུག །དེ་བས་རང་གི་མཐུ་རྩལ་བསྟན་པར་གྱིས། །དཀའ་ཐུབ་གནས་པའི་གཟི་བརྗིད་བསགས་པའང་སྟོན། །བདག་གི་ཚོད་ཀྱང་གཟུང་བ་མ་ཤེས་ནས། ཁས་ཆེས་དོན་མེད་ལྷགས་པ་མ་མཐོང་ངོ་། །བྱང་ཆུབ་སེམས་དཔས་སྨྲས་པ། །རྒྱལ་པོ་ཆེན་པོ་བདག་གི་ཡི་དམ་དུ་བཅས་པ་དེ་ནི་དོན་མ་མཆིས་པ་མ་ལགས་ཀྱིས་མཁྱེན་པར་མཛད་དུ་གསོལ། གང་ཞིག་བདག་ལ་གནོད་པ་བགྱིད་པ་དེ། །གཡོ་བཞིན་དུ་ཡང་བདག་གིས་ཡོངས་མ་བཏང་། །བདག་གིས་མངོན་སུམ་དུ་ཡང་ཞི་བར་བྱས། །དེ་བས་བདག་གིས་ཡི་དམ་བཅས་བཞིན་འགྱུར། །དེ་ནས་བྱང་ཆུབ་སེམས་དཔའི་ཚིག་རབ་ཏུ་བརྟན་པ་དང་། རབ་ཏུ་ཞི་བའི་ཚུལ་གྱིས་སྟོན་པ་དེས། དཀའ་ཐུབ་ཅན་གྱི་ཡོན་ཏན་ཡོད་པར་ཡིད་ཆེས་པར་གྱུར་ནས་བསམས་པ། བྲམ་ཟེ་འདིས་ནི་གཞན་ཞིག་ལ་བསམས་ནས་སྨྲས་པ་ལྟ་ཞིག་ན། བདག་གིས་དེ་མ་ཤེས་ནས་འདི་ལྟ་བུ་མི་བརྟན་པར་བྱས་སོ་སྙམ་སྟེ། རྟོག་པ་སྐྱེས་ནས། བྱང་ཆུབ་སེམས་དཔའ་ལ་སྨྲས་པ། རྣམ་པར་གཡོ་བཞིན་ཁྱོད་ཀྱིས་མ་བཏང་བ། །ཁྱོད་ལ་གནོད་བྱེད་དེ་ནི་སུ་ཞིག་ཡིན། །ཆར་པ་བབ་པས་རྡུལ་ཕྲན་བཀབ་པ་བཞིན། །ཁྱོད་ཀྱི་གང་ཞིག་རབ་ཏུ་ཞི་བར་བྱས། །བྱང་ཆུབ་སེམས་དཔས་སྨྲས་པ། རྒྱལ་པོ་ཆེན་པོ་གསན་དུ་གསོལ། སྐྱེ་ནའང་གང་ཞིག་མི་མངོན་ལ། །མ་སྐྱེས་ན་ནི་དགེ་བར་མངོན། །བདག་ལ་གནོད་པའི་ཁྲོ་བ་དེ། །བདག་གིས་ཤོར་བར་མ་གྱུར་ཏོ། །མི་ཕན་འདོད་པའི་མི་རྣམས་ནི། །གང་ཞིག་སྐྱེས་ན་དགའ་འགྱུར་བ། །དགྲ་རྣམས་དགའ་འགྱུར་ཁྲོ་བོ་དེ། །བདག་གིས་ཤོར་བར་མ་གྱུར་ཏོ། །གང་ཞིག་སྐྱེས་པར་གྱུར་ན་ནི། །དམ་པའི་དོན་ལ་སྤྱོད་མི་འགྱུར། །རྒྱལ་པོ་ལོང་བར་བྱེད་པ་ཡི། །ཁྲོ་བ་དེ་ལ་བདག་མི་གནས། །གང་གིས་ཟིལ་གནོན་དགེ་བ་གཏོང་བར་འགྱུར། དོན་རྣམས་གྲུབ་ཀྱང་ཉམས་པར་འགྱུར་བ་ཡི། །ཁྲོ་བ་མ་རུངས་གདོན་གྱིས་བསྒྱུར་འདྲ་བ། །ཚུལ་མིན་བྱེད་པའི་གདོན་གྱི་ཟིན་པར་འོང་། །རྩུབ་ཤིང་བརྩུབས་པ་ལས་ནི་མེ་བྱུང་ན། །དེ་ཉིད་རབ་ཏུ་ཚིག་པར་གྱུར་འདྲ་བ། ལོག་པར་རྟོགས་ལས་འབར་བར་གྱུར་པ་ཡི། །ཁྲོ་བའང་དེ་བཞིན་བདག་ཉིད་ཕུང་བར་བྱེད། །རབ་ཏུ་འབར་ཞིང་ཚིག་པའི་མེ་འདྲ་བ། །སྙིང་ལ་གདུང་བའི་ཁྲོ་བ་མ་བཅིལ་ན། །ཡང་བར་གྱུར་པས་དེ་ལ་གཏམ་ངན་འབྱུང་། ནང་པར་ནམ་ལངས་ཟླ་བའི་འོད་ཉམས་བཞིན། །གཞན་ལ་གནོད་པ་བྱ་བར་མི་སེམས་པར། །ཁྲོ་བ་ལ་ནི་དགྲ་བཞིན་གང་ལྟ་བ། །དེ་ཡི་གྲགས་པ་ངེས་པར་རྒྱས་པར་འགྱུར། །ཟླ་བ་ཡར་གྱི་འོང་ཟེར་གསལ་བ་བཞིན། ཁྲོ་བ་ལ་ཉེས་དམིགས་ཆེན་པོ་འདི་ལྟ་བུ་གཞན་དག་ཀྱང་ཡོད་དེ། ཁྲོ་བའི་མེ་ཡིས་བཞིན་མདོག་ཉམས་འགྱུར་ན། །རྒྱན་གྱི་བརྒྱན་ཡང་བཟང་པོར་ཡོང་མི་སྣང་། །མལ་སྟན་བཟང་པོ་དག་ལ་ཉལ་གྱུར་ཀྱང་། །ཁྲོ་བའི་ཟུག་རྔུས་སེམས་ནི་སྡུག་བསྔལ་འགྱུར། བདག་ལ་ཕན་པའི་དོན་བསྒྲུབ་བརྗེད་གྱུར་ཏེ། །ཁྲོ་བས་གདུངས་ནས་ལམ་ངན་འགྲོ་བར་བྱེད། །གྲགས་དང་དོན་བསྒྲུབ་པ་ལས་ཉམས་འགྱུར་ཏེ། །ཟླ་བ་མར་གྱི་ངོ་བཞིན་དཔལ་ལས་ཉམས། །མཛའ་བཤེས་དག་གིས་རབ་ཏུ་བཅུགས་གྱུར་ཀྱང་། །ཁྲོ་བས་མི་རིགས་གཡངས་སར་ལྟུང་བར་འགྱུར། །ཕན་དང་གནོད་པར་སེམས་ལས་བློ་ཉམས་ནས། །ཕལ་ཆེར་འགལ་ཞིང་སེམས་ནི་རྨོངས་པར་འགྱུར། ཁྲོ་བས་སྡིག་པའི་ལས་ནི་གོམས་བྱས་པས། །ངན་སོང་དག་ཏུ་ལོར་བརྒྱར་སྡུག་བསྔལ་མྱོང་། གནོད་པ་ཆེན་པོ་བྱས་པས་ཤར་གཉེར་བའི། །དགྲས་ཀྱང་དེ་ལས་ལྷག་པར་ཅི་བྱར་ཡོད། ཁྲོ་བ་འདི་ནི་ནང་གི་དགྲ། བདག་གིས་དེ་ལྟར་ཤེས་ནས་ནི། །དེ་ཡི་མཐུ་ནི་འཕྲོ་བ་དག །སྐྱེས་བུ་སུ་ཞིག་བཟོད་པར་བྱེད། །དེ་བས་བདག་ནི་གསོན་བཞིན་དུ། །ཁྲོ་བ་གཡོས་ཀྱང་མ་ཤོར་ཏོ། །ཕུང་བར་བྱེད་པའི་དགྲ་བོ་དེ། །སུ་ཞིག་ཡལ་བར་འདོར་བར་བྱེད། །དེ་ནས་དེའི་རབ་ཏུ་ཞི་བའི་ཡོན་ཏན་རྨད་དུ་བྱུང་བ་དང་། ཚིག་སྙིང་ལ་བབ་པ་དེས། རྒྱལ་པོ་དེ་ཡིད་རབ་ཏུ་མགུ་བར་གྱུར་ནས་སྨྲས་པ། ཁྱོད་ཀྱིས་སྨྲས་པའི་རིམ་འདི་དང་ཞི་བ་རྗེས་སུ་མཐུན་པ་འདི། །མང་དུ་སྨོས་ཀྱང་ཅི་དགོས་ཏེ། །ཁྱོད་དང་མ་ཕྲད་བརླག་པར་འགྱུར། །དེ་སྐད་ཅེས་བསྟོད་ནས། དྲུང་དུ་བསྙེན་ནས་དེའི་རྐང་པ་གཉིས་ལ་ཕྱག་འཚལ་ཏེ་སྡིགས་པ་བྱས་པའང་བཤགས་སོ། །བུད་མེད་རབ་ཏུ་བྱུང་བ་དེ་ལའང་བཟོད་པར་གསོལ་ནས་སླར་བཏང་ངོ་། །བདག་ཉིད་ཀྱང་བྱང་ཆུབ་སེམས་དཔའི་གཡོག་ཏུ་ཁས་བླངས་སོ། །དེ་ལྟ་བས་ན་ཁྲོ་བ་ཐུལ་བར་གྱུར་ན་དགྲ་ཞི་བར་འགྱུར་གྱིས་གཞན་དུ་བྱས་ན་དགྲ་འཕེལ་ལོ་དེ་བས་ན་ཁྲོ་བ་ཐུལ་བར་བྱ་བ་ལ་འབད་པར་བྱའོ། དེ་ལྟར་འཁོན་དུ་འཛིན་པ་མེད་ན། དགྲ་ཞི་བར་འགྱུར་ལ་དུལ་བར་བྱས་ན་དགྲ་མི་འཕེལ་ལོ། །དེ་བཞིན་དུ་མི་ཁྲོ་བ་ནི་གཉིས་ཀའི་དོན་སྤྱོད་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་བཟོད་པའི་ཕན་ཡོན་འབྱུང་བའི་མདོ་སྡེ་དག་ལའང་བརྗོད་པར་བྱའོ། །ཁྲོ་བའི་ཉེས་དམིགས་ཀྱི་གཏམ་བྱ་བ་དང་། དེ་བཞིན་གཤེགས་པའི་ཆེ་བ་ཉིད་ལའང་བརྗོད་པར་བྱའོ། །གཙུག་ཕུད་བྱང་ཆུབ་ཀྱི་སྐྱེས་པའི་རབས་ཏེ་ཉི་ཤུ་གཅིག་པའོ།། །།


previousགཙུག་ཕུད་བྱང་ཆུབ་ཀྱི་སྐྱེས་པའི་རབས་ཏེ་ཉི་ཤུ་གཅིག་པ།next